ཨ་རིའི་བོད་དོན་ཁྲིམས་འཆར་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་བཏོན་པ་དེས་རྒྱལ་སྤྱིའི་ཁྲིམས་དང་གཞི་རྩའི་སྒྲིག་ལམ་ཁག་རྡོག་རོལ་དང་ཁ་བྲལ་ཕྱོགས་ཁག་ལ་བརྡ་ལན་ནོར་འཛོལ་ཅན་ཞིག་གཏོང་གི་ཡོད་པ་རེད་ཟེར། 

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་དགོས་པ་དང། ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོ་ཨ་རིའི་ནང་བསྐྱོད་རྒྱུར་བཀག་བསྡོམས་བྱེད་རྒྱུ་སོགས་འཁོད་པའི་ཕྱི་ལོ་ ༢༠༢༩ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་(H.R.4331 – Tibetan Policy and Support Act of 2019) ཞེས་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེར་གྲོས་བསྡུར་བསྐྱར་ཞིབ་ཀྱིས་རྒྱབ་སྐྱོར་ནས་དངོས་སུ་གྲོས་ཚོགས་སུ་ཕུལ་ཡོདའདུག

ཐེངས་འདིར་ཨ་རིའི་གྲོས་ཚོགས་ལ་ཕུལ་བའི་ཁྲིམས་འཆར་གསར་པ་དེ་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་ ༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ལ་བསྐྱར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད་ཡིན་པ་དང་། ཁྲིམས་འཆར་དེ་ཐོག་མར་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷ་ཝན་ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་བཏོན་ཡོད་པ་དང་། ཟླ་དེའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མཱར་ཁོ་རུ་བྷི་ཡོ་(Marco Rubio)ལགས་ཀྱིས་གྲོས་ཚོགས་གོང་མས་ནང་བཏོན་ཡོད་པ་རེད། ཁྲིམས་འཆར་དེས་ནང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་ཐེ་གཏོགས་བྱེད་མཁན་རྒྱ་ནག་གི་མགོ་འཁྲིད་ཚོར་དཔལ་འབྱོར་དང་། ཚོང་ལས། དེ་བཞིན་ཕྱིར་བསྐྱོད་ཐོངས་མཆན་ཕྱིར་བསྡུ་སོགས་ཀྱི་ཉེས་ཆད་གཏོང་གི་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཁང་ཞིག་བཙུགས་མ་བཅུག་བར་དུ་ཨ་རིའི་ནང་རྒྱ་ནག་གཞུང་ཚབ་ཁང་གསར་བ་གཅིག་ཀྱང་འཛུགས་མི་ཆོག་པ་བཟོ་རྒྱུ་བཅས་ཡིན་འདུག

ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་ནས་རྒྱབ་སྐྱོར་ཐོབ་པར་བརྟེན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིས་བོད་དོན་ཁ་ལ་ཁྱེར་ཏེ། རྒྱ་ནག་གི་ནང་སྲིད་ཐད་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དང་། ཁྲིམས་འཆར་དེས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྱད་གསོད་གཏོང་གི་ཡོད་པས་ཁྲིམས་འཆར་ཕྱིར་འཐེན་དགོས་སྐོར་ནན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲང་ (Geng Shuang) ཟེར་བས།  ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས། བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེས། རྒྱལ་སྤྱིའི་ཁྲིམས་དང་གཞི་རྩའི་སྒྲིག་ལམ་ཁག་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ཁ་བྲལ་ཕྱོགས་ཁག་ལ་བརྡ་ལན་ནོར་འཛོལ་ཅན་ཞིག་གཏོང་གི་ཡོད་པས། རྒྱ་ནག་ཕྱོགས་ནས་ཁྲིམས་འཆར་དེར་ངོས་ལེན་རྩ་བ་ནས་མེད་ལ་མཐའ་གཅིག་ཏུ་དགག་པ་བྱེད་ཀྱི་ཡོད་ལ། ཨ་རིའི་བྱ་སྤྱོད་དེ་ནི་ནོར་འཁྲུལ་ཧ་ཅང་ཚབས་ཆེན་ཞིག་རེད། ཅེས་བརྗོད་ཡོད་འདུག 

གཞན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ (Global Times) ནང་། རྒྱ་ནག་གཞུང་ནས་ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་འདོན་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷ་ཝན་ (Jim McGovern)ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རོ་བྷེ་ཨོ་ (Marco Rubio) ལགས་གཉིས་སུ་ཁྲིམས་འཆར་ནང་རྒྱ་ནག་གི་མགོ་འཁྲིད་ཚོར་ཉེས་ཆད་ག་རེ་གཅོད་ཀྱི་ཡོད་པ་ཇི་བཞིན་ཁོ་གཉིས་ལའང་རྒྱ་ནག་ནང་འགྲིམ་འགྲུལ་བྱེད་རྒྱུ་སོགས་ཀྱི་ཉེས་ཆད་གཅིག་མཚུངས་གཅོད་རྒྱུ་ཡིན། ཞེས་ཨ་རིར་རྒོལ་ལན་བསློགས་འདུག

ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་། གྲོས་གཞི་དོན་ཚན་བདུན་ཡོད་པ་དང་དེ་དག་ནི། གཅིག ༧གོང་ས་མཆོག་གི་སྐུའི་ཡང་སྲིད་འདེམས་སྒྲུག་བྱེད་རྒྱུ་ནི་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཤིག་བཟོས་ཏེ། ༧གོང་ས་མཆོག་གི་ཡང་སྲིད་ནི་ནང་པའི་རྗེས་འབྲང་པ་དང་༧གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་འོག་ནས་འགྲོ་དགོས་པ་ལས་སྲིད་གཞུང་ཞིག་གིས་ཐེ་གཏོགས་བྱ་མི་ཆོག་པ་དང་། གཉིས། མ་འོངས་པའི་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་གཏོགས་བྱེད་མཁན་རྒྱ་ནག་གི་མགོ་འཁྲིད་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་ཉེས་ཆད་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོའི་ཨ་རིའི་ནང་ཡོད་པའི་རྒྱུ་དངུལ་གཞུང་བཞེས་དང་ཨ་རིར་ཡོང་རྒྱུ་བཀག་བསྡོམས་སོགས་ཡོད་པ་རེད་ལ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དབུ་འཁྲིད་བདམས་པར་སྲིད་གཞུང་ཞིག་གི་ཐེ་གཏོགས་མི་ཡོང་སླད། ཨ་རིའི་གཞུང་གིས་བོད་མི་ཚོར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་ཐབས་བྱེད་དགོས་ཀྱི་ཡོད་འདུག གསུམ་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་ཞིག་བཙུགས་མ་བཅུག་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་འཛུགས་བྱེད་མི་ཆོག་པ་དང་། བཞི་པ། ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་ཡིག་དེར་བསྐྱར་ཞིབ་བྱས་ཏེ། བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཨ་རིའི་ཁྲིམས་ཀྱི་ཆ་ཤས་ཤིག་ཏུ་བཟོ་རྒྱུ། ལྔ་པ། བོད་ཀྱི་ས་ཁམས་གནས་སྟངས་གལ་ཆེན་དུ་བརྩིས་ཏེ། བོད་ཀྱི་ཆུ་དང་བོད་ནང་འཕྲད་བཞིན་པའི་ཁོར་ཡུག་གི་དཀའ་ངལ་ཁག་ཐེར་འདོན་བྱེད་རྒྱུ་དང་། དྲུག་པ། ཕྱི་ལོ་ ༢༠༢༥ བར་ཨ་རིས་བོད་ཕྱི་ནང་གཉིས་ལ་གཞུང་འབྲེལ་རོགས་དངུལ་གནང་རྒྱུ་གཏན་འབེབ་བྱ་རྒྱུ། མཐའ་མ་དེར་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་མང་གཙོའི་གཞུང་ཞིག་བཙུགས་ཡོད་པར་བསྔགས་བརྗོད་བྱ་དགོས་སྐོར་བཅས་འཁོད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༢༠

Leave a Reply

One thought on “ཨ་རིའི་བོད་དོན་ཁྲིམས་འཆར་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད།

  1. གཞུང་པ་ཚེ་དབང་བསོད་ནམས

    རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་དེ་ཁ་དམག་རྒྱབ་ནས་ཕྱི་འབྲེལ་གྱི་ལས་དོན་སྒྲུབ་བཞིན་པ་དང་ཨ་རྒྱའི་ཁ་དམག་འོག་ནས་འཛམ་གླིང་གི་ཆབ་སྲིད་ལ་འགྱུར་བ་འགྲོ་བའི་རེ་བ་མ་མཐོང་ཡང་བོད་ཀྱི་དཀའ་རྙོགས་ལ་ཨ་རིའི་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་དང་ཤར་ཕྱོགས་རྒྱབ་ཁབ་ཚོའི་རྒྱ་མིའི་མཉམ་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་ལ་ཕན་པའི་ཆབ་སྲིད་ཀྱི་ལས་ཀ་སྒྲུབ་དགོས་པ་ལས་ཁ་དམག་ལ་འགན་འཁུར་ནས་དུས་ཚོད་སྐྱེལ་ཐུབ་པ་ཙམ་གྱི་བོད་ཕན་གྱི་ཆབ་སྲིད་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་དཀའ།