རྒྱ་ནག་གིས་མཚོ་དམག་གནམ་གྲུ་དབོར་འདྲེན་གྲུ་གཟིངས་དང་པོ་བཏང་།

རྒྱ་ནག་གིས་འཛམ་གླིང་རྩེ་ཕུད་མཚོ་དམག་སྟོབས་ཤུགས་འཛུགས་སྐྲུན་གྱི་དམིགས་ཡུལ་འོག་བཟོ་སྐྲུན་བྱས་པའི་མཚོ་དམག་གནམ་གྲུ་དབོར་འདྲེན་གྲུ་གཟིངས་དང་པོ་ཞེས་པ་དངོས་སུ་མཚོ་ཐོག་ཏུ་འགྲེམ་འཇོག་བྱས་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་ལྷོ་བརྒྱུད་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲུ་ཁ་(Sanya Port)རུ། རྒྱ་ནག་གིས་འཛམ་གླིང་རྩེ་ཕུད་མཚོ་དམག་སྟོབས་ཤུགས་འཛུགས་སྐྲུན་གྱི་དམིགས་ཡུལ་འོག  ལྷོ་རྒྱ་ནག་རྒྱ་མཚོ་དང་ཐའེ་ཝན་སོགས་ལ་ཆེད་དམིགས་བཟོ་སྐྲུན་བྱས་པར་གྲགས་པའི་རྒྱ་ནག་རང་གིས་བཟོས་པའི་ཧྲན་ཏུང་(Shangdong)མཚོ་དམག་གནམ་གྲུ་དབོར་འདྲེན་གྲུ་གཟིངས(Aircraft Carrier)ཐོག་མ་དེ། རྒྱ་ནག་མི་མང་བཅིངས་གྲོལ་མཚོ་དམག་ལ་རྩིས་སྤྲོད་དང་མཚོ་ཐོག་ཏུ་དངོས་སུ་འགྲེམ་འཇོག་མཛད་སྒོ་ཚོགས་ཡོད་འདུག

མཛད་སྒོའི་སྟེང་མགོ་འཁྲིད་ཞི་ཅིན་ཕིན་གྱིས་མཚོ་དམག་གི་དམག་མི་ཚོར་ཐུག་འཕྲད་དང་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་ཡོད་སྐོར་དང་། མཚོ་དམག་གིས་ཡང་འབད་བསྐྱར་འབད་ཀྱིས་ཏང་དང་མི་དམངས་ཀྱི་ཆེད་བྱས་རྗེས་གསར་པ་འཇོག་དགོས་པའི་བཀའ་བཏང་ཡོད་པ་དང་། མཚོ་དམག་གྲུ་གཟིངས་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཨེ་ཤི་ཡའི་རྒྱལ་ཁབ་དག་གི་ཁྲོད་རྒྱལ་ཁབ་རང་གིས་བཟོ་སྐྲུན་བྱས་པའི་གྲུ་གཟིངས་ཐོག་མ་ཆགས་ཡོད་ན་ཡང་། གྲུ་གཟིངས་དེ་ད་དུང་ཨ་རིའི་མཚོ་དམག་གྲུ་གཟིངས་དང་བསྡུར་ན་འཕྲུལ་རིག་སོགས་ཀྱི་ཐད་ནས་རྗེས་ཆོད་ཀྱི་མེད་འདུག

མཚོ་དམག་གྲུ་གཟིངས་དེ་ཕྱི་ལོ་ ༢༠༡༣ ནས་བཟོ་བསྐྲུན་བྱེད་མགོ་ཚུགས་ཡོད་པ་དང་། གྲུ་གཟིངས་དེ་རྒྱ་ནག་ལའོ་ཉིང་(Liaoning)ཞིང་ཆེན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཏ་ལིན་གྲུ་གཟིངས་བཟོ་སྐྲུན་ཁང་(Dalian Shipbuilding Industry)གིས་བཟོས་ཡོད་པ་དང་། མཚོ་དམག་གནམ་གྲུ་དབོར་འདྲེན་གྲུ་གཟིངས་དེ་ནི་རྒྱ་ནག་གི་གནམ་གྲུ་དབོར་འདྲེན་དམག་གྲུ་གཉིས་པ་ཡིན་པ་དང་། གྲུ་གཟིངས་ཀྱི་རིང་ཚད་ལ་སྨི་ ༧༠༠ དང་། (J-15)འཐབ་འཁྲུག་གནམ་གྲུ་ ༣༦ འཁུར་ཐུབ་ཀྱི་ཡོད་པ་དང་། སྤྱི་ཡོངས་ནས་ཐད་འཕུར་གནམ་གྲུ་དང་ཉེན་སྲུང་གནམ་གྲུ་སོགས་ཁྱོན་དམག་དོན་གནམ་གྲུ་ ༤༠ ལྷག་འཁུར་ཐུབ་ཀྱི་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། དམག་གྲུ་གསར་བ་དེའི་རྟེན་གཞི་ལྟེ་བ་དེ་ལྷོ་རྒྱ་ནག་རྒྱ་མཚོ་དང་ཉེ་འབྲེལ་སན་ཡ་གྲུ་ཁ་ཡིན་པ་དང་། དེ་ནི་གཙོ་བོ་ཐའེ་ཝན་ནང་གི་རང་བཙན་གྱི་སྟོབས་ཤུགས་ལ་འཇིགས་སྐུལ་ཉེན་བརྡ་བྱ་ཆེད་དང་། འབྱུང་འགྱུར་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་འཁྲུག་འབྱུང་སྲིད་པར་གདོང་ལེན་བྱ་ཆེད་ཡིན་སྐོར་བརྗོད་ཡོད་བཞིན་ཡོད་པ་དང་། ཡང་དབྱེ་ཞིབ་པ་ཁག་ཅིག་གིས་ད་ལྟའི་ཆར་རྒྱ་ནག་ལ་གནམ་གྲུ་དབོར་འདྲེན་དམག་གྲུ་གཉིས་ཡོད་པའི་ཁྲོད་ནས། ཕྱི་ལོ་ ༡༩༩༨ ལོར་ཡུ་ཁེ་རེན་ནས་ཉོས་པའི་ཨུ་རུ་སུའི་དམག་གྲུ་ལ་ལས་སྣོན་བྱས་ཏེ་བསྐྲུན་པའི་ལིའོ་ཉིང་དམག་གྲུ་དེ་གཙོ་བོ་དམག་སྦྱོང་གི་ཆེད་དུ་ཡིན་པ་དང་། ད་ཐེངས་གྱི་རང་བསྐྲུན་དམག་གྲུ་དེ་ཉིད་གཙོ་བོ་འཐབ་འཁྲུག་རང་གི་ཆེད་དུ་བཟོ་བསྐྲུན་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

འདས་པའི་ལོ་ཤས་རིང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཚོ་ཁོངས་བདག་དབང་གི་རྩོད་རྙོག་ཤུགས་ཆེར་ཕྱིན་ཡོད་པ་དང་བསྟུན། རྒྱ་ནག་གིས་བསྟུད་མར་དམག་གི་སྟོབས་ཤུགས་ཀྱི་རྐྱེན་པས་ལྷོ་རྒྱ་ནག་རྒྱ་མཚོའི་ལྟེ་བར་ཆགས་པའི་གླིང་ཕྲན་མང་པོ་ཞིག་བདག་བཟུང་གིས་རེ་འགའ་དམག་གི་རྟེན་གཞིར་བསྐྲུན་ཡོད་པ་རེད། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྩོད་རྙོག་ནང་རྒྱ་ནག་དང་། ཝི་ཐི་ནམ། ཧྥི་ལི་ཧྥིན། ཐའེ་ཝན། བྷུ་རུ་ནེ་(Brunei) ཙམ་དུ་མ་ཟད། ཨ་རིས་ཀྱང་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་གི་མིང་ཐོག་ནས་ཁུལ་དེར་དམག་གྲུ་མངག་གཏོང་དང་། རྒྱ་ནག་གི་ཁ་གཏད་རྒྱལ་ཁབ་རྣམས་ལ་དམག་དོན་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེར་བྱས་པར་བརྟེན། རྒྱ་ནག་གིས་ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་འདྲེས་མའི་བརྡ་ལན་མང་པོ་སྤྲད་ཡོད་ཅིང་། འདི་ལོའི་རྒྱ་ནག་གི་རྒྱལ་སྲུང་སྙན་ཐོའི་ནང་དུ་ཡང་ད་ལྟའི་རྒྱ་ནག་གི་དམག་དོན་དམིགས་ཡུལ་གཙོ་བོ་དེ་ས་ཁོངས་བདག་དབང་སྲུང་སྐྱོབ་དང་འབྲེལ། ཐའེ་ཝན་དེ་མེས་རྒྱལ་གྱི་ཁོངས་སུ་བསྡུ་རྒྱུ་དང་། ཐའེ་ཝན་ཁ་བྲལ་གཏོང་མཁན་སུ་འདྲ་ཞིག་ཡིན་ན་ཡང་ཕམ་ཉེས་གཏང་ངེས་ཡིན་སྐོར་བསྒྲགས་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་ནི་འཛམ་གླིང་སྟེང་དམག་གྲོན་ཆེ་ཤོས་གཏོང་མཁན་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་པ་དང་། འདས་ལོའི་ཕྱི་ཟླ་ ༤ པའི་ནང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་གི་རུ་སྟར་ཞིག་གི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་མི་དམངས་བཅིངས་གྲོལ་མཚོ་དམག་དེ་འཛམ་གླིང་གི་རྩེ་ཕུད་དམག་སྡེ་ཞིག་ཏུ་འགྱུར་དགོས་པར་བཤད་ཡོད་པ་མ་ཟད། དམག་དོན་གྱི་ཚོགས་འདུ་མང་པོའི་སྟེང་རྒྱལ་ཞེན་དང་། འཐབ་རྒོལ་རང་བཞིན་གྱི་གཏམ་བཤད་ཤུགས་ཆེར་སྤེལ་ཡོད་པ་རེད། གཞན་ཡང་སི་ཨེན་ཨེན་གསར་ཁང་གིས་དེ་འབྲེལ་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་ད་དུང་ཧྲང་ཧེ་ (Shanghai) མཚོ་འགག་ཏུ་གནམ་གྲུ་དབོར་འདྲེན་དམག་གྲུ་གཞན་ཞིག་བཟོ་བཞིན་ཡོད་པ་དང་། དེ་ནི་ད་ལྟའི་དམག་གྲུ་གཉིས་ལས་འཕྲུལ་རིག་སོགས་ཀྱི་ཐད་ནས་ཅུང་ཡར་ཐོན་ཡིན་སྐོར་བཀོད་ཡོད་འདུག

ཐེངས་འདིར་རྒྱ་ནག་གི་ཧྲང་ཏུང་དམག་གྲུ་ནི་རྒྱ་ནག་རང་གིས་ཆེད་དམིགས་བཟོ་སྐྲུན་བྱས་ཏེ། ཕྱི་ལོ་ ༢༠༡༧ ལོར་བཟོ་བསྐྲུན་དངོས་སུ་གྲུབ་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༥ ནས་བཟུང་ད་བར་དངོས་གཞིའི་ཚོད་ལྟ་ཐེངས་དགུ་ཙམ་བྱས་ཏེ་ད་ལྟ་གཞི་ནས་དངོས་སུ་མངག་གཏོང་བྱེད་ཐུབ་ཡོད་ཅིང་། མཚོ་དམག་གྲུ་གཟེངས་དེས་རྒྱ་ནག་འཛམ་གླིང་སྟེང་གི་གནམ་གྲུ་དབོར་འདྲེན་དམག་གྲུ་གཉིས་ཡོད་མཁན་གྱི་རྒྱལ་ཁབ་ཉུང་ཤས་གྲས་སུ་ཡང་ཚུད་ཐུབ་ཡོད་པ་དང་། ཨ་རིར་མཚོན་ན་ད་ལྟའི་ཆར་གནམ་གྲུ་དབོར་འདྲེན་དམག་གྲུ་ ༡༠ ཡོད་པ་དང་། རྒྱ་གར་ལ་དེ་ལྟ་བུའི་དམག་གྲུ་གཅིག་ལས་མེད་པ་དང་། ཐེངས་འདིའི་རྒྱ་ནག་གི་ཧྲན་ཏུང་དམག་གྲུ་དེ་ཨ་རིའི་དམག་གྲུ་དག་དང་བསྡུར་ན་ཕྱོགས་གང་ཐད་ནས་སྤུས་ཚད་ཞན་པོ་ཡིན་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༨

Leave a Reply