གཞུང་གི་ཡིག་རྒྱུགས་ཁྲོད་བོད་སྐད་ཡིག་གསར་སྣོན་བྱ་རྒྱུ་ཟེར།

བོད་ནང་གི་བོད་སྐད་ཡིག་ཆེད་ལས་སློབ་གཉེར་བ་ཚོས་རྒྱ་ནག་གཞུང་ལ་དགེ་རྒན་འོས་སྦྱོང་དང་གཞུང་ཞབས་ཡིག་རྒྱུགས་ཁྲོད་བོད་སྐད་ཡིག་དགོས་པའི་ཡར་ཞུ་རིམ་པར་བྱས་རྐྱེན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོ་ནས་བོད་སྐད་ཡིག་གསར་སྣོན་བྱ་རྒྱུ་ཡིག་སྐོར་བསྒྲགས་འདུག 

རྒྱ་ནག་གཞུང་གིས་དེ་སྔ་བོད་སྐད་ཡིག་ཆེད་ལས་ཡིན་པའི་བོད་རིགས་སློབ་མ་ཚོས་གོང་རིམ་གྱི་ལས་ཀ་དང་དགེ་རྒན་དཔང་ཡིག་ལེན་སྐབས་བོད་ཡིག་ཏུ་རྒྱུགས་སྤྲོད་ཡུལ་མེད་པ་ལྟར། བོད་ནང་གི་བོད་སྐད་ཡིག་ཆེད་ལས་སློབ་གཉེར་བ་ཚོས་རྒྱ་ནག་གཞུང་ལ་དེ་དོན་ཡར་ཞུ་རིམ་པར་བྱས་སྟབས། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་ཤེས་རིག་ལྷན་ཁང་ནས་བརྡ་ཐོ་ཡིག་ཨང་ ༥༡ ཟེར་བ་ཞིག་བཏང་སྟེ། ཕྱི་ལོ་ ༢༠༢༠ ལོ་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་འོས་སྦྱོང་ཡིག་རྒྱུགས་ཁྲོད་རིག་ཚན་མང་དུ་བཏང་སྟེ་བོད་ཀྱི་སྐད་ཡིག་ཁ་སྣོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

བརྡ་ཐོ་དེའི་ནང་དགེ་རྒན་འོས་སྦྱོང་ཡིག་རྒྱུགས་ཆབ་སྲིད་གསར་བརྗེའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱ་ཆེད་དང་། དགེ་རྒན་འོས་སྦྱོང་སློབ་མས་རིག་ཚན་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་གྱི་དགོས་མཁོ་སྐོང་ཆེད། སློབ་ཆུང་ལས་རིགས་ངོ་རྒྱུགས་དང་དེ་བཞིན་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་ཀྱི་ཡིག་རྒྱུགས་ནང་། དམིགས་བསལ་སློབ་གསོ་དང་བོད་ཀྱི་སྐད་ཡིག་སྐད་ཡིག་གཞན་བཅས་རིམ་བཞིན་ཁ་སྣོན་བྱས་ཏེ་མང་དུ་བཏང་ཡོད་སྐོར་བཀོད་འདུག

ཡང་བརྡ་ཐོ་དེའི་ནང་། རྒྱ་ནག་གིས་ཆ་བགོས་བྱས་པའི་ནང་སོག་དང་བོད་རང་སྐྱོང་ལྗོངས། ཤིན་ཅང་བཅས་ཀྱི་ས་ཁུལ་ཕུད་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་ནང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་འོས་སྦྱོང་ཡིག་རྒྱུགས་ལས་དོན་ལ་འགྱུར་བ་ཆེན་པོ་བཏང་ཡོད་པས། ཞིང་ཆེན་དང་གྲོང་ཁྱེར་ནང་དགེ་རྒན་འོས་སྦྱོང་ཡིག་རྒྱུགས་ནང་ཞུགས་མཁན་གྱི་སློབ་མའི་གྲངས་ཀ་མང་རུ་ཕྱིན་ཡོད་སྟབས། ཡིག་རྒྱུགས་ཁྲོད་ཧྥ་རན་སི་དང་འཇར་མན་གྱི་སྐད་ཡིག སི་པན་དང་བོད་ཀྱི་སྐད་ཡིག ཀོ་རི་ཡའི་སྐད་ཡིག་སོགས་དགོས་མཁོ་ཧ་ཅང་ཆེ་རུ་ཕྱིན་ཡོད་སྐོར་བཀོད་འདུག

གནད་དོན་དེའི་ཐད་བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགའ་བསུ་དང་བརྒྱུད་སྤེལ་ཆེན་པོ་བྱེད་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་ཞིག་གིས་བརྡ་ཐོ་དེ་དང་འབྲེལ་ནས། དེ་སྔ་བོད་སྐད་ཡིག་ཆེད་ལས་ཡིན་པའི་བོད་རིགས་དངོས་གཞི་སློབ་མ་མང་པོས་གོང་རིམ་གཞུང་ལ་དགེ་རྒན་དཔང་ཡིག་ལེན་སྐབས་བོད་ཡིག་ཏུ་རྒྱུགས་སྤྲོད་ཡུལ་མེད་པའི་དོན་དེ་ཡར་ཞུ་བྱེད་སྐབས།  འབྲེལ་ཡོད་མགོ་འཁྲིད་ཚོས་ཁ་ཡ་མི་བྱེད་པའི་སྟེང་ཚུར་ཁ་རོག་བསྡད་ན་ལེགས་ཚུལ་བཤད་ཡོད་སྐོར་བརྗོད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་བོད་སྐད་ཡིག་གཙོའི་སྐད་ཡིག་ཁ་སྣོན་གྱི་ལས་དོན་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེའི་ཁྲོད་གསར་དུ་བསྣན་པའི་ཡིག་རྒྱུགས་སློབ་ཚན་དང་པོ་དང་གཉིས་པ་རྒྱ་ནག་རྒྱལ་ཡོངས་ལ་གཅིག་མཚུངས་སུ་ལག་བསྟར་བྱ་དགོས་ཀྱི་ཡོད་པ་དང་། བསླབ་ཚན་གསུམ་པ་སྟེ། སློབ་སྦྱོང་། ཤེས་བྱ་དང་སློབ་ཁྲིད་ཀྱི་ནུས་པ་ཞེས་པ་དེ་ཚོད་ལྟའི་ཞིང་ཆེན་རང་གིས་བརྗོད་བྱ་བྱེད་པའམ་ཡང་ན་ཁ་རྒྱུགས་དང་མཉམ་དུ་དཔྱད་ཞིབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཡོད་འདུག ངོ་རྒྱུགས་དེ་བཞིན་གནས་སྐབས་རིང་ཚོད་ལྟ་དང་ཤེས་རིག་ལྷན་ཁང་གི་ཁོངས་གཏོགས་དགེ་འོས་སློབ་ཆེན་རང་གིས་ལག་ལེན་བསྟར་རྒྱུ་དང་། ཆ་རྐྱེན་འཛོམས་རྗེས་རྒྱལ་ཡོངས་གཅིག་གྱུར་ཐོག་བསྒྲགས་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༢༠

Leave a Reply

One thought on “གཞུང་གི་ཡིག་རྒྱུགས་ཁྲོད་བོད་སྐད་ཡིག་གསར་སྣོན་བྱ་རྒྱུ་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས།

    རྒྱ་ཡིག་མ་ཤེས་སྟབས་རྒྱ་ཡིག་ནང་ག་རེ་བྲིས་ཡོད་མེད་ཧ་མི་གོ་བས་གནས་ཚུལ་དེ་དངོས་བདེན་ཡིན་མིན་འཐེ་འཚོམ་ནང་ལྷག་འདུག།