སངས་རྒྱས་ཀྱི་བསྟན་པ་དེ་མི་རབས་གཅིག་གི་སྐད་ཆ་མིན་པར་ལོ་བརྒྱ་ཕྲག་སྡོད་ཐུབ་རྒྱུར་བསམ་བློ་གཏོང་དགོས།

འབྲས་སྤུངས་བློ་གསལ་གླིང་དུ་རྗེ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་དྲུག་བརྒྱ་དང་རྒྱལ་ཚབ་དར་མ་རིན་ཆེན་མཆོག་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་དྲུག་བརྒྱ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་ ༦༠ འཁོར་བར་རྗེས་དྲན་ཆེད་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་གནང་།

དེ་རིང་ཕྱི་ཚེས་ ༡༧ ཉིན་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་ངོ་ ༦༠༠ དང་།  འཇམ་མགོན་རྒྱལ་བའི་ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན་མཆོག་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་ ༦༠༠ འཁོར་བ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་ ༦༠ འཁོར་བར་རྗེས་དྲན་ཞུ་ཆེད་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་གནང་སོང་བ་དང་། བགྲོ་གླེང་དབུ་འཛུགས་ཐོག་དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་དབུས་པའི་བསྟན་བདག་བླ་སྤྲུལ་རྣམས་དང་།  མཁན་ལས་ཟུར། དགེ་བཤེས་ལྷ་ཚོགས། བགྲོ་གླེང་གི་སྔ་དྲོའི་གཙོ་སྐྱོང་བ་བློ་གླིང་གྲྭ་ཚང་གི་མཚན་ཐོ་གཉིས་པ་མཁས་དབང་ཡེ་ཤེས་ཐབས་མཁས་མཆོག་དང་། ཕྱི་དྲོའི་གཙོ་སྐྱོང་བ་གླིང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་པའི་གསུང་བཤད་པ་རྣམ་དང་། བློ་གསལ་གླིང་གི་འདུས་སྡེ་གཙོ་བོར་གྱུར་བའི་སྐྱབས་གནས་དགེ་འདུན་པའི་སྡེ་དང་། དད་ལྡན་དོན་གཉེར་ཅན་གྱི་ཕྱི་ནང་མི་མང་བཅས་སེར་སྐྱ་སྟོང་ཕྲག་འགའ་འཛོམས་འདུག

དེ་ཡང་བགྲོ་གླེང་གི་ཐོག་མར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས། རྒྱལ་སྤྱིའི་ཙོང་ཁ་པའི་ལོ་ཞེས་ལོ་འདིའི་ནང་འཇམ་དགོན་བླ་མ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་སྲུང་གཙི་སྣ་མང་ཞིག་ས་གནས་གང་སར་མ་བསྐུལ་དྭང་དུ་བླངས་ནས་གནང་མུས་ལྟར། འདི་ལོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་ ༦༠༠ འཁོར་བ་དང་། འཇམ་མགོན་རྒྱལ་བའི་ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན་མཆོག་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་ ༦༠༠ འཁོར་བ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་ངོ་དྲུག་ཅུ་འཁོར་བ་བཅས་དུས་ཚིགས་ཆེན་པོ་གསུམ་འཛོམས་ཀྱི་བཀའ་དྲིན་རྗེས་དྲན་ཆེད། བློ་གསལ་གྲྭ་ཚང་གིས་རྗེ་བླ་མའི་ལེགས་བཤད་ཆེན་པོ་ལྔའི་ནང་ཚན་གྲངས་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་རྒྱས་པ་ཞིག་དང་། ཕར་ཕྱིན་དོགས་དཔྱོད་ཉིན་གཉིས། དབུ་མ་དོགས་དཔྱོད་ཉིན་གཉིས། མཛོད་དོགས་དཔྱོད་ཉིན་གཉིས། འདུལ་བ་དོགས་དཔྱོད་ཉིན་གཉིས། གསང་སྔགས་ཀྱི་བགྲོ་གླེང་གཅིག་དང་། གསང་སྔགས་ཀྱི་དོགས་དཔྱོད་ཉིན་གཅིག རྣམ་འགྲེལ་གྱི་དོགས་དཔྱོད་ཉིན་གཉིས། ཕར་ཕྱིན་མཚན་ཕུད་དམ་བཅའ་གཅིག་དང་། དབུ་མ་མཚན་ཕུད་དམ་བཅའ་གཅིག་བཅས་རིམ་པར་ཚོགས་ཡོད་པ་དང་། མི་རིང་བར་རྣམ་འགྲེལ་མཚན་ཕུད་དམ་བཅའ་ཡང་འཚོག་འཆར་ཡོད་པ་དང་། དུས་རྒྱུན་༧གོང་ས་མཆོག་ནས་གདན་ས་ཁག་གིས་རྒྱ་གར་པཎ་གྲུབ་ཀྱི་གཞུང་ལ་གཟིག་གལ་ཆེ་སྐོར་བཀའ་སློབ་ཕེབས་པ་ལྟར། བློ་གླིང་གྲྭ་ཚང་ནས་སྔ་གཞུག་ཏུ་རྒྱུ་བླ་མ་དང་། མདོ་སྡེ་རྒྱལ་གྱི་དམིགས་བསལ་བགྲོ་གླེང་ཆེན་པོ་གཉིས་ཚོགས་ཡོད་པ་དང་། ད་ཐེངས་སློབ་གཉེར་རང་གི་ཁོངས་ནས་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་འདི་ཉིད་ཚོགས་ཡོད་སྐོར་གསུངས་སོང་།

དེའི་རྗེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ཀྱི་གཙོ་སྐྱོང་འོག གྲྭ་ཚང་དེའི་དགེ་བཤེས་བཞི་ཡིས་དབུ་མ་བཞི་བརྒྱ་པའི་སྐོར་ཆེད་འདོན་གཏམ་བཤད་དང་འབྲེལ། དྲི་བ་དྲིས་ལན་བརྒྱུད་བགྲོ་གླེང་དངོས་གཞི་ཚོགས་སོང་བ་དང་། དངོས་གཞིའི་བགྲོ་གླེང་གྲུབ་མཚམས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོའི་དམིགས་ཡུལ་དེ་དཔེ་ཆ་བལྟས། དགེ་བཤེས་བཞག དེ་ནས་དགེ་བཤེས་བཞག་ཚར་ནས་ཨ་མེ་རི་ཁར་འགྲོ་རྒྱུའི་བཟོ་འདྲ་བོ་མ་རེད། དེར་བརྟེན་ང་ཚོས་དཔེ་ཆ་བལྟ་རྒྱུའི་དགོས་དོན་དེ་སོ་སོ་སྐྱེ་བོ་ཐ་མལ་བའི་བློ་འདི་རིམ་པས་བློ་སྦྱངས་ནས། ཚོགས་ལམ། འབྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཞེས་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཟེར་བ་དེ་ལྟར། ང་ཚོས་མི་ཚེ་འདི་འདྲ་བྱས་ནས་སྐྱེལ་དགོས་ཀྱི་ཡོད། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་མ་བྱུང་ན་ཡང་། གང་ལྟར་ཚེ་འདིར་སྔོན་ལ་རྣམ་མཁྱེན་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ། གཞན་དོན་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པའི་ཐོག་ནས་ཚོགས་ལམ་སྐྱེས། དེ་ནས་མུ་མཐུད་ནས་སྟོང་ཉིད་ཀྱི་ལྟ་བ་ལ་སྦྱངས་ནས་སྟོང་ཉིད་ལ་སྒོམ་བྱུང་གི་བློ་སྐྱེ་ཡོང་དུས་འབྱོར་ལམ་ཐོབ། དེ་ནས་མུ་མཐུད་སྒོམ་ནས་མཐོང་ལམ་ཐོབ་རྒྱུ། ད་ང་ཚོས་ཚེ་འདི་ལ། ངས་རེ་བ་འདི་རྒྱག་གི་ཡོད་པ་རེད། ཞི་གནས་སྒོམ་རྒྱུའི་དུས་ཚོད་ཅིག་མི་འདུག་མ་གཏོགས། གཞན་ཚེ་འདིར་འབྱོར་ལམ་ཐོབ་མི་ཡོང་ངམ་བསམ་པའི་རེ་བ་རྒྱག་གི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་མུ་མཐུད། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྩ་བ་རིགས་ཚོགས་དྲུག གཙོ་བོ་དེ་རྩ་བ་ཤེས་རབ་དེ་ཧ་ལས་པ་རེད། དེའི་བཞེད་དགོངས་ཀྱི་ཚུལ་དུ་དབུ་མ་བཞི་བརྒྱ་པ་དེ་ཐོག་མར་མི་རྟག་པ་སྒོམ་རྒྱུ་ནས་བཟུང་སྟེ། བྱང་ཆུབ་སེམས་པའི་བསླབ་བྱ་དེ་ཚོའི་གྲལ་དེ་རྩ་བ་ཤེས་རབ་ཀྱི་བཞེད་དགོངས་ཀྱི་ཚུལ་དུ་ཡིན་པས་ཞེ་པོ་ཞིག་གལ་ཆེན་པོ་རེད། དེ་ནས་སློབ་དཔོན་ལེགས་ལྡན་དང་སློབ་དཔོན་སངས་རྒྱས་སྐྱངས་དེ་དག་ཞེ་པོ་ཞིག་རེད། ངས་ནམ་རྒྱུན་རྟག་པར་བཤད་རྒྱུ་དེ་རེད། སངས་རྒྱས་སྐྱངས་ཀྱི་ངོ་བོ་ཉིད་ཀྱིས་བསྒྲུབ་ན་བརྟེན་ནས་བཏགས་པས་ཅི་བྱ་ཞེས་པའི་ཚིག་ཕྲན་བུ་འདིས་ཞེ་པོ་སྡོམ་བརྒྱབ་ཡོང་གི་འདུག་ཨཱ། དེ་ནས་སློབ་དཔོན་ལེགས་ལྡན་ལ་སོགས་པ་དེ་དག་གིས་ཐ་སྙད་དུ་རང་མཚན་ཡོད་མེད་ཀྱི་ཐོག་ལ་ད་དུང་དཔྱད་པ་གནང་ནས་གཞུག་ཏུ་སྡོམ་ལྟ་བུ་གཅིག་དེ། གང་ལྟར་ཟླ་བ་གྲགས་པས་བསྐྱོན་ཏེ། རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ། དེ་ནས་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་སོགས་གཞུང་དེ་དག་ང་ཚོས་རྒྱུན་དུ་བལྟ་དགོས་པ་ཞིག་རེད་འདུག དེ་འདྲ་བྱས་ནས་ཐོག་མ་མེད་པ་ནས་དུས་ད་ལྟ་བར་དུ་གོམས་བསྡད་པའི་བདག་འཛིན། དཔེར་ན་བདག་འཛིན་ཁོ་རང་གི་བསམ་བློའི་ནང་ལ་གང་འདྲ་བྱ་འོང་ཟེར་བ་ལྟ་བུའི་བཟོད་མི་བདེ་བ་ཡོང་རྒྱུ་དེ་ཏན་ཏན་རེད། རྩ་འཇུག་བཞི་གསུམ་འདྲེས་ནས་ཡག་པོ་བསམ་བློ་བཏང་བ་ཡིན་ན། སྣང་ཡང་མི་བདེན་པ་ཟེར་རྒྱུ་དེ་ཕལ་ཆེར་ངེས་པ་སྐྱེ་ཐུབ་རྒྱུ་ཞིག་དང་། སྣང་བ་སྣ་ཚོགས་ཚོགས་དྲུག་གི་བཞི་མདོ་ན། །གཞི་རྩ་བྲལ་བའི་གཉིས་ཆོས་ཀྱི་ཟ་ཟི་མཐོང་། །བསླུ་བྲིད་སྒྱུ་མའི་ལྟད་མོ་ཞིག་དེ་ན་གདའ། །བདེན་ནོ་མ་སྙམ་སྟོང་ཉིད་ཀྱི་ངོ་བོར་ལྟོས། །ཞེས་གསུངས་པ་དེ་དག་གི་ཐོག་ནས། གང་ལྟར་གོམས་ན་སླ་བ་མ་ཡིན་པའི་དངོས་དེ་གང་ཡང་ཡོད་མ་ཡིན་ཞེས་གསུངས་པ་ལྟར་གོམས་ན་ག་ལེ་ག་ལེར་བློ་ལ་འགྱུར་བ་ཐེབས་རྒྱུ་ཞིག་ཏན་ཏན་ཡོད་པ་ཞིག་རེད། དེ་ནས་བློ་ལ་འགྱུར་བ་ཐེབས་རྒྱུ་དེ་ཡང་བློ་ཁོ་རང་མི་ལ་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཅིག་ཡོད་སོང་དུས། གང་ལ་རྒྱུ་མཚན་དང་ལྡན་པའི་བློ་དེ་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་བསྡད་རྒྱུ་དང་། བདེན་འཛིན་ལྟ་བུ་རྒྱུ་མཚན་མེད་པའི་བློ་དེ་གཞི་རྩ་བརྟན་པོ་ཁྱོན་ནས་མེད་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད།  དེ་འདྲ་ཡིན་དུས་འགོག་བདེན་ཟེར་བ་ཞིག་བློ་ལ་ཡོང་ཆོག་ན་བསམ་པ་ཞིག་དྲན་པ་དང་། མཐར་ཐུག་ངོ་བོ་ཉིད་སྐུ་ཟེར་རྒྱུ་ཞིག་དངོས་གནས་བྲལ་བའི་ཡོན་ཏན་དེ་འདྲ་ཡོད་ཆོག་ན་བསམ་པ་བློ་ལ་འཆར་རྒྱུ་ཡོད་པས། གང་ལྟར་ཐོས་དོན་སྒྲུབ་ལ་ཤར་གྱི་ཡོད་རེད།  ཅེས་གསུངས་སོང་།

མཇུག་ཏུ་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་པར་མི་རབས་ཤིག་དང་མི་ཚེ་གཅིག་གི་སྐད་ཆ་མིན་པར་མི་རབས་ནས་མི་རབས་བར་རྒྱུད་མཐུད་ནས་འགྲོ་དགོས་པའི་སྐོར་ལ། སངས་རྒྱས་ཀྱི་བསྟན་པ་ཟེར་རྒྱུ་དེ་མི་རབས་གཅིག་གི་སྐད་ཆ་མ་རེད། མི་རབས་ནས་མི་རབས། འབྱུང་འགྱུར་ལོ་བརྒྱ་ཕྲག་བརྒྱ་ཕྲག་སྡོད་ཐུབ་རྒྱུ་ཞིག་བསམ་བློ་གཏོང་དགོས་པ་རེད། དེར་བརྟེན་བསྟན་འཛིན་གྱི་སྐྱེས་བུ་ཞེས་མིང་ཐོབ་བསྡད་པ་དེ་ང་ཚོ་མི་ཚེ་གཅིག་གི་ལྟོ་གོས་ཀྱི་སྐད་ཆ་མ་ཡིན་པར། ང་ཚོའི་མི་རབས་རྒྱུན་མཐུད་ནས་དེ་འདྲ་འགྲོ་ཐུབ་རྒྱུ་ཞིག་རེད། ཅེས་དང་། འཛམ་གླིང་འདིའི་སྒང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་གི་ཆོས་ནང་པ་ཡིན་ན་མིན་ན། གང་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་ནས། གང་ལྟར་བདེ་སྐྱིད་ཟེར་བ་དེ་ནང་ནས་འཚོལ་དགོས་པ་ཞིག་ཡིན་པའི་སྐོར་ང་ཚོས་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། དེ་དཔེ་གལ་ཆེན་པོ་འདུག ཅེས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། རྩོམ་སྒྲིག་པ་པདྨ་འཚོས་ས་གནས་ནས་མཁོ་གཏོང་བྱས།

བསྐྱར་བཅོས།: ༢༠༡༩/༡༢/༡༧

Leave a Reply