རྒྱ་གར་ཉེན་རྟོག་པས་སློབ་མར་དྲག་གནོན་ཚབས་ཆེན་བྱས་པར་ངོ་རྒོལ་བྱས།

རྒྱ་གར་དབུས་ཉེན་རྟོག་པ་དང་མི་སེར་ཐོབ་ཐང་ཁྲིམས་རྒོལ་ལས་འགུལ་བའི་བར་གདོང་ཐུག་བྱུང་སྟེ་མི་གྲངས་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

ཁ་སང་སྔ་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལྷོ་ཕྱོགས་སུ་ཡོད་པའི་ཇེ་མི་ཡ་གཙུག་ལག་སློབ་ཆེན་ (Jamia Millia Islamia University (JMI))གྱི་སློབ་མས་ཉེ་ཆར་རྒྱ་གར་གཞུང་གིས་གཏན་འབེབ་བྱས་པའི་མི་སེར་ཐོབ་ཐང་ཁྲིམས་ཡིག་སྐོར་མི་མང་ལ་གོ་རྟོགས་སྤེལ་ཆེད། གྲོས་ཚོགས་རྭ་བ་བར་དུ་གོམ་བགྲོད་བྱེད་སྐབས་མི་མང་པོས་མཉམ་ཞུགས་བྱས་པར་བརྟེན། ཉེན་རྟོག་པས་གོམ་བགྲོད་ལས་འགུལ་བཀག་བསྡོམས་བྱས་པ་མ་ཟད། ཇེ་མི་ཡ་སློབ་རྭའི་ཉེ་འཁོར་དུ་སློབ་ཕྲུག་ ༥ ཙམ་ལ་དབྱུག་པས་གཅར་རྡུང་བྱས་པ་དང་། དེའི་རྗེས་སློབ་རྭའི་དཔེ་མཛོད་དང་འཛིན་ཁང་དུ་འཛུལ་ཏེ་དགེ་སློབ་རྣམས་ལ་གང་བྱུང་དབྱུག་པས་གཅར་བརྡུང་བྱས་པ་སོགས་དྲག་གནོན་ཤུགས་ཆེར་བྱས་པར་བརྟེན། དེ་རིང་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནས་མཐོ་རིམ་སློབ་གཉེར་བ་མང་པོས་ཉེན་རྟོག་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག

གནད་དོན་དེའི་ཐད་སློབ་ཆེན་དེའི་སློབ་མས་འགྲེལ་བརྗོད་བྱས་པ་ལྟར་ན། ཉེན་རྟོག་པས་ཆོག་མཆན་མེད་པར་སློབ་རྭའི་ནང་འཛུལ་ཏེ་སློབ་མ་དང་ལས་བྱེད་པར་གཅར་རྡུང་བྱས་པ་དང་། སློབ་རྭའི་དཔེ་མཛོད་དང་ལྷ་ཁང་ནས་སློབ་མ་རྣམས་བཙན་གྱིས་ཕྱིར་ཕུད་དེ་བརྡུང་བརྡེག་བཏང་བ་དང་། སློབ་གཉེར་བའི་འཛིན་ཁང་དུ་ཁ་འདོན་བྱེད་སྐབས་ཉེན་རྟོག་པས་མིག་ཆུའི་དུག་རླངས་གཏོར་བ་ལས། དྲག་པོའི་བྱ་འགུལ་སྤེལ་མཁན་ནི་སློབ་མ་ཚོ་མིན་སྐོར་བརྗོད་ཡོད་ན་ཡང་། ཁུལ་དེའི་ཉེན་རྟོག་མགོ་བ་ཆིན་མོ་བྷི་སི་ཝལ་(Chinmoy Biswal)གྱིས་ཉེན་རྟོག་པའི་ཕྱོགས་ནས་ངོ་རྒོལ་བས་དྲག་སྤྱོད་ལས་འགུལ་འགོག་ཐབས་དང་ངོ་རྒོལ་བ་མི་གྲངས་ ༤༠༠༠ ཙམ་ཁ་འཐོར་དུ་གཏོང་ཐབས་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

དོན་རྐྱེན་དེ་དང་འབྲེལ་དེ་རིང་སྲིད་བློན་མུ་དྷི་མཆོག་གིས་སྤྱི་ཚོགས་དྲ་ལམ་ཊུ་ཝི་ཊར་ཐོག མི་སེར་ཐོབ་ཐང་ཁྲིམས་ཡིག་དང་འབྲེལ་ནས་དྲག་པོའི་ངོ་རྒོལ་ལས་འགུལ་དེ་སྟབས་མ་ལེགས་པ་ཞིག་དང་བློ་ཕམ་སྐྱེ་གཞི་ཞིག་རེད། ཅེས་དང་། ད་ལྟ་ང་ཚོས་རྒྱ་གར་འདི་ཡར་རྒྱས་དང་གོང་འཕེལ་གྱི་ཆེད་དུ་མཉམ་རུབ་བྱ་རྒྱུའི་དུས་ལ་བབ་ཡོད་པ་དང་། ང་ཚོས་སྐབས་འཚོལ་ཤོག་ཁག་རེ་ཟུང་གིས་ཁ་བྲལ་དང་དཀྲུག་རྐྱེན་བཟོ་འཇུག་རྒྱུ་མེད་སྐོར་དང་། སྨྲ་བརྗོད་ཀྱི་རང་དབང་ནི་དམངས་གཙོའི་ཆ་ཤས་གལ་འགངས་ཅན་ཞིག་ཡིན་ཡང་། སྤྱི་པའི་རྫས་ལ་གཏོར་བཤིག་དང་། རྒྱུན་ལྡན་གྱི་འཚོ་བར་གནོད་སྐྱོན་ཐེབས་པའི་ལས་རིགས་ནི་མི་འོས་པ་ཞིག་ཡིན་ཚུལ་བརྗོད་འདུག དེ་བཞིན་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་ཌི་ཀེ་ཇི་རི་ཝལ་ (Arvind Kejriwal) ལགས་ཀྱིས། ལྡི་ལིའི་ནང་ཁྲིམས་སྒྲིག་ཉམས་དམས་སུ་འགྲོ་བཞིན་པ་འདིར་ཧ་ཅང་བློ་འཚབ་སྐྱེས་བཞིན་ཡོད། ཁུལ་འདིར་ཞི་ལྷིང་བསྐྱར་གསོ་འཕྲལ་དུ་ཡོང་ཆེད་དབུས་ནང་སྲིད་བློན་ཆེན་ (Amit Shah) ལགས་དང་ཐུག་འཕྲད་བྱ་རྒྱུའི་དུས་བཅད་ཞུས་ཡོད། ཅེས་བརྗོད་འདུག

རྒྱ་གར་བང་ཆེན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཁ་སང་གི་ངོ་རྒོལ་ལས་འགུལ་ཁྲོད་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་བ་ ༡༠༠ ལྷག་འཛིན་བཟུང་བྱས་ཡོད་ཀྱང་། དེ་རིང་སྔ་དྲོ་ཚང་མ་ཀློད་གྲོལ་བྱས་ཡོད་པ་དང་། གཞན་ཡང་ལས་འགུལ་ཁྲོད་ངོ་རྒོལ་བ་དང་། ཉེན་རྟོག་པ། མེ་གསོད་མི་སྣ་བཅས་མི་གྲངས་བརྒྱ་ལྷག་ལ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ཉུང་མཐར་སྤྱི་སྤྱོད་རླངས་འཁོར་ ༦ དང་འཕྲུལ་རྟ་དང་རླངས་འཁོར་གཞན་ ༥༠ ལྷག་མེར་བསྲེག་བཏང་ཡོད་སྐོར་བརྗོད་འདུག  གཞན་ལྡི་ལིའི་ས་འབྲེལ་ཨུ་ཏར་པར་དྷེ་ཤི་ (Uttar Pradesh) མངའ་སྡེའི་ཨ་ལི་གྷར་ཁ་ཆེ་གཙུག་ལག་སློབ་ཆེན་ (Aligarh Muslim University)ནང་དུའང་སློབ་མ་ཚོས་མི་སེར་ཐོབ་ཐང་གི་ཁྲིམས་ཡིག་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་བའི་ཁྲོད། སློབ་མ་ ༢༡ འཛིན་བཟུང་དང་ ༥༠ ལྷག་ལ་རྨས་སྐྱོན་ཐེབས་ཏེ་རེ་འགའ་ཛ་དྲག་གི་གནས་སྟངས་འོག་ཡོད་འདུག་ལ། མཐོ་སློབ་དེའི་འཛིན་སྐྱོང་གིས་སློབ་རྒྱུགས་ཕྱིར་འགྱངས་ཀྱིས་དེ་རིང་ནས་བཟུང་སློབ་གྲྭ་སྒོ་བརྒྱབ་ཡོད་པ་དང་། དེ་རིང་སྔ་དྲོ་ནས་སློབ་མའི་འདུ་ཚོགས་ཆེ་ས་རྒྱལ་ས་ལྡི་ལི་དང་ཨུ་ཏར་པར་དྷེ་ཤི་མངའ་སྡེའི་གྲོང་ཁྱེར་ཁ་ཤས་ནང་ཁ་པར་གྱི་དྲ་རྒྱ་བཀག་ཡོད་པ་དང་། རྒྱ་གར་གཞུང་གིས་དེ་རིང་ཡང་ཉེན་རྟོག་པ་དང་སློབ་མའི་བར་གདོང་ཐུག་འབྱུང་སྲིད་པ་ཞིག་མཐོང་སྟེ། ཟིང་འཁྲུག་ཁྲོད་གཞི་རིམ་སློབ་མ་རྣམས་ལའང་གནོད་འཚེ་ཕོག་སྲིད་པར་དོགས་ནས་རྒྱལ་ས་ལྡི་ལི་ལྷ་ཕྱོགས་ཀྱི་སློབ་གྲྭ་མང་པོ་ཞིག་ཉིན་གཅིག་རིང་སྒོ་བརྒྱབ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

ད་ལྟའི་ཆར་ཉེན་རྟོག་པའི་དྲག་པོའི་བྱེད་ཐབས་ལ་བརྟེན། རྒྱ་གར་གྱི་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོ་དང་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོ་སོགས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་མའི་ཚོགས་པ་ཁག་གིས་ཉེན་རྟོག་པའི་བྱེད་ཐབས་ལ་སྐྱོན་བརྗོད་ཀྱིས་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། རེ་འགས་འཛིན་གྲྭ་དང་སློབ་རྒྱུགས་ནང་མ་ཞུགས་པར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད་འདུག དེ་བཞིན་སློབ་ཆེན་ཁག་གི་དགེ་རྒན་ཆེན་མོ་བས་ཉེན་རྟོག་པར་ཆོག་མཆན་མེད་པར་སློབ་རྭའི་ནང་འཛུལ་ཏེ་དྲག་གནོན་བྱས་པ་དེར་དབུས་གཞུང་ནས་རང་དབང་ལྡན་པའི་ཆེས་མཐོའི་རྟོག་ཞིབ་ཚོགས་ཆུང་གསར་འཛུགས་ཀྱིས་གནས་སྟངས་དེར་རྟོག་ཞིབ་དགོས་པའི་རེ་འདུན་བཏོན་པ་སོགས་བྱས་ཡོད་པ་དང་། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་སང་གི་གནད་དོན་དང་འབྲེལ་ནས་གཏུག་བཤེར་བྱེད་མཁན་ཁག་ཅིག་ལ་སང་ཉིན་ཉན་ཞིབ་བྱ་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་མི་སེར་ཐོབ་ཐང་གི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཐོབ་པ་ནས་བཟུང་། བྱང་ཤར་མངའ་སྡེ་ཁག་གི་ནང་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལ་(Bangladesh) ནས་ཡོང་བའི་སྐྱབས་བཅོལ་བ་འབོར་ཆེན་ཡོད་པ་རྣམས་ལ་མི་སེར་གྱི་ཐོབ་ཐང་སྤྲད་ཚེ། ཁུལ་དེའི་གདོད་མའི་མི་རིགས་རྣམས་གྲངས་ཉུང་དུ་འགྱུར་བའི་ཉེན་ཁ་ཡོད་པར་བློ་འཚབ་ཀྱིས་གཞུང་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་མུས་ཡིན་པར་བརྟེན། ད་ལྟ་ཨ་སམ་གཙོ་བོར་བྱས་པའི་བྱང་ཤར་མངའ་སྡེ་ཁུལ་དུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག རྒྱ་གར་གྱི་ཁ་གཏད་སྲིད་དོན་ཚོགས་པ་དང་གནད་དོན་དབྱེ་ཞིབ་པ། ཆབ་སྲིད་མི་སྣ་དང་མི་མང་པོས་ཁྲིམས་ཡིག་དེ་ནི་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་བའི་ཆོས་ལུགས་དང་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ཡིག་ཅིག་ཡིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། འདས་པའི་ཉིན་གྲངས་ ༨ ནང་ངོ་རྒོལ་བསྟུད་མར་བྱུང་བའི་ཁྲོད་མི་གྲངས་ ༦ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཟླ་འདིའི་མཇུག་ཏུ་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཊིའི་ (Guwahati) ནང་ཉི་ཧོང་གི་སྲིད་བློན་ (Shinzo Abe) མཆོག་ཕེབས་ཏེ། སྲིད་བློན་མུ་དྷི་མཆོག་དང་ཐུག་འཕྲད་བྱ་འཆར་ཡོད་པ་དེ་ཡང་ད་ལྟའི་ཆར་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་མ་ཟད། རྒྱ་གར་གྱི་སྦེང་གྷལ་ལྷོ་མ་ (West Bengal) དང་། པན་ཇཱབ་ (Punjab)། ཀེ་རེ་ལ་(Kerala)། མཱ་དྷི་ཡ་པར་དྷེ་ཤི་(Madhya Pradesh)། ཅཱ་ཏི་སི་གྷར་(Chhattisgarh) མངའ་སྡེ་བཅས་ཀྱི་སྤྱི་ཁྱབ་བློན་ཆེན་རྣམས་ཀྱིས་མི་སེར་ཐོབ་ཐང་ཁྲིམས་ཡིག་དེ་རང་རང་སོ་སོའི་མངའ་སྡེའི་ནང་ལག་བསྟར་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར། ལྡི་ལི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༦

Leave a Reply

2 thoughts on “རྒྱ་གར་ཉེན་རྟོག་པས་སློབ་མར་དྲག་གནོན་ཚབས་ཆེན་བྱས་པར་ངོ་རྒོལ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས

    ཨ་ཁ་ཆབ་སྲིད་ཟེར་བའི་ཐ་སྙད་འདིའི་འོག་ནས་ཞི་བའི་མི་མང་ལ་ནམ་ཡང་བདེ་བ་མེད་པ་དེ་གསལ་པོ་རེད། །གནས་ཡུལ་རྒྱལ་ཁབ་རྒྱ་གར་ཡིན་ནའང་རེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་ནའང་རེད་གང་ལྟར་སོ་སོའི་་མཁེ་ཕན་ཞིག་མེད་ན་ཁག་པོ་རེད་དོ་ད་གང་དྲག་དཀོན་མཆོག་མཁྱེན་འབྱོར་མེད་གྲལ་རིམ་ལ་མགོན་སྐྱབས་སུའི་གནང་གི་རེད་ཧཧཧ

  2. གཞུང་པ་ཚེ་དབང་བསོད་ནམས

    ཨ་ཁ་ང་ཚོའི་གནས་ཚང་རྒྱལ་ཁབ་ནང་བདེ་འཇགས་མེད་པ་འདི་གང་མགྱོགས་ཞི་བདེ་ལྷིང་འཇགས་སུ་རང་སར་གནས་ཐུབ་པའི་མཆོག་གསུམ་བདེན་པས་གྲོགས་འཕྲིན་མྱུར་དུ་མཛོད་ཅིག།