༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་སྐུའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་དང་འབྲེལ་བའི་བསམ་ཚུལ།

བསྟན་འཛིན་ཕུན་ཚོགས།

མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །

གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །

ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །

སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་ཉེ་བར་མཆི། །

རྒྱ་གཞུང་གི་ངན་བྱུས་དང་ཚོགས་ཆེན་གྱི་གྲོས་ཆོད།

སྤྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་བཀའ་རྩ་ཨང་ལྔ་པ་ཟེར་བ་གསལ་བསྒྲགས་བྱས་པ་ལ་བརྟེན་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༤ ཉིན་གང་ཉིད་ཀྱི་སྐུའི་ཡང་སྲིད་སྐོར་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཞིག་གནང་ཡོད་པ་དང་། གནད་དོན་དེ་གཉིས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༡༩ ཟླ་ ༡༠ པའི་ནང་༼ལྔ་དང་ལྔ་བཅུའི་ལས་འཆར་དང་། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ།༽ཞེས་པའི་བརྗོད་གཞིའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་བསྡུ་བསྐོང་གནང་བ་དང་། དེ་རྗེས་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་བཅས་ཀྱི་སྐབས་སོ་སོར་༧གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་ལ་གྲོས་བསྡུར་དང་འབྲེལ། ༧རྒྱལ་བའི་ཡང་སྲིད་མུ་མཐུད་ཕེབས་དགོས་པ་དང་། དེའི་ངོས་འཛིན་དང་ཐག་གཅོད་ཀྱི་འགན་དབང་ཆ་ཚང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཁོ་ན་ལ་མ་གཏོགས། རྒྱལ་ཁབ་དང་། གཞུང་། སྒྲིག་འཛུགས་སོགས་སུ་ལའང་མེད་པ་དང་། རྒྱ་ནག་གཞུང་གིས་དེའི་ཐོག་ཐེ་བྱུས་བྱེད་པ་ལ་ངོས་ལེན་རྩ་བ་ནས་མེད་པའི་གྲོས་ཆོད་གཏན་འབེབས་སྔོན་རྗེས་མང་པོ་གནང་ཡོད། ཡིན་ནའང་ངས་བསམ་ན་རྒྱ་ནག་གཞུང་གིས་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཐད་ཁོ་རང་ཚོའི་འདོད་པ་དང་འཆར་གཞི་གང་ཡོད་ལྟར་ལག་བསྟར་བྱ་རྒྱུ་ལས། བོད་མི་མང་གི་འདོད་པ་དང་མཐུན་མི་མཐུན་དང་ངོས་ལེན་ཡོད་མེད་ལ་རྩ་བ་ནས་མི་བལྟ་སྟེ། ༡༩༥༩ ལོར་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱང་བོད་ཆོལ་ཁ་གསུམ་གྱི་ས་ཆ་ཡོངས་རྫོགས་བཙན་པོ་དབང་ཡོད་ཀྱིས་བཟུང་སོང་བ་མ་གཏོགས་བོད་མི་མང་ལ་འདོད་པ་ཡོད་མེད་སོགས་ལ་བསྟུན་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། དེས་ན་རྒྱ་ནག་གཞུང་གི་ངན་བྱུས་དེར་གདོང་ལེན་བྱེད་ཐབས་ཡག་ཤོས་ནི་བོད་རྒྱ་ཆེའི་མི་མང་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་པ་གང་ཡིན་ངོས་གསལ་པོ་ཟིན་པའི་ཐོག་ནས་དེའི་ཐོག་ཤར་བསྐྱོད་བྱས་པ་ཡིན་ན་དེ་ལས་ལྷག་པ་མི་འདུག་སྙམ།

རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི།

༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་པ་དེ་གང་ཞིག་ཡིན་སྙམ་ན། གོང་སྨོས་ ༢༠༡༡ ལོར་སྩལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་དུ། ༼ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྗེ་དགེ་འདུན་གྲུབ་པའི་ཡང་སྲིད་དུ་ངེས་རྙེད་ངོས་འཛིན་བྱུང་སྟེ་དགའ་ལྡན་ཕོ་བྲང་གི་བླ་བྲང་ཚུགས་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྤྲུལ་ངོས་འཛིན་ཞུ་རྒྱུའི་སྲོལ་ཚུགས་ཏེ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མའི་མཚན་གནས་དང་། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་བ་སོགས་ད་ལྟའི་བར་ལོ་གྲངས་དྲུག་བརྒྱ་བརྒལ་བའི་རིང་རྒྱལ་དབང་སྐུ་ཕྲེང་ན་རིམ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ལམ་ནས་བྱུང་ཞིང་། ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ཏེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་མི་ལོ་ ༣༦༩ ཙམ་སོང་བ་དེ་ནས་འཛམ་གླིང་ཀུན་ལ་དར་ཁྱབ་འགྲོ་དང་འགྲོ་བཞིན་པའི་མང་གཙོའི་ལམ་ཆེན་ཐོག་དགའ་སྤོབས་ངང་ནས་བསྐྱོད་འདུན་གྱིས་མཇུག་བསྒྲིལ་བྱས་ཟིན།༽ ཞེས་གསུངས་ཡོད་པ་དང་།  ༧རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་ནས་བཞི་པ་ཡོན་ཏན་རྒྱ་མཚོའི་བར་རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ་དེའི་བླ་བྲང་ལ་དགའ་ལྡན་ཕོ་བྲང་ཞེས་ཞུ་བ་དང་། ༧རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་སུ་སོག་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་རྒྱལ་པོའི་སྲིད་གཞུང་ཕམ་ཉེས་བཏང་སྟེ་༧གོང་ས་མཆོག་ལ་ཕུལ་བ་ནས་བཟུང་ད་ལྟའི་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བར་མི་ལོ་ ༣༦༩ རིང་དགའ་ལྡན་ཕོ་བྲང་པས་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་དང་། དེས་རྗེས་༧གོང་ས་མཆོག་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དགོངས་པ་ཆེ་བཞེས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་ལམ་དུ་བསྒྱུར་རྒྱུའི་དགོངས་བཞེད་དང་ལམ་སྟོན་གནང་ཞིང་། སྤྱི་ལོ་ ༢༠༡༡ ལོར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་དབུ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་རྩིས་སྤྲོད་གནང་བ་ནས་བཟུང་། རྒྱལ་བ་རིན་པོ་ཆེས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བའི་ལམ་ལུགས་དང་ལོ་རྒྱུས་འདི་མཇུག་གཙང་མ་བསྒྲིལ་ཟིན་པ་ཡིན་ལ། དེ་ནི་དཔེར་ན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨོ་བྷ་མས་སྲིད་འཛིན་གྱི་ལོ་དུས་ཚང་རྗེས་དེའི་འགན་དབང་ཁྱེར་མི་དགོས་པ་ལྟར། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་དང་འདྲ་བར་ཆབ་སྲིད་ཀྱི་ཐུགས་འགན་དམིགས་བསལ་མེད་པའི་དགེ་ལུགས་པའི་བླ་མ་ཞིག་ཆགས་པ་ཡིན། གནད་དོན་འདི་མང་ཚོགས་རྣམས་ཀྱིས་གསལ་པོ་ཤེས་རྟོགས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག །དེ་ལྟར་མ་ཡིན་པར་༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་རང་འགུལ་གྱིས་རྩིས་སྤྲོད་གནང་ནས་ལོ་ངོ་བརྒྱད་ཙམ་སོང་ཟིན་ཅིང་། མང་གཙོའི་ལམ་ལ་ཤར་བསྐྱོད་དགོས་པའི་བཀའ་སློབ་ལམ་སྟོན་རྒྱུན་མ་ཆད་པར་གནང་ཡང་ད་དུང་གོ་རྟོགས་མེད་པར། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ནས་བྱོན་ཏེ་བོད་ཀྱི་དབུ་ཁྲིད་གནང་དགོས་པ་ལྟ་བུའི་བསམ་ཚུལ་འཛིན་པ་འདི་དག་ནི། ༧གོང་ས་མཆོག་གི་བཀའ་སློབ་དང་དགོངས་གཞི་ལ་བསམ་བློས་དཔྱད་པ་རྩ་བ་ནས་མ་བཏང་བར་གཞན་གྱི་ཟེར་རྗེས་སུ་འབྲང་བའམ་རང་དགར་སྨྲ་བའི་གཏམ་ཁོ་ན་སྟེ། སྤྱིར་བཏང་མང་ཚོགས་ཕལ་མོ་ཆེས་ནི་གནད་དོན་འདི་དག་མགོ་ཡང་མི་ཚོས་ལ། མགོ་ཚོས་མཁན་ཚོས་ནི་སྤྱི་ཚོགས་ཁྲོད་དུ་རང་ཉིད་ནག་པོ་ཆགས་དོགས་ཀྱིས་བཤད་མི་ཕོད། དེ་འདྲའི་ཡ་ལེ་ཡོལ་ལེའི་བར་དེ་ནས་རྒྱ་ནག་གཞུང་གིས་གོ་སྐབས་བཟུང་སྟེ་རྒྱལ་བའི་ཡང་སྲིད་ངོས་འཛིན་དང་བེད་སྤྱོད་ལོག་པར་གཏོང་ངེས་ཡིན་པས། ཚང་མས་སྙིང་སྟོབས་བསྐྱེད་དེ་དངོས་ཡོད་གནས་ཚུལ་ཐོག་ལ་སྐད་ཆ་བཤད་ན་ཕན་ཐོགས་ཆེ་བ་ཡོང་ངེས་ཡིན།

༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་དགོས་མིན་དང་ངོས་འཛིན་གནང་ཕྱོགས་སྐོར་ལ།

༧གོང་ས་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ནང་། ༼སྙིགས་མའི་རྒུད་ཚོགས་བདོ་བ་དང་མཉམ་དུ་ཡང་སྲིད་ངོས་འཛིན་བྱས་པའི་བླ་ཆེན་ཇེ་མང་དུ་གྱུར་ཐོག །འགའ་ཤས་སྲིད་དོན་དང་འབྲེལ་ཞིང་ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག༽ ཞེས་དང་། ༼ཡང་སྤྲུལ་ངོས་འཛིན་བྱས་པའི་བླ་སྤྲུལ་བསྟན་པའི་ཞབས་འདེགས་སྒྲུབ་མཁན་དང་། སྐབས་རེ་ཞབས་འདྲེན་ཞུ་མཁན་ཡང་ཡོང་བ་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་འདི་ཡིན།༽ ཞེས་གསུངས་པ་འདི་དག་གིས། དེང་སང་སྙིགས་མའི་དུས་འདིར་ཡང་སྲིད་དང་སྤྲུལ་སྐུའི་མིང་ཐོགས་པ་མང་པོ་ཞིག་གི་མཛད་སྤྱོད་ཡག་པོ་མེད་པའི་རྐྱེན་གྱིས་སྐུ་གོང་མ་ཚོའི་མཛད་རྗེས་དང་མཚན་སྙན། མང་ཚོགས་ཀྱི་ཡིད་ཆེས་བཅས་ལ་བརྡབ་གསིག་ཆེན་པོ་གཏོང་བ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་པའམ་ཞབས་འདྲེན་ཞུ་བའི་གནས་ཚུལ་གང་སར་འབྱུང་བཞིན་པ་ལ་བརྟེན་ནས། ༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་མུ་མཐུད་དེ་ངོས་འཛིན་ཞུ་དགོས་མིན་ཡང་ཐེ་ཚོམ་གྱི་གཞི་ཆེན་པོ་ཡིན་པར་བསྟན་ཅིང་། ༼གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང་། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་།༽ ཞེས་གསུངས་པ་འདིས་གལ་སྲིད་མང་ཚོགས་ཀྱི་འདོད་པ་དང་བསྟུན་ཏེ་རྒྱལ་བའི་ཡང་སྲིད་ཕེབས་པའི་དབང་དུ་བཏང་ཚེ། དེ་ངོས་འཛིན་བྱ་རྒྱུའི་འགན་ཆ་ཚང་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་བླ་བྲང་དགའ་ལྡན་ཕོ་བྲང་གིས་ཁྱེར་རྒྱུ་ཡིན་པ་ལས། དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་སུ་ལའང་དེའི་འགན་དབང་མེད་པ་གསལ་པོར་བསྟན་པའི་ཕྱིར། འབྱུང་འགྱུར་གྱི་རྒྱལ་བ་རིན་པོ་ཆེ་དང་བོད་མི་མང་གཉིས་ཀྱི་འབྲེལ་བ་དེ་མགོ་དང་སྐེའམ། ལུས་དང་གྲིབ་མ་བཞིན་འབྲལ་ཐབས་མེད་ཚུལ་བཤད་པ་འདི་དག་ལ་རྒྱུ་མཚན་དེ་ཙམ་ཡོད་པ་མ་མཐོང་ཞིང་། བོད་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་འདིའི་ཆབ་སྲིད་ཀྱི་དབུ་ཁྲིད་དཔལ་ལྡན་སྲིད་སྐྱོང་མཆོག་ཇི་ལྟར་འོས་འདེམས་བྱས་པ་གཞིར་བཟུང་། ཆོས་ལུགས་ཀྱི་དབུ་ཁྲིད་ཀྱང་ལོ་ལྔ་རེའི་མཚམས་ནས་མང་ཚོགས་ཀྱིས་འོས་བསྡུ་བྱས་ཏེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་རེས་མོས་ཀྱིས་བདམས་པ་ཡིན་ན། ད་གཟོད་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་བོད་མི་མང་འདི་མང་གཙོ་ཆ་ཚང་བའི་ལམ་ལ་སླེབས་པར་ངོས་འཛིན་བྱེད་ཆོག་པ་མ་ཟད། རྒྱ་ནག་གཞུང་གིས་༧རྒྱལ་བའི་ཡང་སྲིད་ངོས་འཛིན་དང་བེད་སྤྱོད་ལོག་པར་གཏོང་བའི་དཀའ་རྙོག་དེ་ཡང་རང་བཞིན་གྱིས་མེད་པ་ཆགས་རྒྱུ་ཡིན་ཏེ། ཆོས་དང་སྲིད་ཀྱི་དབུ་ཁྲིད་གཉིས་ཀ་ལོ་དུས་ཚང་རིམ་བཞིན་བརྗེ་འགྲོ་བ་མ་གཏོགས་གཏན་ཆགས་མ་ཡིན་པའི་ཕྱིར་རོ། །ཞེས་པ་འདིའང་བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་གཙང་མ་ལས་ཆད་ཅིང་རྩམ་པའི་ཟས་ལ་དགའ་ཡང་། བསམ་བློའི་ཁྱེར་སོ་ཅུང་ཟད་མི་འདྲ་བ་རྒྱུན་ལྡན་དུ་ཡོད་པའི་བསྟན་འཛིན་ཕུན་ཚོགས་མིང་ཅན་དེས་ཡུ་རོབ་རྒྱལ་ཁབ་ཀྱི་མཛེས་སྡུག་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ཐ་ར་སྒོ་ཐ་ནས་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ ལ་སྤེལ་བ་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་ལ་ཅུང་ཟད་ཕན་པའི་རྒྱུར་གྱུར་ཅིག། །།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༡༩/༡༢/༡༧

Leave a Reply

One thought on “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་སྐུའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་དང་འབྲེལ་བའི་བསམ་ཚུལ།

  1. ཚེ་བརྟན་འགྱུར་མེད

    ༑ སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ལཌ་ཀྱི་༸ རྒྱལ་བའི་ཡང་སྲིད་རིན་པོ་ཆེ་དང་འབྲེལ་བའི་བསམ་ཚུལ་ལ་ངོས་ཀྱིས་འདོད་མིན་གྱི་འདོད་ཚུལ་འགའ་ཞུ་རྒྱུ་ཡིན།

    ༡༽ རྒྱ་གཞུང་གི་ངན་བྱུས་དང་ཚོགས་ཆེན་གྱི་གྲོས ཆོད།
    ཅེས་ཐད། རྒྱ་དམར་ལ་༸ རྒྱལ་དབང་མཆོག་ཁོ་རང་ཚོའི་འདོད་དོན་བསྒྲུབ་རྒྱུར་མེད་དུ་མི་རུང་བའི་ནུས་ཆེན་ཞིག་ཡིན་པ་ངོས་ལེན་ལ་སོང་བཙན་བཅོལ་བོད་མི་དང་ལྷག་པར་དེའི་བདེན་བསྐྱོར་འཛམ་གླིང་མི་དམངས་ཀྱི་ཡང་སྲིད་ངེས་ཕེབས་དགོས་པའི་རེ་འདུན་ཤུག་ཕྲག་ཡོད་པར་ཡང་རྩི་འཇོག་ཞུ་རྒྱུ་དཀའ་གནས་ཡིན། རང་ཕྱོགས་ནས་ཡང་སྲིད་རིན་པོ་ངོས་འཛིན་མ་ཞུས་ན་རྒྱ་དམར་ལ་པག་ལ་དགོས་རྒྱུ་པག་ཁུ་ད་རའི་དཔེ་ལྟར་ཡོང་བྱ་བརྩོད་མེད་མ་ཟད་འཛམ་གླིང་ལ་བོད་པར་༸རྒྱལ་བའི་ཡང་སྲིད་དགོས་མིན་ལ་སོང་ང་ཚོས་ངོས་འཛིན་ཞུ་རྒྱུ་ཡིན་ཅེས་བློ་སྤོབ་ཆེན་པོས་ཡངས་བསྒྲགས་ཞུ་རྒྱུ་ཡིན་ནོ། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱང་དེ་ལྟར་ངོས་འཛིན་ཞུས་རེད། ཡིན་ཀྱང་ཡང་སྲིད་དེ་ཉིད་ལ་ཁོ་རང་ཚོས་བརྒྱ་ཆ་བརྒྱ་བློ་འགེལ་ཐུབ་ཀྱི་མིན་འདུག་པ་མཐོང་ཆོས་རེད་འདུག་ག། སྐབས་དེ་མཚམས་སུ་༸རྒྱལ་དབང་མཆོག་གིས་ངོས་འཛིན་ཞུས་པའི་ད་ལྟ་གར་བཞུགས་ཆ་རྟོགས་མེད་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཁོང་རྒྱ་མའི་ཁོ་རང་ཚོའི་ཁེ་ཕན་ཆེད་བེད་སྤྱོད་ཞུ་རྒྱུ་ངེས་དོན་ཆེ། དེ་གོང་རྒྱ་མི་ཁོ་རང་ཚོའི་ངོས་འཛིན་ཞུས་པའི་པཎ་རིན་པོ་ཆའི་ཡང་སྲིད་ཁོང་དངོས་སུའམ་མཚན་དོན་ནས་མེད་པ་བཟོ་ཡང་སྲིད་དོ།
    དེ་ན་༸རྒྱལ་བའི་ཡང་སྲིད་རིན་པོ་ཆེ་ངེས་ཕེབས་ཡོང་བའི་གྲོས་མཆོད་གསོལ་འདེབས་ཞུས་པ་ལེགས་རྒྱན་ལས་སྐྱོན་ཆ་ག་ནས་མངོན།

    ༢༽ རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི།
    ཅེས་ཐད། བོད་རྒྱལ་ཁབ་ཀྱི་མི་ལོ་ ༢༡༤༦ འགལ་བའི་རྒྱལ་རབས་ལོ་རྒྱུས་ནས་ལོ་ངོ་ ༣༦༩ ཡུན་ ༸རྒྱལ་དབང་གོང་རིམ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་འགན་བཞེས་གནང་མཛད་ཡོད། ཚང་མས་གཟིགས་ལམ་དུ་ཡོད་པ་ལྟར་ཕྱི་ལོ་ ༢༠༡༡ ལོ་ནས་སྲིད་ཀྱི་མཛད་འགན་དེ་དེང་ལམ་བཞིན་མི་དམངས་ཀྱི་འོས་བསྡུ་ཞུས་པའི་སྲིད་གཞུང་ལ་རྩིས་སྤྲོད་དམ་གཙང་གནང། དེ་ཡང་དགའ་ལྡན་ཕོ་བྲང་པའི་གཞུང་སྲོལ་ལ་བོད་མི་མང་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་བཞིན་དུ་ཉིད་ཀྱི་རླབས་ཆེན་དགོངས་གཞི་ལྟར་ཁེ་དབང་ཡོངས་རྫོགས་དྭང་བསླང་ཀྱིས་མི་དམངས་སུ་འབུལ་བ་དམིགས་འོས་སུ་སྦྱར་བ་ལགས་སོ།
    དགོངས་གཞི་གཞན་ཞིག་ནི་དེ་སྔའི་ལམ་ལུགས་ནང་༸རྒྱལ་བའི་ཡང་སྲིད་མ་བྱོན་བར་དང་དེ་བཞིན་སྐུ་ན་ཆུང་བའི་སྐབས་དུས་གཉིས་སུ་རྒྱལ་ཚབ་གཞུང་འཛིན་འགས་སྤྱི་སེམས་བོར་ནས་རང་དོན་ལ་བརྩོན་ནས་མི་དམངས་ལ་དཀའ་སྡུག་དང་ལྷག་དོན་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཕམ་ཉེས་སུ་བཏང་བའི་ངན་འབྲས་སླར་མི་འབྱུང་ཆེད་དམིགས་ཀར་དུ་བཞད་པས་རླབས་ཆེན་དགོངས་གཞི་ཞིག་ཀྱང་ཡིན།
    ཡང། ཆོས་ཀྱི་དབུ་འཁྲིད་དེ་༸གོང་ས་མཆོག་ནས་རྩིས་འབུལ་ཞུ་འདོད་ཆེ་ཡང་རང་རེའི་ནང་ཁོང་བཞིན་མཁྱེན་བརྩེ་ནུས་གསུམ་དང་དེ་བཞིན་རང་རེ་བོད་ཀྱི་ཆོས་ལུགས་ཡོངས་དང་ལྷག་དོན་རྒྱལ་སྤྱིའི་ཆོས་ལུགས་ཁག་གིས་གུས་བཀུར་ཐོབ་མཁན་ཁྱད་འཕགས་ཅན་ཁོང་ཉིད་ལས་གཞན་ཞིག་སུ་འདུག་གམ། ངས་གཞན་འཁོར་མི་ཐུབ། མེད་ན་ཆོས་ཀྱི་དབུ་ཁྲིད་དུ་འོས་པ་ཁོང་ཉིད་ཅིག་པོར་ཡིན་འདུག་གོ།
    གཞི་ནས་དབུ་ཁྲིད་ leader ཅེས་པའི་ཚིགས་སུ་གོ་རྒྱུ་མང་ལ་ཚིགས་བེད་སྦྱོར་ལས་གོ་བའང་དེ་མཚུངས་ལེན་རྒྱུ་ཡོད་གནས། དེ་ལྟར་ན་༸གོང་ན་མཆོག་ལ་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་ཞུས་པས་ཁོང་གིས་བོད་གཞུང་གི་འཛིན་སྐྱོང་འགན་བཞེས་དགོས་པ་ཕལ་ཆེར་མི་ཁྱབ། འགག་ཆ་ཆེ་ཡང་དགོས་པ་གཙོ་བའི་རྐྱེན་ལས་རང་རིགས་ཚོས་དཔེ་རུ་ལེན་དགོས་པའི་ཉི་འོང་རྒྱལ་པོ་དང་ཨིན་ཇི་རྒྱལ་མོ་སོགས་ཀྱི་ལམ་ལུགས་འགའ་ཡོད། བོད་པའི་སྲིད་ཀྱི་དབུ་ཁྲིད་ཆ་ནས་ཁོང་གི་སྲིད་དོན་གྱི་དགོངས་གཞི་དཔེ་ན། ལམ་དབུས་མ་། དེ་མིན་འཚེ་མེད་གཞི་བ། དེ་བཞིན་སྤྱི་སྙོམ་གྱི་དཔལ་འབྱོར་ལམ་ལུགས་སོགས་འཛམ་གླིང་སྤྱི་དང་སྐབས་བབས་སུ་བོད་ཀྱི་སྐྱེ་འགྲོ་ཀུན་ལ་སྨན་པའི་འདི་ཕྱིའི་ལམ་སྟོན་གནང་མཁན་དུ་བོད་མི་སྤྱི་ཡོངས་ནས་དད་མོས་ཡིད་གཏད་ཞུ་ཡུལ་ལ་སོང་སྲིད་ཀྱི་དབུ་ཁྲིད་ཀྱང་ཡིན།

    དེ་ན་ཡང་སྲིད་རིན་པོ་ཆེ་ཕེབས་ཐབས་སུ་དབུ་ནན་ཞུ་བའི་དགོས་དབང་ཡང་དེ་བཞིན་ནོ།

    ༣༽༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་དགོས་མིན་དང་ངོས་འཛིན་གནང་ཕྱོགས་སྐོར་ལ།
    ཅེས་ཐད། ༸རྒྱལ་པ་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེ་ངེས་པར་དུ་ཕེབས་དགོས་གལ་དང་དེ་ཆེད་བོད་ཆོས་སྲིད་གཉིས་ནས་སྙན་བཀུལ་གསོལ་འདེབས་གྲོས་མཆོད་དུ་ཕུལ་བའི་་རྒྱུ་མཚན་གང་མཚམས་ཤིག་གོང་དུ་ཞུས་ཡོད། ཕྱོགས་ལྷུང་ལས་ཡང་སྲིད་འདེམས་ནོར་གྱུར་བའམ་རྙོད་གླེང་དུ་གྱུར་བ། ཡང་ངོས་རང་ནས་བླ་མ་གང་ཞིག་གི་མཛད་པར་ཡིད་མི་བདེ་བས་དྲི་བརྩད་ཞུས་པའི་ལན་དུ། བླ་མ་ཉིད་ཡག་པོ་ཞེ་པོ་ཞིག་ཡོད་ཀྱང་ཕྱག་མཛོད་སོགས་ནས་ངས་བླ་མའི་ཞབས་འདེགས་འདི་ལྟར་ཞུས་ཀྱང་བླ་མའི་ང་ལ་གསན་ཕྱོགས་མིན་འདུག་ཅེས་ངུ་དགོས་བྱུང་ངུས་ནས་ཞུ་གི་ཡོད་སྟབས་བླ་མ་གསན་དགོས་ཆག་གི་ཡོད་པ་བཤད་ཉོང། འདི་ཁྱད་ཚར་མ་རེད་པས།
    དེ་བཞིན་དུ་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ལགས་ནས་སྲིད་སྐྱོང་གིས་སྲིད་ཀྱི་འགན་བཞེས་པ་ནང་བཞིན་ཆོས་ཕྱོགས་ཀྱི་དབུ་འཁྲིད་དེ་ད་ཡོད་ཆོས་ལུགས་ལྔའི་བླ་ཆེན་ཚོས་རེས་མོས་ཀྱིས་གནང་ཐབས་ཡོད་གནས་གསུངས། རེས་མོས་ཀྱི་ལམ་ལུགས་ཅན་གྱི་དབུ་ཁྲིད་ཞིག་ཕལ་ཆེར་ཨ་ཡོད། ཡོད་དབང་དུ་སོང་ཡང་བླ་ཆེན་ལ་ཕྱག་མཛོད་སོགས་སོ་སོའི་མི་ཆེན་མང་དག་ཅིག་ཡོད་སྟབས་གོང་དུ་དཔེ་ལ་ཞུས་ལྟར་ཡོང་རྒྱུ་ཆེར་ཉེ། བོད་སིལ་བུར་ཐོར་བ་ནས་ ༡༦༤༢་བར་དེ་ལོ་རྒྱུས་དཔེ་མཚོན་དང་དེ་བཞིན་ད་ཡོད་ཆོས་ཚོགས་སྤྱི་འཐུས་ཡོད་ཀྱང་སྤྱི་སྨན་གྱི་ནུས་ཕན་བྱུང་བ་ང་ལ་ཞུ་རྒྱུ་མེད་པ་མ་ཟད་མང་ཚོགས་ནང་ཆོས་འཐུས་དགོས་གནད་མེད་པའི་བསམ་ཚུལ་ཡོད་མཁན་མི་ཉུང་པ་ཡོད། གཞི་ནས་དབུ་ཁྲིད་དཔེན་ན་ མཧྟ་མ་གྷན་དྷི། ནལ་སེན་མནྜ་ལ་ལྟ་བུ་འཐད་རྩོད་རེར་རེར་ལས་བྱུང་ཨ་ཡོད། དེ་མིན་གྱི་སྐྱོན་ཆ་འདིར་འགོད་མི་དགོས་པ་ཞུ།
    གང་ལྟར་ཡང་སྲིད་ཕེབས་ཚུལ་ལ་ཞན་ཆ་ཡོད་པའང་དངོས་འབྲེལ་ཡིན་ལ་གཟིགས་པ་ལྔ་གཟིགས་པ་ཡང་བྱུང་ཡོད། དེ་བཞིན་༸གོང་ས་ཏྭ་ལའི་བླ་མའི་ཡང་སྲིད་བླ་མ་སྤྱི་དང་མི་འདྲ་བའི་ཕྲུལ་བྲལ་རྟག་མཚན་དང་བཅས་ཏེ་ཕེབས་པ་མ་ཚད་༸རྒྱལ་དབང་སྐུ་ཕྲེང་ ༡༣ བློ་བུར་ཞིང་དུ་ཕེབས་བཞེས་དང་ཡང་སྲིད་རིན་པོ་ཆེ་མདོ་སྨད་ཡུལ་དུ་ཕེབས་དོན་སོགས་མ་འོང་མངོན་གཟིགས་ལས་མ་བཅད་དམ། བོད་ཀྱི་ལོ་རྒྱུས་ནང་གཉན་ཕྲང་ཅན་གྱི་དུས་ཚོད་འདིར་ཡང་སྲིད་རིན་པོ་ཆེ་ཡང་ཕྲུལ་མེད་ཕེབས་རྒྱུའི་དགོངས་བཞེས་ལོས་ཀྱང་གནང་ལ་གནང་རྒྱུའི་མཐུ་ནུས་ཀྱང་མི་མངའ་འམ།

    མཐའ་དོན། ཡང་སྲིད་དགོས་དང་མི་དགོས་གཙོ་བོ་ཁོང་དང་ལུས་དང་གྲིབ་མ་བཞིན་གྱི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཡུལ་ཁ་བ་གངས་ཅན་པ་དང་། ཁོང་ཉིད་ལ་དད་ལྡན་ནང་པ་རྣམས་བཅས་པར་དགོས་མཁོ་ཡོད་མིན་ལས་རག་ལུས་པའི་བཀའ་མང་པོ་ཕེབས་ཡོད། དེར་བརྟེན་གྲོས་མཆོད་གསོལ་འདེབས་མང་པོ་འབུལ་ལམ་ཞུས་ཡོད་ལ་ད་དུང་དེ་ལས་མང་བ་འབུལ་ལམ་ཞུ་རྒྱུ་ཡིན་ངེས། དེ་ཡང་བོད་མི་ས་ཡ་དྲུག་གི་འདོད་དོན་ཙམ་མ་ཟད་འཛམ་གླིང་གི་སྐྱེ་འགྲོ་ཀུན་གྱི་བདེ་ཚོགས་སུ་སྨན་སླད་དུ་ཡིན། ཁོང་ནི་བོད་ལུགས་ནང་བསྟན་ཡོངས་། དེ་མིན་ནང་པའི་རྒྱལ་ཁབ་དང་ནང་ཆོས་སུ་དད་པའི་སྐྱེ་བོ། ནང་ཆོས་སུ་དད་མོས་མ་ཞུ་ཡང་ཁོང་གི་སྒོ་གསུམ་གྱི་མཛད་པར་ཡིད་སྨོན་ཅན་གྱི་ཆོས་ལུགས་གཞན་གྱི་དད་ལྡན་ཁག ཁོང་གི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་ལ་སྨོན་པའི་ཚན་རིག་པ་སོཌ་གྲཌ་ཅན་མི་སྣ་དང་ལོངས་སྤྱོད་རྒྱལ་ཁབ་འགའ་ལས་ཆེ་བའི་མི་སྣ་ཁག། གཞན་ཡང་རང་རང་སོ་སོའི་ཁམས་དང་མོས་པར་མཚམས་པའི་བླང་དོར་གྱི་རྨོངས་བསེལ་ལམ་སྟོན་སོགས་ལས་དད་མོས་ཞུ་མཁན་ས་སྟེང་འདིར་ཁྱབ་ནས་ཡོད། དེ་ན་ཁོང་ནི་མང་བཀུར་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་དེ་ཡང་ཡིན་ལགས།
    དེ་ལྟ་བུའི་མཚན་དཔེའི་རྒྱན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཡང་སྲིད་ཕྲུལ་བྲལ་ཕེབས་རྒྱུའི་རེ་སྨོན་གསོལ་འདེབས་ཞུ་རྒྱུ་བོད་འབངས་ཙམ་མ་ཟད་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མ་ཡིན་ནམ། རང་ངོས་ལ་མཚོན་ན་ཡང་སྲིད་རིན་པོ་ཆེ་ཉིད་མ་འདས་སྤྲུལ་སྐུའི་ཚུལ་དུ་རིང་མིན་ཕེབས་ལམ་བྱུང་ན་༸རྒྱལ་བ་གང་གི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་འཕྲིན་ལས་རྣམས་གསན་བསམ་དུ་བཞེས་རྒྱུ་མ་ཚད་དངོས་སུ་འཇལ་ནས་ཕྱག་རྒྱུན་དུ་འཁྱོངས་བས་༸རྒྱལ་བ་གངས་ཉིད་ཀྱི་ཐུགས་བཞེད་འགྲུབ་པའི་ལེགས་ཆ་དག་རྨོངས་ཞེན་དུ་སྨོན། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་དགུང་གྲངས་ ༡༡༣ བཞུགས་རྒྱུའི་སྐལ་བཟང་ཕེབས་པས་མ་འོང་སྤྲུལ་སྐུའི་བསམ་དོན་ཡང་སྨིན་རེ་ཆེར་མངོན་ལགས་སོ།།