རྗེ་ཙོང་ཁ་པའི་སྙན་ངག་གླེང་བ།

རྗེ་ཙོང་ཁ་བའི་སྙན་ངག་བགྲོ་གླེང་སྟེང་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་ནས་ད་ལྟའི་དུས་ཚོད་ལ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་བསྟན་པ་ལ་བྱ་བ་མཛད་དགོས་དུས་རྩོམ་པའི་ཡོན་ཏན་གྱི་དཔེ་ལྟ་ས་དེ་རྗེ་རིན་པོ་ཆེའི་སྙན་རྩོམ་དག་ཡིན་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་གྱི་ཐོག་དགའ་ལྡན་དགོན་པའི་ཚན་རིག་ཁང་གི་ཐོག་ཁང་དུ། ཏྭ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས་ཀྱི་གོ་སྒྲིག་འོག རྗེ་ཙོང་ཁ་པའི་སྙན་ངག་གི་གལ་གནད་དང་ཁྱད་ཆོས་གླེང་བ་ཞེས་པའི་བགྲོ་གླེང་ཞིག་ཚོགས་སོང་བ་དང་། གདན་ཞུས་གསུང་བཤད་པ་དགེ་བཤེས་ལྷ་རམས་ཨང་དང་པོ་ཟླ་བ་ཚེ་རིང་ལགས་དང་། དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས། སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་བཅས་ཀྱི་དབུས། གདན་ས་ཁག་ནས་ཕེབས་པའི་གྲྭ་བཙུན་དང་། མཐོ་སློབ་ཁག་གི་དགེ་རྒན་དང་སློབ་མ། དོ་སྣང་ཅན་གྱི་མི་མང་བཅས་འཛོམས་འདུག་ལ། གདན་ཞུས་གསུང་བཤད་པ་གསུམ་ནས་བྱེ་བྲག་གི་བརྗོད་གཞི་མི་འདྲ་བ་གསུམ་གྱི་ཐོག་གསུང་བཤད་གནང་གྲུབ་རྗེས། ཚོགས་ཞུགས་པ་རྣམས་ཀྱིས་རྗེ་རིན་པོ་ཆེ་མཆོག་གི་ལྗགས་རྩོམ་སྐོར་ལ་དྲི་བ་དྲིས་ལན་གནང་སོང་།

ཐོག་མར་བགྲོ་གླེང་གོ་སྒྲིག་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་བགྲོ་གླེང་གི་དགོས་དམིགས་སྐོར་ངོ་སྤྲོད་གནང་དོན། རྗེ་ཙོང་ཁ་བའི་སྙན་ངག་སྐོར་ལ་མཁས་པའི་བགྲོ་གླེང་དེ་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་དེ། རྗེ་ཙོང་ཁ་པ་དེ་བོད་ཀྱི་རྩོམ་རིག་དང་སྙན་ངག་གི་ལོ་རྒྱུས་ཁྲོད་ནས་ཧ་ཅང་གི་མཁས་པ་དང་བྱས་རྗེས་ཆེན་པོ་ཡོད་མཁན་ཞིག་དང་། སྙན་ངག་གི་གྲངས་ཚདཐད་ནས་་ཧ་ཅང་འབོར་ཆེན་པོ་ཡོད་པ་མ་ཟད། སྙན་ངག་གི་གྲངས་འབོར་མང་བ་ཙམ་མ་ཡིན་པར་རྒྱུ་མཚན་དང་དགོས་པ་སོགས་རྒྱབ་ལྗོངས་དམིགས་བསལ་མེད་ན་རྩོམ་འབྲི་མཁན་མིན་སྟབས། ཁོང་གི་སྙན་ངག་དེ་གྲངས་ཀ་དང་སྤུས་ཀ་གཉིས་ནས་ཚད་མཐོ་བོ་ཡིན་པ་དང་། ལྷག་པར་དུ་རྗེ་ཙོང་ཁ་པའི་སྙན་ངག་དག་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་བརྒྱ་ཕྲག་བཅོ་ལྔ་པའི་ནང་གི་བོད་ཀྱི་རིག་གནས་དང་ཆབ་སྲིད། སྤྱི་ཚོགས་ཁོར་ཡུག་དང་ཁོང་སྐུ་སྒེར་གྱི་མི་ཚེའི་རྒྱབ་ལྗོངས་ཀྱི་ཐོག་ནས་བྱུང་བ་ཡིན་པ་དང་། ཁོང་གི་སྙན་ངག་གི་མཛད་རྗེས་དང་གསར་རྩོམ་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་རྩོམ་རིག རྗེ་ཙོང་ཁ་པའི་རང་ལུགས་དེ་བོད་གཙོའི་ཡུལ་ལུང་གཞན་ལ་རྒྱ་ཁྱབ་དུ་འགྲོ་བར་ཤུགས་རྐྱེན་ཆེན་པོ་རེད། དེ་འདྲ་ཡིན་སྟབས་རྗེས་ཙོང་ཁ་པའི་སྙན་ངག་གི་སྐོར་ལ་དམིགས་བསལ་མཁྱེན་རྒྱ་ཡོད་མཁན་མཁས་པ་རྣམ་པ་དང་། གནས་ཁྱད་པར་ཅན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དུས་ཁྱད་པར་ཅན་དགའ་ལྡན་ལྔ་མཆོད་ཀྱི་སྔ་རོལ་ལ་གླེང་སློང་ཞིག་བྱེད་ཐུབ་པ་ཡིན་ན། གཅིག་ནས་ཁོང་གི་མཛད་རྗེས་ལ་རྗེས་དྲན་བྱེད་ཐུབ་པའི་ཆ་ཤས་གལ་ཆེན་ཞིག་ཏུ་འགྱུར་བ་དང་། གཉིས་ནས་གླེང་བ་པོ་དང་གླེང་སའི་ཡུལ་དང་གླེང་བའི་དུས་ལ་སོགས་ལ་འདི་འདྲ་ཞིག་གོ་སྒྲིག་བྱེད་ཐུབ་པ་ཡིན་ན་ཕན་ཐོགས་གལ་ཆེན་འདུག་བསམ་པ་ཡིན། ཞེས་གསུངས་སོང་། དེའི་རྗེས་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་རྗེ་ཙོང་ཁ་པའི་སྙན་ངག་སྤྱི་དང་བྱེ་བྲག་གསང་སྔགས་ཀྱི་གནད་དོན་སྐོར་གྱི་སྙན་ངག་སྐོར་གསུང་བཤད་གནང་སྐབས། སྔགས་ཀྱི་སྐོར་ནས་ཞུས་པ་ཡིན་ན་གསང་འདུས་སྨོན་ལམ་དང་བདེ་མཆོག་སྨོན་ལམ་འཇིགས་བྱེད་སྨོན་ལམ་སོགས་ཀྱི་ནང་ང་ཚོས་ལམ་རིམ་ཤར་སྒོམ་བྱས་པ་བཞིན། རྗེ་རིན་པོ་ཆེས་བདེ་གསང་འཇིགས་གསུམ་ནང་བསྐྱེད་རྫོགས་ཀྱི་རིམ་པ་ཚང་མ་ཚུར་བསྡུས་ནས་ཤོ་ལོ་ཀ་རེ་རེའི་ནང་ལ་བྲིས་ཡོད་པ་དང་། རྩོམ་དེ་དག་མཇལ་བ་ཡིན་ན་བརྗོད་བྱ་དངོས་གནས་དེ་སྔགས་ཀྱི་ལམ་གྱི་རིམ་པའི་རྙོག་དྲ་ཚ་བོ་དེ་འདྲ་ཡོད་པ་རེད་དེ། ཚིག་སྦྱོར་སྒྲིག་སྟངས་ཐོག་ནས་སྙན་པོ་དང་ཁ་ལ་བདེ་བོ་ཞེ་དྲག་ཡོད་པ་དང་། དེ་བཞིན་ནང་དོན་ཀྱི་ཆ་ནས་ཤིས་བརྗོད་དེ་དག་ལ་མཇལ་བ་ཡིན་ན་རྟེན་འབྲེལ་སྐོར་དང་། མཆོད་པའི་ལྷ་མོའི་སྐད་ཆ་བཤད་སྐབས་འདོད་པའི་ཉམས་སྟོན་ཐུབ་པ་སོགས་སྐབས་ཐོག་སོ་སོའི་གསང་སྔགས་ཀྱི་གཞུང་ལ་སྦྱར་ནས་བྲིས་ཡོད་པ་དང་། དེ་བཞིན་དགེ་ལྡན་པ་ཚོའི་བདེ་གསང་འཇིགས་གསུམ་གྱི་བདག་བསྐྱེད་ཕལ་ཆེ་བ་རྗེ་རིན་པོ་ཆེའི་སྐབས་སུ་གནང་བ་དང་། རྗེ་རིན་པོ་ཆེས་བདག་བསྐྱེད་གནང་བ་ཡིན་སྟབས་ཚིག་སྦྱོར་སྙན་པོ་ཡོད་པ་རེད། དེ་གནད་འགག་མཐོང་དོན་བདག་བསྐྱེད་དབྱིན་ཡིག་ལ་སྒྱུར་སྐབས་སྙན་ཆ་དོད་པོ་དགོས་པ་དང་། སྙན་ཆ་མེད་ན་བདག་བསྐྱེད་དེ་དག་ཉིན་རྒྱུན་ཁ་ནས་སྐྱོར་དགོས་སྟབས་ཉིན་ཤས་ཀློག་པ་ཡིན་ན་ཉོབ་སྣང་ཡོང་གི་ཡོད་པ་རེད། ལྷག་པར་དུ་བདག་བསྐྱེད་ཀྱི་མངོན་བསྟོད་དེ་དག་ལྷ་ལ་འགྲེལ་བཤད་ཡིན་སྟབས། ལྷ་རེ་རེའི་ཆ་ཤས་དང་རྣམ་འགྱུར་ཞལ་རས་ཕྱག་སོགས་རི་མོ་བྲིས་པ་བཞིན་ཡིན་པ་སོགས། རྗེས་རིན་པོ་ཆེའི་སྙན་རྩོམ་མང་པོ་དང་ཚད་མཐོ་བོ་ཡིན་སྐོར་སོགས་གསུངས་སོང་།  

རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་རྗེ་ཙོང་ཁ་པའི་སྙན་ངག་སྤྱི་དང་ཉམས་ལེན་གྱི་སྙན་ངག་སྐོར་གསུང་བཤད་གནང་སྐབས། རྗེ་རིན་པོ་ཆེའི་སྙན་ངག་དང་ཚིག་གི་སྡེབ་སྦྱོར་སོགས་ནས་ང་ཚོར་ཁ་ཕྱོགས་གསལ་བོ་ཞིག་ག་རེ་གནང་གི་ཡོད་པ་རེད་ཅེ་ན། བསྟན་བཅོས་རྩོམ་པའི་སྐབས་ལ་ལེགས་བཤད་གསེར་ཕྲེང་དང་དྲང་ངེས་ལེགས་བཤད་སྙིང་པོ་སོགས་བརྩམས་པའི་སྐབས་ལ་བྱུང་བ་དེ་དག་ཁ་གསལ་བོ་བཟོས་མེད་པ་དེ་རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་རེད། དེ་བཞིན་རྗེ་རིན་པོ་ཆེའི་རྩོམ་གྱི་ཁྱད་ཆོས་གཙོ་བོ་གཞན་ཞིག་གང་ན་ཡོད་པ་རེད་ཅེས་ན། དོན་དག་གང་ཞིག་འཆད་པ་ཡིན་ན་ཡང་ཁུངས་གཏུག་ས་རྒྱ་གཞུང་ཡིན་པ་དང་། དེ་བཞིན་གཞན་གྱིས་ལོག་རྟོག་སྨྲ་བཞིན་ཡོད་ན་རྗེ་རིན་པོ་ཆེའི་དགེ་རྒན་དང་སློབ་མ་སུ་ཞིག་ཡིན་ཀྱང་བཏང་སྙོམས་སུ་ནམ་ཡང་འཇོག་གི་མེད་པ་དེ་ཁྱད་ཆོས་གཙོ་བོ་གཅིག་རེད། ཅེས་དང་། ཡང་ད་ལྟའི་དུས་ཚོད་ལ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་བསྟན་པ་ལ་བྱ་བ་མཛད་དགོས་དུས་རྩོམ་པའི་ཡོན་ཏན་གྱི་དཔེ་ལྟ་ས་དེ། དེང་དུས་ཀྱི་རྩོམ་ལ་ལྟ་དགོས་པ་རེད་དེ་བསྟན་པ་གསལ་བར་བྱེད་དགོས་པ་དང་གང་གསལ་བར་བྱས་ཏེ་འཛིན་དགོས་པ་ཡིན་སྟབས། རྗེ་རིན་པོ་ཆེའི་སྙན་རྩོམ་དེ་དག་ལ་དཔེ་ལྟ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བའི་ནང་དུ་རིན་པོ་ཆེ་གཅིག་དེ་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་ཞེས་གསུང་པ་བཞིན་རིན་པོ་ཆེ་དེ་འཇུ་ཐུབ་པ་ཡིན་ན། རང་གི་སེམས་རྒྱུད་ལ་ཡོད་པའི་རིན་པོ་ཆེ་རྐུ་བ་དང་ཉམས་པ་མེད་པའི་རིན་པོ་ཆེ་ཞིག་ཡིན་པས་དེ་ལ་འབད་བརྩོན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

མཇུག་ཏུ་དགེ་བཤེས་ཟླ་བ་ཚེ་རིང་ལགས་ནས་རྗེ་ཙོང་ཁ་པའི་སྙན་ངག་སྤྱི་དང་བྱེ་བྲག་ལྟ་བའི་སྐོར་བརྗོད་དོན་དུ་བྱས་པའི་སྙན་ངག་སྐོར་ལ་གསུང་བཤད་གནང་སྐབས། རྗེ་རིན་པོ་ཆེའི་སྙན་ངག་ནང་ནས་ལྟ་གྲུབ་དང་འབྲེལ་བ་ཡོད་པའི་སྙན་ངག་དེ་རྟེན་འབྲེལ་བསྟོད་པ་དང་དྲང་ངེས་སོགས་ཡིན་པ་དང་། ལྟ་གྲུབ་ལ་འགྲོ་མི་འགྲོ་ཅི་རིགས་ཡིན་པ་བློ་རིག་སྙིང་པོ་སོགས་ཡིན་པ་དང་། སྤྱི་ཡོངས་ནས་ལྟ་གྲུབ་ཀྱི་གནད་རྩལ་དུ་མི་ལྡན་པ་ནམ་རྒྱུན་འཇིག་རྟེན་ཕལ་བའི་སྙན་ངག་བྲིས་པ་བཞིན་གཞུང་ལུགས་དང་གཞུང་ལུགས་ལ་མ་སྦྱར་བའི་སྙན་ངག་དེ་རྗེ་རིན་པོ་ཆེའི་གསུང་རྩོམ་ནང་དཀོན་པོ་ཡིན་པ། དེ་བཞིན་གཞུང་ལུགས་དང་སྦྱར་བ་གང་ཞིག་ལ་ནམ་རྒྱུན་སྙན་ངག་གི་དཔེ་རྒྱན་བྲིས་ཡོང་སྐབས་འཇིག་རྟེན་ཕོ་མོའི་འདོད་ལུགས་དང་སྦྱར་བ་དེ་ཉུང་ཉུང་ཡིན་པ་སོགས། ཁོང་རང་གིས་རྗེ་རིན་པོ་ཆེའི་སྙན་ངག་གི་ཁྱད་ཆོས་སྙིང་བསྡུས་བཤད་ན་དེ་འདྲ་མཐོང་གི་ཡོད་སྐོར་གསུངས་སོང་།

བསྐྱར་བཅོས།: ༢༠༡༩/༡༢/༢༠

Leave a Reply

4 thoughts on “རྗེ་ཙོང་ཁ་པའི་སྙན་ངག་གླེང་བ།

  1. གཞུང་པ་ཚེ་དབང་བསོད་ནམས།

    ཀ་དག་ཕྱག་རྒྱ་བློ་བཟང་གྲགས་པའི་དཔལ།
    ཁ་བའི་ཡུལ་གྱི་ཕོ་རྒོད་ཙོང་ཁ་པ།
    གངས་རིའི་འཕྲོད་དུ་ཁྱེད་ཀྱི་རྒྱལ་བསྟན་བཙུགས།
    ང་ཚོ་བོད་མིའི་བསོད་ནམས་ཁྱེད་ཀྱི་སྦྱིན།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྗེ་བློ་བཟང་གྲགས་པའི་བསྟན་པ་རྒྱས་པ་ལ།
    འཐོས་བསམ་སྒོམ་གྱི་དར་ཆེན་འགྲེངས་ན་དགའ།
    འཆད་རྕོད་རྩོམ་གྱི་རྒྱལ་མཚན་བཙུགས་ན་ལེགས།
    བློ་བཟང་གྲགས་པའི་བསྟན་པ་རྒྱས་རྒྱུར་ཅིག།

  3. གསལ་ལེ་རྒྱལ།

    ༧རྗེའི་སྙན་ངག་གི་ཁྱད་ཆོས་ཚིག་གཅིག་ཀྱང་བཤད་རྒྱུ་མེད་ན་ཁག་མི་འདུག་མོད། ཡིན་ནའང་ངས་བཤད་མི་ཤེས་ཟེར་མི་ཤེས་ནོ་འདི་ཡ་མཚན་རེད། ད་དུང་དགེ་བཤེས་ཡིན་ན་ཅིག བཤད་ས་ཚང་མ་ལ་མཐོང་ཆུང་རེད།

  4. གསལ་ལེ་རྒྱལ།

    གྲྭ་ཕྲུག་འགས་རྩེད་མོ་རྩེས་བ་བཞིན་རྗེ་རིན་པོ་ཆེའི་སྙན་ངག་གླེང་བ་འདི་མཐོང་ནས་དགོད་ཤོར་སོང་། ཁག་མི་འདུག་མོད། འདི་ཙམ་ལས་གླེང་མི་ཤེས་ན་གདན་ཞུ་བྱེད་མཁན་ལ་དགོངས་དག་ངས་དེའི་སྐོར་ནས་ཅི་ཡང་གླེང་མི་ཤེས་ཟེར་མ་ཐུབ་པ་དེ་ཡ་མཚན་རེད། དགེ་བཤེས་ཡིན་ན་ཅིག་ཧཧཧཧ།