རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད།

པཱ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་བར་མུ་ཤཱ་རབ་ཀྱིས་སྲིད་འཛིན་དུས་ཡུན་སྐབས་དབང་ཆ་ལོག་སྤྱོད་ཀྱིས་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་ཡོད་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༧ ཉིན། པཱ་ཀི་སི་ཐན་གྱི་དམིགས་བསལ་ཁྲིམས་ཁང་(Special Court)ཞེས་པས་ཡུལ་དེའི་སྲིད་འཛིན་ཟུར་བ་མུ་ཤཱ་རབ་(Pervez Musharraf)ཡིས་ཕྱི་ལོ་ ༢༠༠༧ ལོར་སྲིད་འཛིན་གྱི་དབང་ཆ་ལོག་སྤྱོད་ཀྱིས་རྒྱལ་ཡོངས་ཛ་དྲག་གི་གནས་བབ་གསལ་བསྒྲགས་དང་རྩ་ཁྲིམས་ལ་རྡོག་རོལ་བཏང་བའི་རྐྱེན་གྱིས། རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་སྐོར་བསྒྲགས་འདུག

གནད་དོན་དེའི་ཐད་པ་ཀི་སི་ཐན་དམག་སྡེའི་ཕྱོགས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ལོ་ངོ་ ༤༠ ལྷག་རིང་རྒྱལ་ཁབ་ལ་ཞབས་ཞུ་དང་སྲུང་སྐྱོབ། དམག་འཐབ་བྱས་མྱོང་བའི་དམག་སྤྱི་ཟུར་བ་དང་སྲིད་འཛིན་ཟུར་བ་ཞིག་རྒྱལ་ཁབ་ཀྱི་ངོ་ལོག་པ་ནམ་ཡང་ཡིན་མི་སྲིད་སྐོར་བརྗོད་ཡོད་པ་དང་། ཐེངས་འདིར་པཱ་ཀི་སི་ཐན་ནང་རྒྱལ་ཁབ་ཀྱི་དམག་སྤྱི་ཞིག་ལ་ཁྲིམས་ཁང་ནས་ངོ་ལོག་པ་ཡིན་པའི་ཁྲིམས་ཐག་བཅད་པ་དེ་ཐོག་དང་པོ་ཡིན་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༤ ཉིན། སྲིད་འཛིན་ཟུར་པ་མུ་ཤཱ་རབ་ཀྱིས་བརྙན་ལམ་བརྒྱུད་ཉེས་འཛུགས་དེ་དག་གི་ཐད་གསལ་བཤད་ཅིག་བྱས་ཡོད་པའི་ནང་། ཉེས་འཛུགས་དེ་དག་ནི་གཞི་རྩ་མེད་པ་ཞིག་ཡིན་ལ། ལོ་ངོ་ ༡༠ རིང་རང་ཉིད་ཀྱིས་རྒྱལ་ཁབ་ལ་ཞབས་འདེགས་དང་། རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱས་ཡོད་སྐོར་བརྗོད་དེ། ཁྲིམས་ཁང་གིས་ཁོ་པར་རྒྱལ་ཁབ་ལ་ངོ་ལོག་པ་ཡིན་པའི་ཉེས་འཛུགས་བྱས་པ་དེ་ནི་རང་ཉིད་ལ་མ་ཉེས་ཁག་གཡོགས་བྱས་པ་ཞིག་ཡིན་སྟབས། ཁྲིམས་ཁང་གི་ཐག་གཅོད་ལ་ཡིད་ཆེས་མེད་ཚུལ་བརྗོད་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་རྒྱལ་ཁབ་ཀྱི་དམག་སྤྱི་ཟུར་བ་ཞིག་ལ་སྲོག་ཁྲིམས་བཅད་པ་དེ་ནི་ཡུལ་དེའི་དམག་སྡེ་ཚོས་མིག་དཔེ་ལྟ་ཡུལ་ཞིག་ཏུ་གྱུར་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། མང་པོ་ཞིག་གིས་སྲོག་ཁྲིམས་ཀྱི་བཅད་ཁྲ་དེ་ཁོ་པའི་ཁྲིམས་རྩོད་པ་བརྒྱུད་ཕྱིར་འགྱངས་གཏོང་སྲིད་སྐོར་དང་། ད་ལྟའི་ཆར་ཁོ་པ་སྨན་བཅོས་ཆེད་ཨ་རབ་ཨེ་མེ་རེ་ཏི་མཉམ་འབྲེལ་རྒྱལ་ཁབ་(United Arab Emirate)ནང་ཡོད་ཅིང་། པཱ་ཀི་སི་ཐན་དང་རྒྱལ་ཁབ་དེའི་བར་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་བཞག་མེད་སྟབས། བཅད་ཁྲ་ལག་བསྟར་ཐུབ་མིན་ཐད་ལ་ཡང་ཐེ་ཚོམ་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༠༧ ལོར་སྲིད་འཛིན་ཟུར་བ་མུ་ཤཱ་རབ་ཡིས་སྲིད་འཛིན་གྱི་དབང་ཚད་ཐོག་རྒྱལ་ཡོངས་སུ་ཛ་དྲག་གི་གནས་བབ་གསལ་བསྒྲགས་(Sate of Emergency)བྱས་ཏེ། རྩ་ཁྲིམས་ལ་བསྒྱུར་བཅོས་དང་རྒྱལ་ཡོངས་ཀྱི་གཞུང་འབྲེལ་མིན་པའི་གསར་ཁང་ཁག་དང་རྒྱལ་སྤྱིའི་གསར་ཁང་ཁག་གནས་སྐབས་རིང་སྒོ་བརྒྱབ་པ་སོགས་བྱས་པར་བརྟེན། པཱ་ཀི་སི་ཐན་མི་མང་དང་ཨ་རིའི་གཞུང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཀྱང་། སྐབས་དེར་ཁོས་པས་དེ་ནི་རྒྱལ་ཁབ་བརྟན་ལྷིང་དང་ཁ་ཆེའི་དྲག་སྤྱོད་པར་འཐབ་རྒོལ་བྱེད་ཐབས་ཤིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོར་པཱ་ཀི་སི་ཐན་གྱི་དམིགས་བསལ་ཁྲིམས་ཁང་ཞེས་པས་སྲིད་འཛིན་ཟུར་བ་མུ་ཤཱ་རབ་ལ་ཉེས་འཛུགས་དོན་ཚན  ༥ བྱས་པའི་ཁྲོད། ཁོ་པས་རྒྱལ་ཁབ་མགོ་རྟིང་བསློགས་པ་དང་། རྩ་ཁྲིམས་ལ་རྡོག་རོལ་དང་བསྒྱུར་བཅོས་བཏང་བ། ཆེས་མཐོའི་ཁྲིམས་ཞིབ་པ་གནས་དབྱུང་བཏང་བ། དབང་ཆ་ལོག་སྤྱོད་བྱས་ཏེ་ཛ་དྲག་གི་གནས་བབ་ཁྱབ་བསྒྲགས་བྱས་པའི་ངོས་འཛིན་འོག རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་འཛུགས་བྱས་ཡོད་ཀྱང་། ཁོ་པོས་ཉེས་འཛུགས་དོན་ཚན་ཁག་ངོས་ལེན་བྱས་མེད་པ་མ་ཟད། ཁྲིམས་ཁང་གི་ཉན་ཞིབ་ལའང་ཐེངས་འགར་བཅར་མེད་པ་རེད།

སྲིད་འཛིན་ཟུར་བ་མུ་ཤཱ་རབ་ནི་ཕྱི་ལོ་ ༡༩༤༣ ལོར་ད་ལྟའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐྱེས་ཤིང་། ཕྱིས་དབྱིན་ཇིའི་རྒྱ་གར་དེ་དུམ་བུ་གཉིས་སུ་གྱེས་རྗེས་ཕྱི་ལོ་ ༡༩༦༡ ལོར་པཱ་ཀི་སི་ཐན་གྱི་དམག་དོན་གཙུག་ལག་སློབ་གྲྭར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་པཱ་ཀི་སི་ཐན་གྱི་དམག་སྤྱིར་བསྐོ་བཞག་དང་། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་སྲིད་འཛིན་གྱི་ལས་འཁུར་ཞུས་ཡོད་ཀྱང་། ཕྱི་ལོ་ ༢༠༠༧ ལོར་སྲིད་འཛིན་གྱི་དབང་ཚད་ཐོག་རྒྱལ་ཡོངས་ལ་ཛ་དྲག་གི་གནས་བབ་གསལ་བསྒྲགས་བྱས་ཏེ་ལོ་གཅིག་མ་འགོར་བར། རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ནས་ཁོ་པར་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན། དབྱིན་ཡུལ་དུ་བྲོས་བྱོལ་དུ་ཕྱིན་ཡོད་ན་ཡང་ཕྱི་ལོ་ ༢༠༡༣ ལོར་ཕྱིར་ལོག་བྱས་ཡོད་པ་དང་།  ཕྱི་ལོ་ ༢༠༡༦ ལོར་པཱ་ཀི་སི་ཐན་གཞུང་གིས་ཁོ་པར་འགྲུལ་བསྐྱོད་བཀག་བསྡོམས་བྱས་ཀྱང་། སྨན་བཅོས་ཆེད་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་དུ་ཕྱིན་ཏེ་ད་ལྟའང་ཡུལ་དེའི་ནང་བཅའ་སྡོད་བྱེད་མུས་ཡིན་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༡༨

Leave a Reply

One thought on “རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས།

    མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་དེ་ཡིན་ཀྱང་ཁྲིམས་ལ་ཅུས་རིལ་རྒྱབ་ནས་བཅད་ཁྲ་ཕྱིར་ལོག་རྒྱག་མཁན་དང་བཅད་ཁྲ་ངོས་ལེན་མ་བྱས་པའི་ལོ་རྒྱུས་མང་པོ་ཡོང་འདུག་ན་འདི་ཡང་མཐའ་མ་ག་འདྲ་ཆགས་མིན་སུ་གཅིག་གི་ཚོད་དཔག་དཀའ་བ་ཞིག་མ་རེད་དམ།