སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་ལ་ངོ་རྒོལ།

རྒྱ་ནག་གཞུང་གིས་ཧྲང་ཧེ་ཧྥུ་ཏན་གཙུག་ལག་སློབ་གཉེར་ཁང་གཙོའི་གཙུག་ལག་སློབ་གྲྭ་ཁག་གི་སློབ་གསོའི་སྒྲིག་གཞི་ལ་སྒྱུར་བཅོས་ཀྱིས་དམར་ཤོག་ཚོགས་པའི་དབང་སྒྱུར་ལྟ་གྲུབ་སྤེལ་ཐབས་བྱེད་བཞིན་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་ཆེ་གྲས་ཧྥུ་ཏན(Fudan University)སློབ་གྲྭ་ཆེན་མོ་གཙོས་པའི་ཧྲན་ཞི་(Shaanxi Normal)གཙུག་ལག་སློབ་ཆེན་དང་། ནཱན་ཅིན་(Nanjing)གཙུག་ལག་སློབ་ཆེན་བཅས་ཀྱི་སློབ་གསོའི་སྒྲིག་གཞིའི་བསྐྱར་བཅོས་བྱས་ཏེ། བསམ་བློའི་རང་དབང་ཞེས་པ་གཅོད་གཏུབ་ཀྱིས་ཚབ་ཏུ་ཞི་ཅིན་ཕིན་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་དམར་ཤོག་ཚོགས་པའི་བསམ་བློའི་སློབ་གསོ་ཟེར་བ་སྣོན་འཇོག་བྱས་པར་བརྟེན། རྒྱ་ནག་གི་སློབ་མ་མང་པོ་ཞིག་གིས་ཝེ་པོ་གཙོས་པའི་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་བརྒྱུད་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་བཞིན་ཡོད་འདུག

གནད་དོན་དེའི་སྐོར་ལ་སྤྱི་ཚོགས་དྲ་ལམ་ཊེ་ཝི་ཊར་སྟེང་བརྙན་ཞིག་ཐོན་པའི་ནང་། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་སླད། ཧྥོ་ཌན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་སློབ་གྲྭའི་རྒྱལ་གླུ་དབྱངས་སུ་གྱེར་ནས་བསམ་བློའི་རང་དབང་ཞེས་པ་སྐད་གསེང་མཐོན་པོའི་ངང་བླངས་ཡོད་པ་དང་།  ཡང་ཝེ་པོ་དྲ་ཚིགས་སྟེང་སློབ་མ་ཞིག་གིས། གལ་སྲིད་ངས་ཧྥུ་ཏན་གཙུག་ལག་སློབ་གྲྭ་ཆེན་མོའི་སྒྲིག་གཞིར་བཟོ་བཅོས་གཏོང་མཁན་ཚོར་སྐད་ཆ་འདྲི་ཕོད་པ་ཡིན་ནའང་། སྒྲིག་གཞི་བཟོ་བཅོས་གཏོང་མཁན་ཚོས་ང་ཚོའི་མ་འོངས་པའི་ཧྥུ་ཏནམི་མང་གིས་དམ་པ་གོང་མ་རྣམས་ལ་གདོང་ཇི་ལྟར་སྟོན་དགོས་པའི་ཐད་བསམ་བློ་བཏང་མྱོང་ངམ། ཞེས་བྲིས་ཡོད་པ་དང་། མཆན་དེར་རྒྱབ་སྐྱོར་དང་བརྒྱུད་སྐུལ་བྱེད་མཁན་མི་གྲངས་ས་ཡ་ ༡ ལྷག་བྱུང་ཡོད་པ་མ་ཟད། མི་མང་པོས་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་དབང་སྒྱུར་གྱི་གཡོ་ཇུས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཧྥུ་ཏན་གཙུག་ལག་སློབ་གྲྭ་ཆེན་མོའི་སྒྲིག་གཞིའི་ནང་། བསམ་བློའི་རང་དབང་ནི་ཧྥོ་ཌན་གཙུག་ལག་སློབ་གྲྭ་ཆེན་མོའི་སྙིང་པོ་ཡིན་ཞེས་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་སྲོག་ཤིང་ཡིན་ཞེས་བསྐྱར་བཅོས་བྱས་ཡོད་པ་དང་། ད་དུང་སྒྲིག་གཞི་གསར་བའི་ནང་། དགེ་རྒན་དང་སློབ་མ་ཚོས་ཞི་ཅིན་ཕིན་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་སློབ་གསོའི་མན་ངག་ཏུ་བཀོལ་སྤྱོད་བྱ་དགོས་ཡོད་སྐོར་བརྗོད་དེ་གཙུག་ལག་སློབ་གྲྭའི་བསམ་བློའི་རང་དབང་གི་སློབ་གསོར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག

ཧྥུ་ཏན་གཙུག་ལག་སློབ་གྲྭ་ཆེན་མོ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་རྩེ་ཕུད་གྲས་ཡིན་པ་མ་ཟད། གཙུག་ལག་སློབ་གྲྭ་དེར་བསམ་བློའི་རང་དབང་གཙིག་ཆེར་འཛིན་མཁན་དགེ་རྒན་ཡང་རེ་གཉིས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ ནང་ཧྥུ་ཏན་གཙུག་ལག་སློབ་གྲྭའི་དབྱིན་ཡིག་སྡེ་ཚན་གྱི་སློབ་དཔོན་ཆེ་ཝེ་ཀོ་(Qu Weiguo)ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་གཙུག་ལག་སློབ་གྲྭ་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་གཏམ་བཤད་སྐབས། སློབ་གཉེར་བ་ཚོར་རང་དབང་ནི་རྩོལ་མེད་དུ་གཞན་གྱིས་སྤྲད་ཡོང་རྒྱུ་ཞིག་མིན་པས་ཚང་མས་རང་ཉིད་གཙོའི་གཞན་ཚང་མའི་རང་དབང་ཆེད་དུ་འཐབ་རྩོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་གཙུག་ལག་སློབ་གྲྭ་ཁག་གི་སློབ་གསོའི་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བསམ་བློའི་རང་དབང་གི་སྐོར་ལ་གཏམ་བཤད་སྤེལ་མཁན་དགེ་རྒན་ཚོ་སློབ་གྲྭ་ནས་ཕྱིར་ཕུད་དང་འཛིན་བཟུང་སོགས་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ སོགས་སུ་རྒྱ་ནག་ཧྲན་ཏུང་གཙུག་ལག་སློབ་གཉེར་ཁང་(Shandong University)དང་། རྒྱ་ནག་ཧི་པའེ་ཞིང་ཆེན་(Hebei)གཙུག་ལག་སློབ་གཉེར་ཁང་། རྒྱ་ནག་ཆིན་ཧྭ་སློབ་ཆེན་སོགས་སུ་ཡང་དང་བསྐྱར་དུ་རྒྱ་ནག་གཞུང་གི་སྒེར་གཅོད་ལམ་ལུགས་ཐད་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོར་རྒྱ་ནག་པེ་ཅིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཅེ་ཕུན་(Shi Jiepeng)ཞེས་པ་ཞིག་གིས། སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གིས་ད་ལྟའི་རང་གི་རིག་གཞུང་འདི་དོར་ཏེ་ནུབ་ཕྱོགས་པའི་རིག་གཞུང་འཐུས་སྒོ་ཚང་བ་ཞིག་ལག་བསྟར་བྱེད་དགོས་སྐོར་བརྗོད་པར་བརྟེན། ཁོང་འཛིན་བཟུང་དང་འདྲི་རྩད་སོགས་བྱས་ཡོད་འདུག

ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་ནང་སློབ་ཕྲུག་ཚོས་སྣེ་འཁྲིད་དེ་དམངས་གཙོའི་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་། རྒྱ་ནག་གཞུང་གིས་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་དམིགས་བསལ་གྱིས་སྨྲ་བརྗོད་རང་དབང་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་རྒྱལ་སྤྱི་རང་བཞིན་གྱི་སློབ་གཉེར་ཁང་རྩེ་ཕུད་རིགས་འཛུགས་སྐྲུན་བྱེད་འདོད་ཡོད་པའི་རྣམ་པ་མངོན་གྱི་ཡོད་པ་དང་། རྒྱ་ནག་གི་སློབ་གཉེར་ཁང་ཁག་ཅིག་ལ་ཕྱོགས་མང་པོའི་ཐད་ནས་རྒྱལ་སྤྱིའི་སློབ་གཉེར་ཁང་རྩེ་ཕུད་གྲས་སུ་ཚུད་པའི་ཆ་རྐྱེན་ཚང་གི་ཡོད་ན་ཡང་། སྲིད་གཞུང་གིས་མུ་མཐུད་སློབ་གསོའི་རང་དབང་བཀག་སྡོམ་བྱས་རྐྱེན་རྒྱ་ནག་གི་དམིགས་ཡུལ་ཡོངས་སུ་འགྲུབ་ཐུབ་ཀྱི་མེད་ལུགས་བརྗོད་ཀྱི་ཡོད་པ་རེད།

འདི་ལོའི་རྒྱལ་སྤྱིའི་སློབ་གསོ་ལྟེ་གནས་ཁང་ཁག་ལ་ཞིབ་འཇུག་བྱེད་མཁན(Times Higher Education)ཚོགས་པའི་སྙན་ཐོའི་ནང་། རྒྱ་ནག་ཧྥུ་ཏན་གཙུག་ལག་སློབ་གྲྭ་ཆེན་མོ་ནི་ཕྱི་ལོ་ ༢༠༢༠ ལོའི་ཕྱོགས་ཡོངས་ནས་འཛམ་གླིང་གི་གཙུག་ལག་སློབ་གྲྭ་ཆེན་མོ་ཨང་ ༡༠༩ བ་དང་། ཕྱི་ལོ་ ༢༠༡༩ ལོར་མཚན་མཐོང་ཐོག་ནས་འཛམ་གླིང་གི་ཨང་ ༧༡ ནས་ ༨༠ ། དེ་བཞིན། ཕྱི་ལོ་ ༢༠༡༩ ལོའི་ཨེ་ཤ་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ལེགས་ཤོས་ཨང་ ༡༧ པ་བཅས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༡༩

Leave a Reply