རྗེ་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ལོ་དྲུག་བརྒྱ་འཁོར་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས།

རྗེ་རིན་པོ་ཆེ་སྐུ་གཤེགས་ནས་ལོ་ ༦༠༠ འཁོར་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་རང་སྟོང་ཉིད་ཀྱི་ལྟ་བ་ལ་རྩད་སྦྱོར་མྱོང་བ་གང་ལ་གང་འཚམ་ཐོན་པ་དེ་རྗེ་རིན་པོ་ཆེའི་བཀའ་དྲིན་ཡིན་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༠ ཉིན་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག   རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་ ༦༠༠ འཁོར་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དབུ་འཛུགས་གནང་སོང་བ་དང་། ཐེངས་འདིའི་བགྲོ་གླེང་ཐོག་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱི་དབུས་མཁན་ལས་ཟུར་རྣམས་དང་།  ལོ་མང་ནས་ནང་ཆོས་ཐོག་སློབ་གཉེར་གནང་མྱོང་མཁན་(University of Michigan)ཀྱི་སློབ་དཔོན་ཆེན་མོ་ཌོ་ནལ་ལོ་པེ་ཛི་(Donald S.Lopez)ལགས་དང་། ཝིར་ཇི་ནི་ཡ་གཙུག་ལག་སློབ་གཉེར་ཁང་(University of Virginia)གི་སློབ་དཔོན་ཆེན་མོ་ཇེ་ཧྥི་རི་ཧོབ་ཀིན་(Jeffrey Hopkins)ལགས་སོགས་ཕྱི་རྒྱལ་གྱི་གཙུག་ལག་སློབ་ཆེན་དང་བསྟི་གནས་ཁང་ ༡༢ ནས་མཁས་དབང་ ༡༥ ཙམ་དང་། བོད་ཀྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གཙོ་བོར་གྱུར་བའི་དགོན་སྡེ་ཁག་དང་། བཙུན་དགོན། གཙུག་ལག་སློབ་གཉེར་ཁང་བཅས་ཁྱོན་ཕྱི་ནང་གི་མཁས་དབང་ ༣༠ ཡས་མས་གདན་འདྲེན་ཞུས་འདུག

བགྲོ་གླེང་དབུ་འབྱེད་ཀྱི་ཐོག་མར་དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་ནས་བགྲོ་གླེང་གི་ལས་རིམ་དང་དགོས་དམིགས་ངོ་སྤྲོད་གནང་སྐབས། དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་དང་། གལ་ཆེ་ཤོས་གཅིག་ནི་རྗེ་བླ་མའི་མཛད་པ་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད། དམིགས་ཡུལ་གཉིས་པ་ནི་རྗེ་བླ་མའི་བཞེད་པ་དང་གསུང་རབས་ཐོག་བགྲོ་གླེང་ཞུ་རྒྱུ་དང་། གསུམ་པ་དེང་གི་དུས་སུ་ཡང་འཇམ་མགོན་བླ་མའི་གསུང་རབས་དང་བཞེད་པའི་ནང་ནས་དེང་རབས་ཀྱི་ལྟ་བ་དང་ཉིན་རེའི་ཀུན་སྤྱོད་སོགས་བློ་སྐྱེད་གང་ཡོད་དང་ཇི་ལྟར་ཉམས་ལེན་ཞུ་རྒྱུ་བཅས་ཡིན། དེ་ཡང་དེང་གི་དུས་སུ་བོད་བརྒྱུད་ནང་བསྟན་ལ་བརྟེན་པའི་རིག་གཞུང་གིས་དེང་རབས་ཀྱི་ཤེས་བྱ་དང་ལྟ་ཕྱོགས་སོགས་ལྟ་ཚུལ་མཐའ་ཡས་པ་ཕན་ཚུན་གཤིབ་བསྡུར་བྱ་རྒྱུའི་གོ་སྐབས་ཡོད་པའི་སྐབས་འདིར། བོད་བརྒྱུད་ནང་བསྟན་གྱིས་ཚན་རིག་དང་དཔུང་པ་མཉམ་གཤིབ་ཀྱིས་གདེང་སྤོབས་ཆེན་པོའི་ཐོག་ནས་བགྲོ་གླེང་བྱེད་ཐུབ་པ་དེ་ནི། ཕྱོགས་གཅིག་ནས་འཇམ་མགོན་བླ་མས་རིག་པ་རྩལ་འདོན་གྱིས་གཞུང་ལུགས་བརྟན་པོ་བཙུགས་པའི་བཀའ་དྲིན་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས་མུ་མཐུད། བོད་བརྒྱུད་ནང་བསྟན་དེ་ནང་པ་ཙམ་དུ་མ་ཟད་རྒྱལ་སྤྱིའི་ཤེས་ཡོན་དང་ལྟ་གྲུབ་ཀྱི་སྟེང་ནས་བལྟས་ན་ཡང་། ཕྱི་དངོས་པོ་གཙོ་བོར་འཛིན་པའི་དུས་དང་སྤྱི་ཚོགས་ནང་ཆོས་དང་ཆོས་མིན་གྱི་བླང་དོར་འབྱེད་ཚུལ་དང་། ཚན་རིག་གི་རྙེད་དོན་དང་ཆོས་ལུགས་ཀྱི་ཉམས་ལེན་བར་གྱི་འབྲེལ་བ། ཆོས་དད་དང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་མ་བརྟེན་པར། འགྲོ་བ་མི་མཐའ་དག་ལ་འཕྲད་པའི་ཡ་རབས་བཟང་སྤྱོད་ཀྱི་བླང་དོར་གཞི་གང་ལ་འཇོག་པའམ་ཁྱབ་སྤེལ་ཇི་ལྟར་བྱེད་དགོས་མིན་སོགས། མདོར་ན་ཆོས་ལ་བརྟེན་པའི་དད་པ་དང་དངོས་པོའི་གནས་ཚུལ་འཚོལ་བའི་རིགས་ལམ་སོགས་དཀའ་བའི་གནས་མང་དག་ཅིག་ལོ་ངོ་ ༦༠༠ སྔོན་ནས་མྱ་ངན་ལས་འདས་པའི་རྗེ་བླ་མ་ཙོང་ཁ་པའི་གསུང་རབས་ནང་གསལ་ཡོད་སྐོར་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཕྱིའི་རྒྱལ་ཁབ་ཀྱི་ནང་བསྟན་ཐོག་ཞིབ་འཇུག་ཡུན་རིང་གནང་མྱོང་བའི་མཁས་པ་སྐོར་ཞིག་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༡༠ ནས་ཕེབས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བགྲོ་གླེང་དབུ་འབྱེད་ཀྱི་བཀའ་སློབ་ལམ་སྟོན་བསྩལ་སྐབས། རྗེ་རིན་པོ་ཆེའི་མདོ་དང་སྔགས་ཀྱི་གཞུང་རྣམས་ལ་བསམ་བློ་བཏང་ནས་བལྟས་པ་ཡིན་ན། ཚིག་དང་དགག་གཞག་གཙོ་བོ་གནང་མེད་པར། དོན་དག་དེ་མར་གསུང་ཡོང་དུས་དངོས་གནས་དྲང་གནས་ཀྱིས་ཀླུ་སྒྲུབ་གཉིས་པ་ཞུས་ཀྱི་ཡོད་ལ་ཞུ་ཆོག་པ་དེ་འདྲ་རེད། ད་རྗེ་རིན་པོ་ཆེ་མྱ་ངན་ལས་འདས་ནས་ལོ་ ༦༠༠ ཕྱིན་པ་རེད་དེ། ལོ་དེ་དག་གི་རིང་ལ་རྗེའི་མཛད་རྗེས་ལ་བརྟེན་ནས་མཁས་པའི་དབང་ཕྱུག་དང་སྒྲུབ་པའི་དབང་ཕྱུག་གང་ཚོད་བྱུང་ཡོད་པ་རེད། དེ་དག་གིས་བོད་རྒྱལ་ཁབ་ཡོངས་རྫོགས་དང་། རྒྱ་ནག་དང་སོག་པོའི་ནང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལ་ཆེ་བསྟོད་གནང་ཡོད། དངོས་གནས་ཞེ་དྲགས་མཛད་རྗེས་ཆེན་པོ་རེད་བཞག རྗེ་རིན་པོ་ཆེའི་རྣམ་ཐར་དེ་འདྲ་རེད། ཅེས་གསུངས་སོང་།

ཁོང་ཉིད་ལ་མཚོན་ན་སྟོང་ཉིད་ཀྱི་ལྟ་བ་གང་འཚམ་ཐོན་ཡོད་པ་རྗེ་རིན་པོ་ཆེའི་དཀའ་དྲིན་ཡིན་པའི་སྐོར་ལ། དེ་ནས་ང་རང་སྒེར་ལ་ཆ་བཞག་ན་ཡང་ཕྱོགས་གཅིག་ནས་རྗེ་རིན་པོ་ཆེ་ངེད་གཉིས་ཕ་ཡུལ་གཅིག་པ་རེད། རྗེ་རིན་པོ་ཆེའི་འཁྲུངས་ས་དེ་ནས་ངའི་སྐྱེ་ས་དེར་རྟ་བཞོན་ནས་ཕྱིན་པ་ཡིན་ན་ཞོགས་པ་གཅིག་ལ་སླེབས་ཀྱི་རེད། ཤེས་སོང་ངམ། དེར་བརྟེན་རྗེ་རིན་པོ་ཆེའི་ལེགས་བཤད་རྨད་དུ་བྱུང་བ་དེ་དག ངའི་ཉམས་ལེན་གྱི་ཐོག་ནས་བཤད་ན་ཡང་། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་དབུ་མ་དགོངས་པ་རབ་གསལ་དང་། རྩ་ཤེའི་ཊཱིཀ་ཆེན། ལེགས་བཤད་སྙིང་པོ་སོགས་ཀྱི་ཐོག་ནས་དབུ་མའི་ལྟ་བ་དེ་ཧ་ལམ་རྩེ་སྦྱོར་གྱི་མྱོང་བ་ཐོན་བསྡད་པ་ལྟ་བུ་རེད་འདུག ལེགས་བཤད་དེ་ཚོ་ཞེ་དྲགས་རེད། བྱང་ཆུབ་སེམས་ཐད་སྤྱོད་འཇུག་ལས་ལྷག་པ་ཡོད་པ་མ་རེད། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་གསུང་གི་ཡོད། ཞི་བ་ལྷས་སྤྱོད་འཇུག་བརྩམས་པ་ནས་དུས་ད་ལྟ་བར་དུ་བདག་གཞན་མཉམ་བརྗེ་བློ་སྦྱོང་གི་གཞུང་བྱུང་མྱོང་མེད་ཅེས་གསུངས་མྱོང་ལ། བདེན་པ་རེད་བཞག སྤྱོད་འཇུག་རྒྱུན་དུ་ལྟ་སྡོད་ཀྱི་ཡོད། དེར་བརྟེན་ང་རང་སྒེར་ལ་ཆ་བཞག་ན་སྟོང་ཉིད་ཀྱི་ལྟ་བ་ལ་རྩད་སྦྱོར་མྱོང་བ་གང་ལ་གང་འཚམ་ཐོན་པ་དེ་རྗེ་རིན་པོ་ཆེའི་བཀའ་དྲིན་ཡིན། དེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཞེ་དྲགས་རེད་བཞག ཅེས་གསུངས་སོང་།

དེ་རིང་མཁས་པའི་བགྲོ་གླེང་གི་ཚོགས་ཐུན་དང་པོའི་ཐོག་དགའ་ཤར་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་གི་གཙོ་སྐྱོང་འོག མི་ཆི་གན་གཙུག་ལག་མཐོ་སློབ་(University of Michigan)ཀྱི་སློབ་དཔོན་ཆེན་མོ་ཌོ་ནལ་ལོ་པེ་ཛི་(Donald S.Lopez)ལགས་ཀྱིས། རྗེ་ཙོང་ཁ་པ་ཆེན་པོ་འཛམ་གླིང་ནང་ལོ་རྒྱུས་ཐོག་མཁས་པ་ཡིན་པའི་སྐོར་ལ་གསུང་བཤད་གནང་སྐབས། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། ང་ཚོས་བོད་གངས་ཅན་ལྗོངས་ཀྱི་མཛེས་རྒྱན་ལྟ་བུའི་མི་འདིའི་སྐོར་ལ་ཅི་ཞིག་བཤད་ཐུབ་བམ། ང་ཚོས་བཤད་ཐུབ་པ་ནི་རྗེ་རིན་པོ་ཆེ་དགོངས་པ་རྫོགས་ཏེ་ལོ་ངོ་ ༦༠༠ རྗེས་ཀྱི་དེ་རིང་ང་ཚོ་འདིར་འཛོམས་པ་དང་། རྗེ་རིན་པོ་ཆེ་ལ་བརྟེན་ནས་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་དགོན། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་དགོན། ད་དུང་དགའ་ལྡན་ཕོ་བྲང་སོགས་བྱུང་བ་རེད་ལ། རྗེ་རིན་པོ་ཆེ་ལ་བརྟེན་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་པཎ་ཆེན་པོ་ཆེ་གཉིས་བྱུང་བ་རེད། རྗེ་རིན་པོ་ཆེ་ནི་རྒྱལ་བོ་དང་བཙན་རྒྱལ་རིང་ལུགས་པ་ཞིག་མ་ཡིན་ཞིང་། དྲག་དམག་མགོ་འཁྲིད་ཅིག་དང་ཆབ་སྲིད་པ་ཞིག་ཀྱང་མ་ཡིན་པར། ཁོང་ནི་རྣལ་འབྱོར་བ་ཞིག་སྟེ་སློབ་མ་འགའ་འཁྲིད་དེ་གནས་གཅིག་ནས་གཅིག་བརྒྱུད་བཀའ་འགྱུར་བསྟན་འགྱུར་ཉམས་ལེན་བྱས། ཁོང་ནི་བྱང་ཆུབ་སེམས་དཔའ་ཞིག་སྟེ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ལྟ་གྲུབ་ཀྱི་གཞུང་ལུགས་བརྩམས་པ་དང་། རྗེ་ཙོང་པ་ཆེན་པོ་འཛམ་གླིང་ནང་ལོ་རྒྱུས་ཐོག་གི་མཁས་དབང་ཡིན་སྐོར་སོགས་གསུངས་སོང་།
མཇུག་ཏུ་སེར་བྱེས་དགེ་བཤེས་ཡ་མ་རིན་ཆེན་ལགས་ནས་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་ལོ་རྒྱུས་དང་མཛད་པའི་སྐོར་ནས་རྗེ་རིན་པོ་ཆེས་བསྟན་པའི་རྩ་བ་འདུལ་བ་དག་ཐེར་མཛད་ཚུལ་སོགས་ཁོང་གི་མཛད་རྗེས་གཙོ་ཆེ་སོགས་ངོ་སྤྲོད་གནང་སོང་། སང་ཉིན་དང་གནངས་ཉིན་མུ་མཐུད་བོད་ཀྱི་གདན་ས་གསུམ་གཙོ་བོར་གྱུར་བའི་ཀིརྟི་གྲྭ་ཚང་དང་རྒྱུད་གྲྭ་སྟོད་སྨད་གཉིས། རྣམ་རྒྱལ་གྲྭ་ཚང་། བཀྲ་ཤིས་ལྷུན་པོ། སྒྲོལ་མ་གླིང་། མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་། ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ཨ་རིའི་ཨེ་མོ་རི་མཐོ་སློབ་དང་། མི་ཆི་གན་གཙུག་ལག་མཐོ་སློབ་(University of Michigan)ཝིར་ཇི་ནི་ཡ་གཙུག་ལག་སློབ་གཉེར་ཁང་(University of Virginia) ཁོ་ལོམ་བྷི་གཙུག་ལག་སློབ་ཆེན་(Columnia University)སོག་ཡུལ་ལྟ་གྲུབ་རིག་པའི་བསྟི་གནས་ཁང་(Mongolia Acadamy of Sciences)ཁ་ལི་ཧྥོར་ནི་སན་དཱ་བྷར་བྷ་རཱ་གཙུག་ལག་མཐོ་སློབ་(University of California santa Barbara)བྷིར་སི་ཊོལ་གཙུག་ལག་མཐོ་སློབ (University of Bristol) པི་ནོའུ་མཱ་བསྟི་གནས་ཁང་(Pneuma Institute)། བྷུ་ཌཱ་ཡན་མཱ་ཧཱ་སེན་གྷ་མཱ་ཧཱ་རཱ་ཤི་ཏ་ར་(Buddhayan Mahasangha Mahashtra ) སྲ་བསྟི་བཙུན་དགོན་(Sravasti Abbey)། སན་ཏཱ་ཁཱ་རཱ་ (Santa Clara University)། (Institute of Tibetan Classics)བཅས་ནས་ཕེབས་པའི་མཁས་དབང་རྣམས་ཀྱིས། རྗེ་ཙོང་ཁ་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་བཞེས་པ་དང་། མཛད་རྗེས་སྤྱི་ཡི་སྐོར། དབུ་མའི་ལྟ་བ། དྲང་ངེས་དང་ཕར་ཕྱིན། སྒོམ་གྱི་ལྟ་གྲུབ་དང་ཉམས་ལེན། ལམ་རིམ་བློ་སྦྱོང་སྤྱི་དང་བྱམས་སྙིང་རྗེ་བྱང་སེམས་བཅས་ཀྱི་སྐོར་ལ་བཞེད་པ་དང་མཛད་རྗེས་ཅི་བཞག་སྐོར་ལ་མཁས་པས་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག དགའ་ཤར་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་དང་དགའ་བྱང་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསྟན་པ་མཆོག་རྣམ་གཉིས་ཕེབས་ཏེ་སྤྱི་ཡོངས་ནས་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། རྩོམ་སྒྲིག་པ་པདྨ་མཚོས་ས་གནས་ནས་མཁོ་གཏོང་གནང།

བསྐྱར་བཅོས།: ༢༠༡༩/༡༢/༢༠

Leave a Reply

2 thoughts on “རྗེ་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ལོ་དྲུག་བརྒྱ་འཁོར་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས།

  1. གཞུང་པ་ཚེ་དབང་བསོད་ནམས

    འདས་ལོ་དྲུག་བརྒྱའི་རྗེ་ཡིའི་བསྟན་པ་ལ།
    དུས་རབས་ཉེར་གཅིག་མཁས་པའི་བགྲོ་གླེང་འདི།
    བསྟན་པ་རྒྱས་པའི་རྟགས་དང་རྟེན་འབྲེལ་ལ།
    ཐ་མལ་བློ་ཡིས་དད་པའི་མཎ་ཌལ་འབུལ།
    བློ་བཟང་གྲགས་པའི་བསྟན་པ་རྒྱས་རྒྱུར་ཅིག།

  2. གྲུབ་པའི་དབང་ཕྱུག་པད་མ་འབྱུང་གནས་དང་། དེ་ཡི་རྣམ་འཕྲུལ་རྒྱལ་བ་ཙོང་ཁ་པ། སྟེ་རིས་མེད་པའི་ཆོས་བརྒྱུད་ཁག་གི་ལུང་གི་བསྟན་པ་རྒྱས་དགོས་ན། ༧རྒྱལ་མཆོག་ཐམས་ཅད་བཀའ་སློབ་ཇི་ཕེབས་སྙིང་དབུས་སུ་འཆང་ནས་སེ་ར་དང་། འབྲས་སྤུངས། དགའ་ལྡན་སོགས་དགེ་ལྡན་པའི་དགོན་པ་ཆེ་ཁག་རྣམས་ཀྱི་ནང་བསླབ་པ་སློབ་གཉེར་ཇི་ལྟར་གནང་བ་དཔེ་ལ་བླངས་ནས་བསྒྱུར་བཅོས་གནང་དགོས། གཞན་ཡང་རྟོགས་པའི་བསྟན་པ་རྒྱས་པ་ལ་ཐམས་ཅད་ཀྱིས་ཤུགས་བསྐྱོན་དགོས། རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་དང་། ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་བསྒྲུབ་སྟེ། སྒྲུབ་བརྒྱུད་འཛིན་པའི་བསྟན་པ་ཆེ་བརྒྱད་ཀྱི། བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །