སྲིད་འཛིན་ཊོམ་ཕུ་གནས་དབྱུང་གི་ཐོག་མའི་ཉེས་འཛུགས་གྲུབ། 

ཨ་རིའི་གྲོས་ཚོགས་ནང་སྲིད་འཛིན་ཊོམ་ཕུ་གནས་དབྱུང་གཏོང་མིན་གྱི་ཉེས་འཛུགས་དོན་ཚན་གཉིས་ཀར་མང་མོས་རྒྱབ་སྐྱོར་ཐོབ་པར་ཕོ་བྲང་དཀར་པོས་གནད་དོན་དེ་ནི་ཨ་རིའི་ལོས་རྒྱུས་ཁྲོད་ཀྱི་ཆེས་ངོ་གནོང་དགོས་པའི་ཆབ་སྲིད་ཀྱི་ལེའུ་ཞིག་མཚོན་གྱི་ཡོད་སྐོར་བརྗོད་འདུག 

དེ་རིང་ཨ་རིའི་གྲོས་ཚོག་འོག་མའི་ནང་ཆུ་ཚོད་ ༦ རིང་སྲིད་འཛིན་ཊོམ་ཕུ་གནས་དབྱུང་གཏོང་མིན་ཐད་ཉེས་འཛུགས་བྱེད་རྒྱུའི་བགྲོ་གླེང་བྱས་ཡོད་པ་དང་། གྲོས་ཚོགས་ནང་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཡིས་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་འཛུགས་དང་པོ་དེར་འཐུས་མི་ ༢༣༠ དང་། གྲོས་ཚོགས་གྱི་བྱ་རིམ་ལ་འགལ་རྐྱེན་བཟོས་པའི་ཉེས་འཛུགས་གཉིས་པར་འཐུས་མི་ ༢༢༩ ཡིས་རྒྱབ་སྐྱོར་བྱས་ཏེ་ཉེས་འཛུགས་དོན་ཚན་གཉིས་ཀར་མང་མོས་རྒྱབ་སྐྱོར་ཐོབ་པར་བརྟེན། ཨ་རིའི་ལོ་རྒྱུས་ཁྲོད་གྲོས་ཚོགས་འོག་མས་སྲིད་འཛིན་ཞིག་ལ་ཉེས་འཛུགས་བྱེད་ཐེངས་གསུམ་པ་གྲུབ་སྟེ། ཊོམ་ཕུ་སྲིད་འཛིན་གོ་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐོག་མའི་བརྒྱུད་རིམ་ཚར་ཡོད་འདུག

གནད་དོན་དེའི་ཐད་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ཡིས་གསར་འགོད་པར། ངས་དེ་རིང་གི་ཉིན་མོ་དང་འོས་ཤོག་དེ། ང་ཚོས་རྒྱལ་ཁབ་གྱི་ཡབ་ཆེན་རྣམས་ཀྱི་སྤྱི་མཐུན་རྒྱལ་ཁབ་གསར་བསྐྲུན་གྱི་འཆར་སྣང་དང་། ང་ཚོའི་དམངས་གཙོ་དང་སྤྱི་མཐུན་སྲུང་སྐྱོབ་བྱེད་མཁན་གྱི་དམག་མི་སྐྱེ་བོ་ཕོ་མོ་ཚོའི་བློས་གཏོང་དང་། དེ་བཞིན་ང་ཚོའི་ཕྲུ་གུ་རྣམས་ཀྱི་རང་ཉིད་དམངས་གཙོའི་རྒྱལ་ཁབ་ཅིག་ནང་གནས་རྒྱུའི་སེམས་འདུན་བཅས་ལ་ཆེ་མཐོང་བྱས་པ་ཞིག་ཏུ་མཐོང་གི་ཡོད། ཅེས་བརྗོད་ཡོད་ན་ཡང་། སྲིད་འཛིན་ཊོམ་ཕུ་ཡིས་གནད་དོན་དེ་དང་འབྲེལ་ང་ཚོས་འདིར་ལས་ཀ་གསར་སྐྲུན་དང་མེ་ཆི་གྷན་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད་ཀྱང་། གཡོན་ཐལ་ཆེ་བའི་གྲོས་ཚོགས་དེ་ཞེ་སྡང་དང་ཁོང་ཁྲོས་བཏུམ་ཡོད་སྐོར་བརྗོད་འདུག

གཞན་དེ་རིང་ཨ་རིའི་འཛིན་སྐྱོང་གི་ཕོ་བྲང་དཀར་པོ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དེ་རིང་ནི་གྲོས་ཚོགས་འོག་མའི་ནང་ཨ་རིའི་ལོས་རྒྱུས་ཁྲོད་ཀྱི་ཆེས་ངོ་གནོང་དགོས་པའི་ཆབ་སྲིད་ཀྱི་ལེའུ་ཞིག་མཚོན་གྱི་ཡོད་པ་དང་། སྲིད་འཛིན་ལ་ནག་ཉེས་བསགས་པའི་དཔང་རྟགས་གཅིག་ཀྱང་མེད་པར་ཉེས་འཛུགས་བྱས་པ་ནི་ལུགས་མཐུན་མིན་པ་དང་། དེ་ཡང་ནག་ཉེས་ཀྱི་གཞི་རྩ་གང་ཡང་མེད་པར་སྲིད་དོན་ཚོགས་པ་རྐྱང་པའི་རྒྱབ་སྐྱོར་ཐོག་ནས་ལག་བསྟར་བྱས་པ་ཞིག་ཡིན་པ་མ་ཟད། འདས་པའི་ཉན་ཞིབ་ཁྲོད་སྲིད་འཛིན་གྱིས་ནག་ཉེས་གང་ཡང་བསགས་མེད་པར་ཁུངས་སྐྱེལ་བྱེད་ཐུབ་ཡོད། ཅེས་དང་། འདི་ལྟ་བུའི་གླེན་རྟགས་ཆེ་བའི་བྱ་འགུལ་དག་གིས་དམངས་གཙོ་ཚོགས་པས་རྒྱལ་ཁབ་འདིར་མི་མང་ཆེད་བྱ་བ་སྒྲུབ་མཁན་གྱི་གྲོས་ཚོགས་ཤིག་དགོས་པའི་ཕུགས་རེ་དེ་བརྗེད་སོང་བ་རེད། ཅེས་སོགས་སྐྱོན་བརྗོད་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཇོན་རོ་བྷར་ཊི་ (John Roberts) དང་། གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་ཞུ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༩ ཉིན་ཞིབ་དཔྱོད་ཉན་ཞིབ་དངོས་གཞི་དེ་མགོ་འཛུགས་དང་། ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༦ ཉིན་སྲིད་འཛིན་ཊོམ་ཕུ་ལ་ཉེས་འཛུགས་དོན་ཚན་ཐད་ཞིབ་དཔྱོད་ཉན་ཞིབ་སྒྲིག་གཞི་གཏན་འབེབ་དང་། ཕྱི་ཟླ་ ༢ པའི་ནང་ཨ་རིའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་གོང་ནས་ཚར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ན་ཡང་། ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་སྲིད་འཛིན་ཉེས་འཛུགས་དེ་སྲིད་དོན་ཚོགས་པའི་འགལ་ཟླ་ལྟ་བུ་ཞིག་མངོན་ཡོད་པ་དང་། ཉེས་འཛུགས་འོས་བསྡུའི་ཁྲོད་འཐུས་མི་རེ་ཟུང་གིས་བར་བའམ་ཚོགས་པ་བརྗེ་བསྒྱུར་བྱས་པ་མ་གཏོགས། དམངས་གཙོ་ཚོགས་པའི་འཐུས་མི་ཚང་མས་ཉེས་འཛུགས་དོན་ཚན་ལ་རྒྱབ་སྐྱོར་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཚང་མས་དགག་བྱ་བཏོན་ཡོད་འདུག

ཨ་རིའི་སྲིད་འཛིན་ལ་དངོས་གཞིའི་ཉེས་འཛུགས་ཀྱི་བྱ་རིམ་དེ་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་མགོ་འཛུགས་བྱས་ཡོད་པ་དང་། དེ་ཡང་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡༢ ཉིན་ལྐོག་ཉན་པ་ཞིག་གིས་ཨ་རིའི་གྲོས་ཚོགས་གོང་མར་སྲིད་འཛིན་ཊོམ་ཕུ་ཡིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཡུ་ཁེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་(Volodymyr Zelenskyy)དང་ལྷན་དུ་ཁ་པར་ནང་བྱུང་བའི་གླེང་མོལ་དག་བློ་འཚབ་སྐྱེ་གཞི་ཞིག་ཡིན་སྐོར་དང་། སྲིད་འཛིན་ཊོམ་ཕུ་ཡིས་ཕྱིའི་རྒྱལ་ཁབ་ཅིག་ལ་ཨ་རིའི་འོས་བསྡུའི་ནང་ཤུགས་རྐྱེན་སྤྲོད་ཐབས་ལ་སྐུལ་སློང་བྱས་ཡོད་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱས་པས། དམངས་གཙོ་ཚོགས་པས་ཨ་རིའི་ཕོ་བྲང་དཀར་པོར་དེ་འབྲེལ་གྱི་གནད་དོན་ཚང་མ་ཕྱིར་བསྒྲགས་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན། ཕོ་བྲང་དཀར་པོའི་སྲིད་འཛིན་གྱི་སྐད་ཆ་ཚང་མ་ཕྱི་བསྒྲགས་བྱེད་དགོས་བྱུང་ཡོད་པ་རེད།

སྲིད་འཛིན་ཊོམ་ཕུ་ཡིས་ཡུ་ཁེ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ལ་ཁ་པར་བརྒྱུད་བཤད་པའི་སྐད་ཆའི་ཁྲོད། ཡུ་ཁེ་རེན་གྱི་སྣུམ་ཐོན་སྤྱི་གཉེར་ཁང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ནས་ཨ་རིའི་སྲིད་འཛིན་ཟུར་པ་ཇོའུ་བྷའེ་ཌེན་(Joe Biden)དང་ཁོ་པའི་བུ་ཇོའུ་ཧན་ཊར་(Joe Hunter)གཉིས་ལ་རྟོག་ཞིབ་བྱེད་དགོས་པར་སྐུལ་འདེད་བྱས་ཡོད་པ་དང་། ཇོའུ་བྷའེ་ཌེན་ནི་ཨ་རིའི་སྲིད་འཛིན་ཟུར་པ་ཙམ་དུ་མ་ཟད། སླེབས་ལ་ཉེ་བའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཡིན་པས། དམངས་གཙོ་ཚོགས་པས་སྲིད་འཛིན་ཊོམ་གྱིས་རང་གི་སྲིད་འཛིན་གྱི་དབང་ཆ་ལོག་སྤྱོད་བྱས་ཏེ་རང་གི་ཁ་གཏད་འཇོམས་ཐབས་བྱས་ཡོད་སྐོར་བརྗོད་དེ། གྲོས་ཚོགས་འོག་མའི་གསང་བའི་ལས་དོན་ཚོགས་ཆུང་(Intelligence Committee)དང་། ཁྲིམས་བཤེར་ཚོགས་ཆུང་(Judiciary Committee)གཉིས་ཀྱིས་སྲིད་འཛིན་ཊོམ་ཕུ་ཡིས་ནག་ཉེས་ཅི་བསགས་ཀྱི་ཐད་ཉན་ཞིབ་ཉིན་ལྔ་དང་། གནད་དོན་དེ་དང་འབྲེལ་བའི་དཔང་མི་ ༡༧ ལྷག་ལ་འདྲི་རྩད་བྱས་ཡོད་པ་མ་ཟད། ཉན་ཞིབ་བྱ་རིམ་ཁྲོད་སྲིད་འཛིན་ཊོམ་ཕུ་ཡིས་གྲོས་ཚོགས་འོག་མའི་བཀའ་ཁྱབ་ལ་རྩིས་མེད་ཀྱི་ཕོ་བྲང་དཀར་པོའི་ལས་བྱེད་རྣམས་ཉེས་འཛུགས་འདྲི་ཞིབ་ཀྱི་དཔང་མིར་མངག་གཏོང་བྱས་མེད་པར་བརྟེན། གྲོས་ཚོགས་ཀྱི་བྱ་རིམ་ལ་འགལ་རྐྱེན་བཟོས་པའི་ཉེས་འཛུགས་གཉིས་པ་དེ་གཏན་འབེབ་བཅས་བྱས་ཡོད་པ་རེད།

ཨ་རིའི་རྩ་ཁྲིམས་ཀྱི་དོན་ཚན་གཉིས་པའི་ནང་གསེས་བཞི་པའི་ནང་། ཨ་རིའི་སྲིད་འཛིན་དང་། སྲིད་འཛིན་གཞོན་པ། གཞུང་གི་སྲི་ཞུ་བ་གཞན་རྣམས་ཀྱིས་རྒྱལ་འཚོང་དང་ལྐོག་ཟའམ། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེ་ཆུང་གཞན་གྱི་ཉེས་འཛུགས་ (impeachment) འོག་ནག་ཉེས་ར་འཕྲོད་ (conviction) བྱུང་ཚེ་ལས་གནས་ནས་གནས་དབྱུང་གཏོང་དགོས་སྐོར་བཀོད་པ་ལྟར། ཐོག་མར་ཨ་རིའི་གྲོས་ཚོགས་འོག་མས་ཉན་ཞིབ་གྱི་བྱ་རིམ་བརྒྱུད་སྲིད་འཛིན་ལ་ཉེས་འཛུགས་དོན་ཚན་གཏན་འབེབ་བྱེད་དགོས་ཤིང་། དེར་གྲོས་ཚོགས་འོག་མའི་ནང་འཐུས་མི་ཕྱེད་ཀ་ལས་མང་བའམ་དམའ་མཐའི་མང་མོས་ཐོབ་དགོས་པ་དང། གལ་ཏེ་མང་མོས་མ་ཐོབ་ཚེ་ཉེས་འཛུགས་ཀྱི་བྱ་རིམ་དེ་ནས་མཚམས་འཇོག་བྱ་དགོས་ཀྱི་ཡོད་པ་རེད།

སྤྱིར་ཨ་རིའི་ལོ་རྒྱུས་ཁྲོད་དུ། གྲོས་ཚོགས་འོག་མས་ཕྱི་ལོ་ ༡༩༦༨ ལོར་ཨ་རིའི་སྲིད་འཛིན་བཅུ་བདུན་པ་ཨེན་ཌི་རུའོ་ཇོན་སོན་(Andrew Johnson) དང་། ཡང་ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་སྲིད་འཛིན་ཞེ་གཉིས་པ་བྷིལ་ཀི་ལི་ཊོན་ (Bill Clinton) ལ་ཉེས་འཛུགས་བྱས་ཡོད་ཀྱང་། ཕྱིས་གྲོས་ཚོགས་གོང་མའི་ནང་འཐུས་མི་གསུམ་ཆ་གཉིས་ཀྱི་འོས་གྲངས་མ་ཐོབ་པར་བརྟེན། སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་བཏང་ཐུབ་མེད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིག་སོན་(Richard Nixon)ལ་གྲོས་ཚོགས་འོག་མས་ཉེས་འཛུགས་མ་བྱས་གོང་ནས་སྲིད་འཛིན་གོ་གནས་ནས་རྩ་དགོངས་ཞུས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༩

Leave a Reply

One thought on “སྲིད་འཛིན་ཊོམ་ཕུ་གནས་དབྱུང་གི་ཐོག་མའི་ཉེས་འཛུགས་གྲུབ། 

  1. གཞུང་པ་ཚེ་དབང་བསོད་ནམས

    ཨ་ཁ་ད་ང་ཚོའི་སྐྱབས་བཅོལ་ས་དང་རེ་བ་བཅོལ་སའི་རྒྱལ་ཁབ་ཨ་རི་དང་རྒྱ་གར་ནང་བདེ་འཇགས་མེད་པར་བློ་ཕམ་དང་བཅས་གནས་ཚུལ་འདི་རིགས་བཟང་ཕྱོགས་སུ་ཁ་ཕྱོགས་ཐུབ་པའི་སྨོན་ལམ་ཡང་ཞུ་གི་ཡོད།