བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གྲུབ་ཆ་དང་སྲུང་སྐྱོབ།  

ལ་མོ་ཚུལ་ཁྲིམས།

༤) རྒྱ་གར་དུ་སྡོད་པའི་གཞི་ཆགས་གཞན་ཁག་གི་ཐོབ་དབང་།

ཕར་སི་མི་རིགས་དང་ཆག་མ་མི་རིགས་གཉིས་ནི་རྒྱ་གར་གཞི་ཆགས་སུ་ཡོང་ནས་ལོ་ངོ་བརྒྱ་ཙམ་འགྲོ་བཞིན་ཡོད་པའི་མི་རིགས་གཉིས་ཡིན། མི་རིགས་འདི་གཉིས་ལ་རྒྱ་གར་ནང་སོ་སོར་རང་སྐྱོང་བྱེད་པའི་ཐོབ་དབང་དང་ཁྲིམས་སྲུང་གི་འགན་ལེན་ངེས་ཅན་ཞིག་ཡོད།

ཀ ཕར་སི་མི་རིགས་ནི་རྒྱ་གར་ལྷོ་ཕྱོགས་འབོམ་སྦེ་དང་མ་རྡི་ར་སི་རྒྱུད་མི་འབོར་ཁྲི་བདུན་ལས་མེད་མོད། ཁོང་ཚོ་ལ་རང་རྐྱ་འཕེལ་བའི་ཁྲིམས་འཛིན་བརྟན་པོ་ཞིག་ཡོད། ཕར་སི་ཡི་ཁྲིམས་ཁང་ནང(Parsi Matrimonial Court) ཕར་སི་མི་རིགས་ཀྱི་དམངས་དོན་གཏུག་བཤེར་དང་། ལྷག་པར་དུ་ཕར་སི་མི་རིགས་བར་གྱི་་གཉེན་སྒྲིག་དང་བཟའ་ཚང་གི་གྱོད་དོན་ཚང་མ་ཁྲིམས་ཁང་འདི་ནས་ཐག་གཅོད་ཅིང་། ཁོང་ཚོའི་བཅད་ཁྲ་ལ་རྒྱ་གར་སྲིད་གཞུང་ནས་བསྐྱར་ཞིབ་དང་ཐེ་ཇུས་མི་བྱེད་པ་ཡིན།

ཁ དེ་བཞིན་ཏུ་རྒྱ་གར་ཤར་ཕྱོགས་མངའ་སྡེ་རུ་ཁ་ཤས་སུ་ཡོད་པའི་ཆག་མ་མི་རིགས་(Chakma)ལ་མཚོན་ན་ཚོ་ཁག་གི་རང་སྐྱོང་ས་ཁུལ་ཡོད། ཆག་མ་མི་རིགས་ལ་མི་འབོར་ཁྲི་བརྒྱད་ལས་མེད་མོད། སྤྱི་ལོ་ ༢༠༡༥ ལོ་ནས་བཟུང་ཁོང་ཚོ་རྒྱ་གར་མི་སེར་གྱི་ཁོངས་ལ་ཞུགས་ཆོག་པ་དང་རང་གི་ཚོ་ཁག་གི་ཐོབ་དབང་ཡང་ལེན་ཆོག་པ་ཡིན།

མི་རིགས་འདི་གཉིས་ལ་མཚོན་ན་རྒྱ་གར་ནང་མི་རིགས་རང་སྐྱོང་བྱེད་བཞིན་པའི་མི་རིགས་གཉིས་ཡིན་ལ། བོད་པ་ཚོའི་གནས་སྟངས་ལ་མཚོན་ནའང་མི་རིགས་འདི་གཉིས་དང་ཅུང་འདྲ་ས་ཡོད་ནའང་། ང་ཚོ་ལ་ཁྲིམས་ཐོག་ཏུ་ཁོང་ཚོ་ནང་བཞིན་གྱི་ཁྲིམས་ཡིག་གསལ་བོ་ཡོད་པ་མ་རེད།

༥) བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས།

སྤྱིར་རྒྱ་གར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་གྲོས་མཐུན (UNHCR)ལ་མིང་རྟགས་བཀོད་ཡོད་པའི་རྒྱལ་ཁབ་ཞིག་མིན་ནའང་། རྒྱ་གར་གཞུང་གིས་བོད་པ་རྣམས་ལ་རྒྱལ་ཚོགས་ནང་མིང་རྟགས་འཁོད་ཟིན་པའི་རྒྱལ་ཁབ་ལས་ཀྱང་ལྷག་པའི་རོགས་སྐྱོར་གནང་བཞིན་ཡོད་པ་གསལ་བོ་རེད། རྒྱ་གར་གཞུང་གིས་བོད་པ་རྣམས་ལ་ས་ཞིང་ཨེ་ཀར་སྟོང་ཕྲག་མང་པོ་བོགས་མ་བཏང་བ་དང་། སློབ་གྲྭ་དང་དགོན་སྡེ་ཁག་གསར་འཛུགས་བྱས་ནས་བོད་པ་ཚོའི་འཚོ་གནས་ཀྱི་ཐད་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། ངོས་སྦྱོར་ལག་འཁྱེར (RC) ལག་བསྟར་བྱས་ཏེ། བོད་པ་རྣམས་རྒྱ་གར་དང་འཛམ་གླིང་ཕྱི་ལ་འགྲོ་འོང་ཆོག་པའི་མཐུན་རྐྱེན་ཡང་སྐྲུན་ཡོད།

ལོ་ངོ་དྲུག་ཅུ་ཡི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དུ་སྲིད་དབང་རང་སྐྱོང་གི་ངོ་བོའི་ཐོག་ནས། རང་གི་སྤྱི་ཚོགས་རང་གིས་འཛིན་སྐྱོང་དང་། རང་གི་མི་རིགས་རང་གིས་བདག་བཟུང་བྱས་པའི་རྒྱུད་རིམ་ཁྲོད། རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལ་འཕྱར་བ་གྲི་འདེགས་ཀྱིས་རམ་འདེགས་ལས། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལ་ཐེ་ཇུས་བྱས་པའི་ལོ་རྒྱུས་མེད་པས། བོད་པའི་སྤྱི་ཚོགས་ནི་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྐྱོང་ཆ་ཚང་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་ཞེས་བཤད་ན་མི་ཆོག་པ་མེད།

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ་དང་ཁྱབ་ཁོངས།

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་ལས། བོད་འབངས་ཡོད་དོ་ཅོག་གི་ཁྲིམས་འཛིན་གོང་ན་མེད་པ་དེ་དང་། ཁྲིམས་ལུགས་དབང་འཛིན་བྱེད་པོ་ཁོ་ན་དེ་ཡིན་པ་རེད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཙིགས་སུ་བཟུང་ཏེ། བཅའ་ཁྲིམས་ཀྱི་ཚིག་དོན་ལ་འགྲེལ་བརྗོད་དང་། དེ་ལ་སྟངས་འཛིན་བྱེད་བཞིན་ཡོད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ལ་ས་གནས་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་སུ་དབྱེ་ཡོད། ཁྲིམས་ཞིབ་ཁང་འདི་གསུམ་གྱིས་སོ་སོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དེ་ཉིད་གཞི་ལ་བཞག་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་གི་ལས་བྱེད་དང་། གཞིས་ཆགས་སོ་སོའི་བོད་འབངས་ཡོངས་ཀྱི་སྤྱི་སྒེར་གཉིས་ཀྱི་ཁྲིམས་རྩོད་ལས་འགན་ཕྲག་ཏུ་འཁུར་ཏེ། བཙན་བྱོལ་བོད་པའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལ་མཚོན་ན་ ༡༩༩༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བ་དང་། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་བ་ལ ༧གོང་ས་སྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་བསྐོ་གཞག་མཛད་པའི་ལོ་རྒྱུས་ཡོད།  ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཁྲིམས་ཞིབ་པ་དང་། སྤྱི་འཐུས་ཚོགས་གཙོ། སྲིད་སྐྱོང་བཅས་ཀྱིས་འོས་འཛུགས་གནང་བ་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་མང་མོས་འོས་བསྡུ་ཐོབ་པ་དེར་ཁྲིམས་ཞིབ་པར་བསྐོ་འཛུགས་བྱེད་རྒྱུའི་གཏན་འབེབ་གནང་ཞིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཞིག་ལ་མཚོན་ན་བོད་ཀྱི་ཡུལ་མི་ཡིན་དགོས་པ་མ་ཟད། རང་ལོ་ལྔ་བཅུ་ཧྲིལ་བོ་ལོན་པ་དང་། ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་ལ་ཁྲིམས་དཔོན་གྱི་ལས་ཁུར་བྱེད་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་མྱོང་བསོགས་ཀྱི་ཆ་རྐྱེན་ཚང་བའི་མི་ཞིག་ཡིན་དགོས་པ་རེད།

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དབང་ཚད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་དྲུག་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པ་གསལ་བོར་འཁོད་ཡོད། དེ་བཞིན་ཏུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ནི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་དབང་ཚད་འདྲ་མཉམ་དུ་ཡོད། དཔེར་ན་བཙན་བྱོལ་བོད་མིའི་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཆེ་བ་དང་། སྲིད་སྐྱོང་། སྤྱི་འཐུས་ཚོགས་གཙོ་གསུམ་ནི་ཐོབ་དབང་ཡོད་ཚད་འདྲ་མཉམ་དུ་ཡོད་པ་རེད།

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་བྱེ་དྲག་གི་དབང་ཆ།

༡) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་ཁག་དང་། ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག འགྲོ་ལུགས། སྒྲིག་གཞི་བཅས་ལ་བཟོ་བཀོད་དང་ལག་བསྟར་བྱེད་རྒྱུའི་དབང་ཆ་ཡོད།

༢) ཁྲིམས་ཞིབ་ཁང་འོག་མ་དང༌། ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས། འཛིན་སྐྱོང་གི་བྱ་བ་བཅས་ལ་ཞིབ་འཇུག་དང་ལམ་སྟོན། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།

༣) བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་བཀོད་འདོམས་བྱ་རྒྱུའི་དབང་ཆ་ཡོད།

༤) བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ལྡན་པའི་སྡེ་ཚན་གྱི་འགན་འཛིན་རྣམ་པ་ལས་ཁུར་དུ་མ་ཞུགས་གོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་ལས་ཁུར་དམ་འབུལ་ཞུ་དགོས།

བཙན་བྱོལ་བོད་མིའི་ཁྲིམ་ཞིབ་ཁང་གིས་ཁྲིམས་ལུགས་ཁག་ལ་བཟོ་བཅོས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་འབངས་མི་རྣམ་ལ་བཀའ་ཁྱབ་གཏོང་རྒྱུའི་དབང་ཆ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་ལས་འགོ་མ་བརྩམས་གོང་། ཆེས་མཐོ་ཁྲིམས་ཞིབ་ཁང་ནས་མཐའ་མའི་ཞིབ་གཅོད་དང་དམ་འབུལ་བྱས་རྗེས་གཞི་ནས་ལས་ཀ་རྩོམ་དགོས་པའི་འགྲོ་ལུགས་ཤིག་ཡིན་ཙང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་གསུམ་གྲས་ཀྱི་ཀ་བ་གལ་ཆེས་ཤོས་དེ་ཡིན་པ་རེད།

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ།

སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཐ་དག་རང་སྐྱོང་གི་ངོ་བོ་ཞིག་གི་ཐོག་ནས་བགྲོད་བཞིན་ཡོད་པ་གཞིར་བཞག ཁྲིམས་འཛིན་མ་ལག་སྟེ་ཁྲིམས་ཞིབ་ཁང་ཡང་རང་སྐྱོང་གི་ངོ་བོ་ཞིག་གི་ཐོག་ནས་བྱ་བ་བསྒྲུབ་བཞིན་ཡོད་པ་རེད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་ཐག་གཅོད་ལ་མཚོན་ན། བོད་མིིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་ཆ་ལག་དང་། ས་གནས་ཁྲིམས་ཁང་གང་ལའང་གྲོས་སྡུར་བྱེད་མི་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་རང་ནས་ཐག་གཅོད་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་བའི་བཅད་ཁྲ་དེ་ནི་ཁྲིམས་མཐུན་གྱི་མཐའ་མའི་ཐག་གཅོད་ཡིན་པས། བཅའ་ཁྲ་དེ་ལ་ཁྲིམས་ཁང་གཞན་གྱིས་བསྐྱར་ཞིབ་བྱེད་ས་དང་ཁྲིམས་གཏུག་བྱེད་ས་མེད། བཅད་ཁྲ་དེ་ལ་ཁྲིམས་ཀྱི་ནུས་པའི་རྒྱུ་མཚན་གལ་ཆེན་གཉིས་ཡོད་དེ། གཅིག་ནི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ནི་བཅའ་ཁྲིམས་ཀྱི་དགོངས་དོན་གཞི་ལ་བཞག་ནས་འགྲོ་བཞིན་ཡོད་པ་དང་། གཉིས་ནི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་བརྒྱད་པའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དང་བཅད་ཁྲ་གཏོང་བའི་དབང་ཚད་ཆ་ཚང་གསལ་བོར་འཁོད་ཡོད་པས་ཡིན།

ཁྲིམས་ལུགས་དབང་འཛིན་གྱི་ནུས་ཤུགས་རྒྱུད་འཛིན་བྱེད་པ་ལ་སྤྱིར་བཏང་གཤམ་གསལ་གྱོད་དོན་གཏུག་བཤེར་གྱི་ཆ་རྐྱེན་དག་ཚང་ཡོད།

གཅིག རྒྱུད་རིམ་དྲང་བདེན་ཡོད་དགོས། འདི་ནི་གྱོད་དོན་གཏུག་བཤེར་གྱི་གོ་རིམ་དེ་ངེས་བར་དུ་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ལག་ལེན་བྱེད་དགོས།

གཉིས། གྱོད་དོན་གཏུག་བཤེར་རང་རྐྱ་འཕེལ་བ་ཡོད་དགོས། གཏུག་བཤེར་གྱི་རྒྱུད་རིམ་ཁྲོད་སྤྱི་སྒེར་སུ་གང་གིས་ཀྱང་ཐེ་ཇུས་དང་བར་ཆད་གཏོང་མི་ཆོག

གསུམ། རྒྱུད་རིམ་གྱི་འགན་ལེན། གཏུག་བཤེར་ཁྲོད་གྱོད་ཡ་གང་རུང་ལ་འདྲ་མཉམ་གྱི་ཐོབ་དབང་དང་། ཁྲིམས་ཀྱི་འཆིང་རྒྱ་གཅིག་མཚུངས་སུ་ཡོད་པ།

བཞི་བ། གྱོད་དོན་ལ་མཇུག་འབྲས་ཡོད་པའི་རང་བཞིན་ཅན། གྱོད་དོན་གཏུག་བཤེར་གང་ཞིག་བྱས་རུང་། མཐའ་མཇུག་དེ་ལ་ལེགས་ཉེས་ཀྱི་གྲུབ་འབྲས་གསལ་བོར་སྟོན་རྒྱུ་ཡོད་པ་དང་། དེའང་ཐག་གཅོད་གང་བྱས་ཐོག་མའི་ཚིག་ཐོག་ནས་སྡོད་རྒྱུ་ལས་དེ་ལ་འགྱུར་བ་བཏང་མི་ཆོག ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་གོང་གི་ཆ་རྐྱེན་འདི་དག་ལྡན་ན་རང་བཞིན་གྱི་ཁྲིམས་ལུགས་དབང་འཛིན་གྱི་ནུས་ཤུགས་དང་ཁྲིམས་ཞིབ་ཁང་གི་དབང་གྲགས་སྲུང་སྐྱོབ་བྱེད་པའི་ནུས་བ་ལྡན་པ་ཡིན།  ཡང་གཅིག་བཤད་ན་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དེའི་ཁྲིམས་ལུགས་དབང་འཛིན་གྱི་འཐུས་ཚབ་མཚོན་བཞིན་ཡོད་པས། ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་བསྙད་འཛུགས་དང་། རྡོག་རོལ་བཏང་ན་རང་བཞིན་གྱིས་བཙན་བྱོལ་སྒྲིག་འཛུགས་སྤྱི་ཡོངས་ཀྱི་ཞི་རྗེས་དབང་གྲགས་ལ་གནོད་ཡོང་གིན་ཡོད་པ་རེད

མཐའ་དོན།རྒྱ་གར་དུ་རྟེན་གཞི་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ལ། རྒྱ་གར་གཞུང་གིས་ད་རག་བར་ཆེ་མཐོང་ལྡན་པའི་སྐུ་མགྲོན་གྱི་མཚན་གནས་ཐོག་ནས་རོགས་སྐྱོང་མི་ཉུང་བ་ཞིག་གནང་དང་གནང་མུས་ཡིན། ལོ་ངོ་དྲུག་བཅུ་ཡི་རིང་ལ་བོད་པ་ཚོར་རྒྱ་གར་གཞུང་གིས་མིག་གཅིག་གདངས་ཙམ་དང་མིག་གཅིག་བཙུམ་ཙམ་གྱི་ཧ་ལས་དགོས་བའི་རོགས་སྐྱོར་བྱས་ཤིང་། བོད་པ་རྣམས་ལ་འགྲོ་འོང་རང་དབང་དང་། ཚོང་དོན་གང་གཉེར། ས་ཆ་རང་བདག་བྱེད་ཆོག་པའི་ཐོབ་དབང་མི་འདྲ་བ་མང་པོ་སྤྲད་ཡོད། རེད་དེ་རྒྱ་གར་གཞུང་གི་ཁྲིམས་ཡིག་ཏུ་ང་ཚོ་བོད་པ་རྣམས་ད་དུང་ཡང་ཕྱི་གླིང་བའི་ཐོབ་ཐང་ལག་འཁྱེར་གྱི་ངོ་བོ་དང་། སྐུ་མགྲོན་གྱི་རྣམ་པ་ཞིག་གི་ཐོག་ཏུ་གནས་ཡོད་པ་ལས། ཁྲིམས་སྲུང་གི་འགན་ལེན་དང་མི་སེར་གྱི་སྲུང་སྐྱོབ་ཅི་ཡང་མེད།

ང་ཚོ་བོད་པ་རྣམས་རྒྱ་གར་དུ་དོན་དངོས་ཀྱི་སྤྱི་ཚོགས་སྲ་བརྟན་ཞིག་འཛུགས་རྒྱུ་ཡིན་ན།  མིང་དོན་མཚུངས་བའི་ཁྲིམས་ཀྱི་སྲུང་སྐྱོབ་ཞིག་ངེས་བར་དུ་དགོས་ཤིང་། ངས་གོང་དུ་བཤད་པའི་ཕར་སི་མི་རིགས་དང་ཆག་མ་མི་རིགས་གཉིས་ལ་རྒྱ་གར་དུ་ཁྲིམས་ཀྱི་སྲུང་སྐྱོབ་དང་ཐོབ་དབང་ཡོད་ན། ང་ཚོ་བོད་པ་ཚོ་ལའང་ཁོང་ཚོ་ནང་བཞིན་གྱི་ཁྲིམས་ཀྱི་སྲུང་སྐྱོབ་དང་ཐོབ་དབང་གནང་མ་འོས་བ་མི་འདུག་ལ། ལ་དྭགས་ལའང་རང་སྐྱོང་ས་ཁུལ་སྤྲོད་ལུགས་ཡོད་ན། བོད་པ་རྣམས་ལ་དེ་བས་ཀྱང་རང་སྐྱོང་གི་ཐོབ་དབང་དང་། མི་སེར་གྱི་ཐོབ་ཐང་སྤྲོད་དགོས་པ་དང་སྤྲོད་མི་ཆོག་པའི་རྒྱུ་མཚན་གང་ཡང་མི་འདུག་སྙམ་ལ། རྒྱ་གར་གཞུང་གིས་ད་རག་བར་ང་ཚོ་ལ་འདི་ལྟ་བའི་རྒྱབ་སྐྱོར་གནང་གི་ཡོད་པའི་རྣམ་འགྱུར་ལ་ལྟོས་ན། ང་ཚོ་ལ་ཁྲིམས་ཀྱི་ཐོབ་དབང་ཞིག་མི་གནང་བའི་རྒྱུ་མཚན་གང་ཡང་མི་འདུག་སྙམ། གལ་སྲིད་རྒྱ་གར་གཞུང་གི་མིང་དོན་མཚུངས་བའི་ཁྲིམས་ཀྱི་རྒྱབ་སྐྱོར་རེ་རག་སོང་ན། ༧གོང་ས་མཆོག་གིས་ང་དགུ་ལོར་གསུངས་བའི་ང་ཏཱ་ལའི་བླ་མ་དང་བཀའ་བློན་ཚོ་གང་དུ་ཡོད་ས་དེར་བོད་མི་ཚོས་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་རེད། ཅེས་པའི་སྤོབས་སེམས་དང་ཡིད་ཆེས་ལ་ངར་ཤུགས་རྒྱས་ཤིང་། ང་ཚོའི་ད་ཡོད་ཀྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྔར་ལས་ལྷག་པའི་ནུས་སྟོབས་ཤིག་ཡོང་གི་རེད་བསམ།

འབྲེལ་ཡོད་རྩོམ་ཡིག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེའི་ནུས་པ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གྲུབ་ཆ་དང་སྲུང་སྐྱོབ།

(མུ་འགོད)

བསྐྱར་བཅོས།: ༢༠༡༩/༡༢/༡༨

Leave a Reply

3 thoughts on “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གྲུབ་ཆ་དང་སྲུང་སྐྱོབ།  

  1. གཞུང་པ་ཚེ་དབང་བསོད་ནམས།

    ང་ཚོ་བོད་པ་ནི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པ་ནས་པར་ཤི་དང་ལྕང་མ་མི་རིགས་ལྟབུ་ནང་ཁུལ་མ་མཐུན་ནས་རྒྱལ་ཁབ་གཞན་དུ་མགོ་རྟགས་ཞུས་པ་མིན་པ་དང་ང་ཚོ་བོད་མི་ཚོར་རྒྱ་གར་ནང་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་RC ཡོད་པ་ནས་ཕྱི་མི་གཞན་དང་ང་ཚོ་མི་འདྲ་བ་ང་ཚོར་གནས་ཡུལ་གཞུང་མང་ནས་གང་ལ་ཅི་དགོས་ཀྱི་འཚོ་གནས་ལམ་སྟོན་མཐུན་རྒྱུར་མུ་འཐུད་ནས་གནང་བཞིན་པ་འདི་གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་ནས་ཡོང་གི་ཡོད་པ་དེ་བཙན་བྱོལ་བོད་མི་ཚང་མས་གསལ་པོ་ཤེས་དགོས་པ་དེ་གལ་ཆེན་ཞིག་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང།

  2. ཚངས་པ་དཀར་པོ།

    སྤྱི་ཚོགས་ཀྱི་གནད་དོན་དང་འབྲེལ་བའི་ཆབ་སྲིད་དཔྱད་གླེང་གི་རྩོམ་ཡིག་སྤེལ་བ་ཧ་ཅང་ཡག

  3. གཞུང་པ་ཚེ་དབང་བསོད་ནམས་

    གོང་ས་མཆོག་གི་དབུ་འཁྲིད་འོག་ཏུ་གནས་པའི་ང་ཚོ་བོད་མི་བཙན་བྱོལ་བ་མི་འབུམ་གཅིག་དང་ཕྱེད་ཙམ་ཡོད་པ་དེ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་པ་ལས་ནང་ཁུལ་མ་མཐུན་ནས་ཡུལ་རྒྱར་དུ་ཡོང་བ་ཞིག་མིན་པ་དེ་བོད་མི་ཚང་མས་གསལ་པོ་ཤེས་པའི་ཐོག་ནས་ང་ཚོའི་ལག་ཏུ་ཡོད་པའི་ཡིག་ཆ་RC ལ་ཐུགས་སྣང་དང་འགན་འཁུར་དགོས་པ་དང་གནས་ཚང་ལུང་པའི་ཁྲིམས་ལུགས་འོག་ང་ཚོ་བོད་མི་ཚོར་བཙན་བྱོལ་བ་ཚོར་གཞན་དང་མི་འདྲ་བའི་འཚོ་གནས་ཐོག་གཟིགས་སྐྱོང་གནང་བཞིན་པ་འདི་དག་གོང་ས་མཆོག་གི་ཐུགས་སྐྱེད་སྨོན་ལམ་མཛད་འཕྲིན་ཁོ་ན་ལས་བྱུང་བ་དེ་དག་ནམ་ཡང་མ་བརྗེད་པའི་ཐོག་ནས་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་དང་སྒྲིིིིིིིིིིག་གཞི་ཁག་མ་འགལ་བའི་ཐོག་ནས་བོད་དོན་བདེན་མཐའ་སེལ་བའི་འབད་བརྩོན་བྱ་དགོས་པ་ལས་ལུང་པ་གཞན་གྱི་རྗེས་སུ་ང་་ཚོ་ནམ་ཡང་འབྲངས་མི་ཉན་པ་ནི་རང་ཚོད་རང་གི་ཟིན་སྐྱེ་ཚོད་ཤིང་གི་བྱས་ན་ལེགས་པ་མིན་འགྲོ།