ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་རྙོག་དེ་དག་མུ་མཐུད་དུ་གནས་ཐུབ་བམ།

རྡོ་རྗེ་རིན་ཆེན།

སྤྱི་ཚོགས་ཐོག་གི་དོན་གང་ཞིག་ཡིན་རུང་མི་མང་ནང་གླེང་སློང་མང་པོ་བྱེད་བཞིན་པ་དེ་དོན་དག་ཡག་པོ་ཞིག་རེད། དེས་ཅི་ཞིག་མཚོན་གྱིན་ཡོད་པ་རེད་ཟེར་ན། མི་མང་གིས་གང་དེའི་དོན་དག་དེ་ལ་དོ་སྣང་དང་འགན་ཁུར་གྱིན་ཡོད་པའི་རྟགས་མཚན་ཞིག་རེད། ང་ཚོས་ཐད་ཀར་བསམ་ན་ཅུང་མ་འགྲིག་པ་དང་མི་ལེགས་པའི་རྣམ་པ་ཞིག་ཏུ་མཐོང་གི་རེད། ཡིན་ནའང་། སྤྱི་ཚོགས་ཤིག་གི་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་ངོས་ནས་གཟིགས་པ་ཡིན་ན། དེ་ནི་དོན་བཟང་པོ་ཞིག་རེད་ལ། དེའི་མཇུག་འབྲས་ནི་བདེན་པ་དང་རྫུན་པ་སོར་སོར་སོང་ནས་ནམ་མཁའ་གཡའ་དག་པ་བཞིན་ཆགས་ཀྱི་རེད།

དེའི་ཕྱིར་དེང་སྐབས་བོད་མི་མང་པོ་ཞིག་གིས་བོད་ཆོལ་ཁ་གསུམ་ནང་འཁྲུག་ཡོང་ཉེན་གྱི་སེམས་དོགས་བྱེད་ཀྱི་ཡོད་ངེས་རེད། ང་ལ་སྔོན་མ་ནས་ཡིད་ཆེས་ཤིག་ཡོད། དེ་ནི་མི་རིགས་དབྱེ་འབྱེད་དང་ཆོས་ལུགས་བར་གྱི་འགལ་བ། ཆོལ་ཁ་དང་ས་གནས་བར་གྱི་དོན་དག་ཕྱོགས་རེ་བ་དེ་དག་ནི་མི་རིང་བར་མཇུག་རྫོགས་ངེས་རེད། རྒྱུ་མཚན། ལོ་རྒྱུས་ཀྱི་འཁོར་སྐྱོད་ནི་དེ་དག་མཇུག་རྫོགས་པའི་ཕྱོགས་སུ་འཁོར་གྱིན་ཡོད་པ་རེད། མིའི་རིགས་ནང་ཁུལ་གྱི་རྩོད་རྙོག་དེ་དག་ནི་ལོ་རྒྱས་ཀྱི་འཕེལ་འགྱུར་ཞིག་རེད། ལོ་རྒྱུས་ནི་ནམ་ཡང་ཕྱིར་ཟློག་བྱ་མི་སྲིད་པ་ཞིག་རེད། མི་རབས་གསར་བ་ཚོས་སྐྱུག་བྲོ་བའི་དོན་དག་དེ་དག་ཡང་བསྐྱར་མིའི་རིགས་ཀྱི་ལོ་རྒྱུས་སྟེང་འགོད་མི་སྲིད་པ་ཞིག་རེད་ལ། བོད་མི་ཚོས་ཀྱང་དེ་བཞིན་ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་རྙོག་དེ་དག་མུ་མཐུད་དུ་སེམས་ལ་བཟུང་ནས་མ་འོངས་བོད་ཀྱི་སྤྱི་ཚོགས་ནང་གནས་ངེས་པ་ཞིག་གཏན་ནས་མ་རེད།

ང་ལ་ད་དུང་ཡིད་ཆེས་ཞིག་ཡོད། དེ་ནི་བོད་མི་རིགས་ནི་ས་ཡི་གོ་ལ་འདིའི་སྟེང་ལས་སླ་བོའི་ངང་ཡལ་སྲིད་པ་ཞིག་གཏན་ནས་མ་རེད། རྒྱུ་མཚན། བོད་མི་རིགས་ལ་མེས་པོ་ནས་བརྒྱུད་པའི་རང་བྱུང་དང་སྤྱི་ཚོགས་ལ་མཐུན་འགྱུར་བྱེད་ཐུབ་པའི་ནུས་པ་ཞིག་ཡོད་པ་རེད། ང་ཚོས་ལོ་རྒྱུས་ཀྱི་ངོས་ནས་གཞིགས་པ་ཡིན་ན། ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་དུ་བོད་མཐོ་སྒང་གི་གནམ་གཤིས་དེ་ཧ་ཅང་གྲང་ངར་ཆེ་བ་ཞིག་རེད། ལོ་རྒྱུས་སྨྲ་བ་དང་གནའ་རྫས་རྟོག་ཞིབ་པ་ཚོས་བརྗོད་ན་ཧ་ལམ་དེ་དུས་ནི་བོད་མཐོ་སྒང་དུ་འགྲོ་བ་མིའི་རིགས་འཚོ་ཐབས་མེད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད། ཡིན་ནའང་། བོད་མིའི་མེས་པོ་ཚོས་དེ་ལྟའི་གནམ་གཤིས་རྩུབ་པོ་དང་གྲང་ངར་ཆེ་བའི་ཁོར་ཡུག་ལ་མཐུན་འགྱུར་བྱེད་ཐུབ་ཡོད་པ་རེད།

མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་གྱི་ངོས་ནས་བསམ་ན། འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་སུ་མིའི་རིགས་ཀྱི་ལོ་རྒྱུས་དེ་དངོས་སུ་ལམ་ཁ་གསར་བ་ཞིག་ལ་གོམ་པ་སྤོས་ཡོད་པ་དང་། ང་ཚོས་ཤེས་གསལ་ལྟར་དུས་རབས་བཅུ་དགུ་བའི་ཡར་སྔོན་དུ་མིའི་རིགས་ཀྱི་ལོ་རྒྱུས་ནི་མི་རིགས་རང་ལུགས་དང་བཙན་དབང་རང་ལུགས་ལྟེ་བར་བྱས་ནས་འཁོར་ཡོང་བ་རེད། འོན་ན། དུས་རབས་བཅུ་དགུ་བའི་ནང་དང་དེའི་རྗེས་ལ་མི་རིགས་རང་ལུགས་དང་བཙན་དབང་རང་ལུགས། ཡང་ན། དེས་རྐྱེན་བྱས་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཡ་ང་བ་དང་སྐྱུག་བྲོ་བའི་དོན་རྐྱེན་མ་བྱུང་བ་རེད་དམ་ཟེར་ན། དེ་ནི་མ་རེད། ཡིན་ནའང་། དུས་རབས་བཅུ་དགུ་བའི་རྗེས་ལ་དེང་རབས་དཔལ་ཡོན་ལག་རྩལ་དར་བ་དང་ལྷན། སའི་གོ་ལ་ནི་ཇེ་ཆུང་ནས་ཇེ་ཆུང་དང་། མིའི་རིགས་ཀྱི་འབྲེལ་ལམ་ནི་ཕན་ཚུན་ཉེ་བ་ནས་ཉེ་རུ་ཕྱིན་པ་རེད། དེའི་ཕྱིར་མི་མང་དཀྱུས་མ་ཚང་མས་རང་ཉིད་འཚོ་སྡོད་བྱེད་སའི་གོ་ལའི་ཤར་ནུབ་གང་དུ་དོན་དག་ཅི་ཞིག་བྱུང་གིན་ཡོད་པ་དེ་ཤེས་ཐུབ་པར་གྱུར་བ་རེད། མ་གཞི་ནས་སྐྱེ་འགྲོ་ཡོད་ཚད་འཚེ་བ་ལ་མི་མོས་པ་ནི་རང་བཞིན་ལྷན་སྐྱེས་ཤིག་ཡིན་རྐྱེན། དུས་རབས་བཅུ་དགུ་བའི་རྗེས་ལ། མིའི་རིགས་ཡོངས་ཀྱི་བསམ་སྤྱོད་དེ་སྤྱིའི་ཆ་ནས་འཚེ་བ་དང་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ལམ་དུ་ཕྱིན་ཡོད་པ་རེད།

འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་ཚང་མ་ཐད་ཀར་ཁེ་ཕན་ལྟེ་བར་བྱས་དེ་འཁོར་བཞིན་ཡོད་ནའང་། ང་ཚོས་སེམས་གནད་དུ་བབས་ཏེ་གཟིགས་ན། འགྲོ་བ་མིའི་རིགས་ཡོངས་ནས་དམིགས་བྱ་ཞིག་གཉེར་བཞིན་པ་ནི། ཞི་བདེ་དང་འདྲ་མཉམ། མིའི་རིགས་ཡོངས་ཞི་བདེ་མཉམ་གནས་ཡོང་བའི་འཛམ་གླིང་ཞིག་ལ་རེ་བ་དང་དེ་དོན་དུ་འབད་ཀྱིན་ཡོད་པ་ནི་གསལ་བོ་རེད། འདི་ནི་དུས་རབས་སྔོན་མ་རྣམས་དང་མི་འདྲ་བར་མིའི་རིགས་ཡོངས་ཀྱི་རིན་ཐང་གི་ལྟ་ཚུལ་ཞིག་ཆགས་ཡོང་གི་ཡོད་པ་རེད། མིའི་རིགས་ལ་ལོ་རྒྱུས་ཡོད་པ་ནས་བཟུང་། དབང་ཡོད་དང་སྟོབས་འབྱོར་ལྡན་པ་དག་ནི་མིའི་རིགས་ཡོངས་ནས་རྩ་བའི་ཆ་ནས་བཀུར་དགོས་ངེས་ཤིག་དང་བསྟུན་རུང་བ་ཞིག་ཏུ་བསམ་སྤྱོད་གཉིས་ཆ་ནས་བྱུང་ཡོད་པ་རེད་ལ། དེ་ལ་མིའི་རིགས་ཡོངས་ཀྱིས་བསམ་བློའི་ངོས་ནས་ངོ་རྒོལ་དང་ཡ་ལན་གནང་བ་ཞིག་བྱུང་མ་ཐུབ་པ་རེད། ཡིན་ནའང་། མིའི་རིགས་ནི་དེ་ལྟ་བུའི་མུན་ནག་གི་ལོ་རྒྱུས་ནང་ལོ་ངོ་ཁྲི་སྟོང་མང་པོར་འཚོ་བ་ཡིན་ཕྱིར། དེ་ལས་ཐོབ་པའི་འབྲས་བུ་ནི་དེང་རབས་དཔལ་ཡོན་དང་དེང་རབས་ཀྱི་ཆབ་སྲིད་ལམ་ལུགས་རེད།

དེང་རབས་རིག་གནས་དང་དེ་ལས་བྱུང་བའི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་སོགས་མང་པོ་ཞིག་གིས། མིའི་རིགས་ལ་སྔ་ན་མེད་པའི་དགོས་མཁོ་མང་པོ་ཞིག་བསྐྲུན་དང་སྐྲུན་བཞིན་པ་རེད་ལ། དེ་མཚུངས་སུ་སྔར་བྱུང་མ་མྱོང་བའི་དཀའ་རྙོག་མང་པོ་ཞིག་ཀྱང་ལྷན་དུ་ཁུར་ནས་ཡོང་བ་རེད། ང་ཚོས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་སོགས་ལ་བལྟས་པ་ཡིན་ན། འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་ཁྲོད་འདོད་བློ་ཁེངས་བཞིན་མེད་པ་གསལ་བོ་རེད་ལ། ང་ཚོས་མཐོང་ཐུབ་པ་ནི་རྫོགས་རྒྱུ་མེད་པའི་དོན་རྐྱེན་དང་རྙོག་གླེང་ཡིན་ནའང་། རྙོག་གླེང་དེ་དག་ལ་བཟང་ཕྱོགས་ཀྱི་རྟགས་མཚན་ཞིག་ངེས་པར་ཡོད་པ་རེད། རྒྱུ་མཚན། འཛམ་གླིང་མི་མང་གིས་རང་ཉིད་ཀྱི་ད་ལྟའི་ཁྱིམ་ཚང་ཙམ་མ་ཡིན་པར་མིའི་རིགས་ཀྱི་མ་འོངས་པར་འགན་འཁུར་བཞིན་ཡོད་པ་ནི་གསལ་བོ་རེད། འཛམ་གླིང་མི་མང་གིས་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས་ལ་འདོད་བློ་ཁེངས་ཀྱི་མེད་པ་དེ་བཞིན། བོད་མི་མང་པོ་ཞིག་གིས་ཀྱང་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་ཀ་བྱེད་ཕྱོགས་ལ་འདོད་བློ་ཁེངས་བཞིན་མེད་པ་གསལ་བོ་རེད། བོད་མི་ཚོས་དམིགས་ཡུལ་ནི་བོད་ཀྱི་གནད་དོན་གསལ་རྒྱུ་དེ་ཡིན་པ་མ་ཟད། བོད་མི་རང་ཉིད་ཀྱི་སྲིད་གཞུང་དང་འཛིན་སྐྱོང་དེའང་མངོན་ལྐོག་མེད་པ་དང་ཁ་དན་ཚིག་དང་མཐུན་པ་ཞིག་ཡོང་རྒྱུ་དེ་རེད། དེ་ཕྱིར་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞུང་གི་ལས་ཀ་བྱེད་ཕྱོགས་དང་། དེ་མིན་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག མི་མང་ནང་གླེང་སློང་འདྲ་མིན་ཡོང་གིན་ཡོད་པ་ལྟར། དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་བསམ། རྒྱུ་མཚན་གོང་དུ་ཞུས་པ་བཞིན་མི་མང་ནས་སྤྱི་བའི་དོན་ལ་འགན་འཁུར་བཞིན་ཡོད་པ་རེད།

མདོར་ན། སྤྱི་ཚོགས་ནང་མི་རིགས་ཤིག་གི་གདན་དོན་ཡིན་ནའང་འདྲ། རྒྱལ་ཁབ་ཅིག་གི་རྒྱལ་དོན་ཡིན་ན་འདྲ།  མི་མང་ནང་གླེང་སློང་ཡོང་བ་དང་མི་མང་གིས་གང་དེའི་དོན་ལ་དོགས་འདྲི་དང་། ཡང་ན། གཞུང་དང་ཚོགས་པ་གང་ཞིག་གི་ལས་དོན་བྱེད་ཕྱོགས་ལ་མི་མང་ནས་འདོད་བློ་མ་ཁེངས་ཕྱིེན། དེ་ལ་ཐད་ཀར་སྐྱོན་བརྗོད་དང་ངོ་རྒོལ་སོགས་བྱེད་པ་ནི། གོང་དུ་བརྗོད་པ་བཞིན་མི་མང་ནང་རང་གི་མི་རིགས་དང་རྒྱལ་དོན་ལ་ཤ་ཚ་དང་འགན་འཁུར་གྱི་ཡོད་པའི་རྟགས་མཚན་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་ཁབ་དང་མི་རིགས་གང་ཡིན་ན་ཡང་། མི་མང་གི་སྨྲ་བརྗོད་རང་དབང་དང་འདོད་བློ་དེ་སྤྱི་ཚོགས་དང་རྒྱལ་ནང་དུ་མངོན་ཆོག་པ་ནི། སྲིད་གཞུང་གི་ངོས་ནས་བཤད་ན་གང་དེའི་སྲིད་གཞུང་ནི་རེ་བ་ཅན་ཞིག་དང་། མི་མང་གི་ངོས་ནས་བཤད་ན་གཟི་བརྗིད་ཅིག་ཀྱང་རེད། ཡིན་ནའང་། མི་རེ་ཟུང་གིས་ཆོལ་ཁ་དང་ཆོས་ལུགས་ཁོག་ལ་བཅུག་ནས་བོད་མི་ནང་ཁུལ་དཀྲུག་གིན་ཡོད་སྲིད་མོད། དེ་ནི་མི་བུ་རེ་ཟུང་ཞིག་ཡིན་པས་སྤྱི་ཚོགས་ཤིག་ལ་མཚོན་ན་ཡོད་ཆོག་པ་ཞིག་རེད་ལ། དེ་ལ་ང་ཚོ་ཡ་མཚན་དགོས་པ་གང་ཡང་ཡོད་པ་མ་རེད་འདོད། འོན་ཀྱང་། མི་སྒེར་སོ་སོའི་ངོས་ནས་རང་ཉིད་ཀྱི་ལས་དང་རྒྱུ་འབྲས་བྲང་ལ་བཞག་ནས་བསམ་བློ་གཏོང་དགོས་པ་ཞིག་རེད།

ཆེས་འཇིགས་སུ་རུང་བ་དང་ཉེན་ཁ་ཆེ་ཤོས་དེ་ནི། སྲིད་གཞུང་ཞིག་གིས་མི་མང་ལ་བཀའ་བཀོད་ཅི་ཞིག་གནང་རུང་མི་མང་ནས་དང་དུ་ལེན་རྐྱང་དང་། གང་དེའི་སྲིད་གཞུང་གིས་བྱ་སྤྱོད་ཅི་ཞིག་སྤེལ་རུང་མི་མང་ནས་དེ་ལ་སྣང་མེད་དང་། ཡང་ན། དེ་ལ་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་ཅི་ཡང་མི་སྟོན་པ་དང་། ཡང་ན་སྟོན་མི་ནུས་པ་ནི། མི་རིགས་དེ་དང་དེའི་སྲིད་གཞུང་ནི་དངོས་ནས་རུལ་སུངས་དང་བཀས་བཀོད་ཅན་དུ་འགྲོ་བཞིན་པ་ནི་གསལ་བོ་རེད། བོད་མིའི་སྤྱི་ཚོགས་ནང་གི་རྙོག་གླེང་དེ་དག་གི་རྒྱབ་ལྗོངས་ཅི་ཡིན་ལ་མ་ལྟོས་པར། དེང་སྐབས་བོད་མི་ཚོར་གཅིག་མཐུན་དུ་ཉེན་ཚབས་ཀྱི་འདུ་ཤེས་ཤིག་འདུག དེ་ནི་ཧ་ཅང་གི་དགའ་འོས་པ་ཞིག་རེད། མི་རིགས་ཤིག་ལ་རང་ཉིད་འཇིག་ཉེན་གྱི་ཉེན་ཚབས་ཡོད་པ་ནས། ད་གཟོད་འཆི་ལ་ཉེ་བའི་མི་རིགས་གང་དེར་རེ་བ་ཡོད་པར་གྱུར་བ་རེད། མི་རིགས་ཤིག་རྩོད་རྙོག་ནང་ནམ་ཡང་འཆི་སྲིད་པ་མ་རེད། མི་རིགས་ཤིག་ཉལ་ཐས་བཟི་བ་ལྟར་གང་ལའང་སྣང་མེད་གཏོང་བ་དང་། ཉེན་ཚབས་ཀྱི་འདུ་ཤེས་བརླག་འགྲོ་དུས། ད་གཟོད་མི་རིགས་དེ་ལ་རེ་བ་མེད་པར་གྱུར་བ་རེད།

དེའི་ཕྱིར། བོད་མི་ཚོས་སྤྱི་དོན་དང་འབྲེལ་བའི་གླེང་སློང་དེ་དག་ལ་བཟང་ཕྱོགས་ནས་ལྟ་རྒྱུ་ཧ་ཅང་གི་གལ་ཆེ་བར་མཐོང་། མི་མང་པོ་ཞིག་གིས་བོད་མི་ནང་ཁུལ་དུ་འགལ་བ་ཆེན་པོ་ཞིག་ཡོང་དོགས་བྱེད་ཀྱིན་འདུག་ལ། མ་འོངས་པར་བོད་མི་ཚོ་བརྟེན་ས་མེད་པ་ཞིག་ཏུ་ཆགས་ཀྱི་རེད་བསམ་ཡོད། ཡིན་ནའང་ང་ཚོས་བསམ་བློ་ཞིབ་མོའི་ངང་འགྲོ་བ་མིའི་རིགས་ཡོངས་ཀྱི་ལོ་རྒྱུས་ཀྱི་འཁོར་ཕྱོགས་ལ་གཞིགས་པ་ཡིན་ན། རྒྱལ་བ་རིན་པོ་ཆེས་ཡང་ནས་ཡང་དུ་གསུང་བཞིན་པ་ལྟར། བོད་མི་ཚོར་ངེས་པར་བདེ་སྐྱིད་ལྡན་བའི་དུས་བཟང་ཞིག་འཆར་ངེས་པ་རེད་དོ།།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༡༩/༡༢/༢༡

Leave a Reply

5 thoughts on “ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་རྙོག་དེ་དག་མུ་མཐུད་དུ་གནས་ཐུབ་བམ།

  1. རྡོར་རིན་ལྟ་བུ་མི་སྐྱིད་པོ་ཚོས་ལོ་རྒྱུས་ཀྱི་འཁོར་ཕྱོགས་རེད་ཟེར་ནས། རགས་སྡོམ་རེ་བརྒྱབ་ནས་བདེ་སྐྱིད་ཡོང་ངེས་རེད་ཟེར་ལྟ་བུ་ལས། བཙན་བྱོལ་དང་ཕྱི་རྒྱལ་ཁག་གི་གཞོན་རབས་པ་ཚོ་ནི་མི་རིགས་གཞན་ལ་འཐུམས་ཚར་བའི་རྗེས་ནས། ད་དུང་སྤྱི་ཚོགས་ལ་རགས་ལྟ་རེ་བྱས་ནས་སྐྱོན་མེད་ཟེར་བ་ནི། བོད་ཀྱི་ཉེ་རབས་སྤྱི་ཚོགས་ལ་རྒྱུས་མེད་པའི་རྟགས་ཙམ་ཞིག་ལས། གཞིས་ཆགས་ཀྱི་གཞོན་ནུ་ཕོ་མོ་ཚོས་བོད་ཡིག་ནི་བེད་མེད་ཞིག་ཡིན་པར་ཐག་བཅད་ཡོད་པ་དང་། ཕ་མ་ཚོས་བོད་ཡིག་ནི་བྱིས་པའི་མདུན་ལམ་བརླག་བྱེད་ཞིག་ཏུ་བཟུང་ཡོད་པ་དང་། བོད་གཞུང་གིས་བོད་ཡིག་ཐད་ཀྱི་འགན་འཁྲི་ནི་ཁྲལ་འཇལ་བྱེད་ཙམ་ཞིག་གིས་འགྲིག་པར་བརྩི་བཞིན་ཡོད་པ་དག་མ་ཤེས་ནས། མགོ་རུལ་བ་སྣ་ཡིས་མ་ཚོར་བའི་སྐད་ཆ་ཙམ་ཞིག་རེད། གང་ལྟར་རྡོར་རིན་གྱིས་སྐྱིད་པོ་བཤད་པ་བཞིན་བོད་དམངས་ཡང་སྐྱིད་པོ་གཉིད་ཡོད་པས། བོད་པ་ཚོ་མུ་མཐུད་གཉིད་ལ་སྡོད། འུར་མ་རྒྱག གཉིད་དཀྲོགས་ཀྱི་རེད་ད།

    1. ཚེ་བརྟན་འགྱུར་མེད།

      དམར་ཁ་ཚ། ཞེས་པ་བོད་ཆོལ་ཁ་གསུམ་མམ་བོད་པ་ཞིག་གི་མིང་རེད་པས། ངས་ཧ་གོ་པའི་བོད་པའི་མིང་རེད་མིན་འདུག བོད་པའི་མཁས་པ་ཚོས་ངས་མི་ཤེས། མི་འཇོན་སོགས་སྨྲས་ནས་རང་ཉིད་དམའ་སར་འཇོག་པའི་ལུགས་ཤིག་ཡོད་པའི་རྟགས་ནི་ཕལ་ཆེར་མི་འཚོ། གང་ལྟར་དུས་བབས་ནང་མིང་དེ་འདྲ་མང་པོ་འདུག དམིོགས་ཡུལ་ཅི་ཡིན་ཞུ་དཀའ། ནོར་བར་དགོངས་དག

      སྐབས་སུ་བབ་པའི་གནས་དོན་ནི་རྡོ་རིན་གྱི་བརྗོད་གཞི། ། ཆོལ་ཁ་དང་ཆོས་ལུགས་བར་གྱི་རྩོད་རྙོག་དེ་དག་མུ་མཐུད་དུ་གནས་ཐུབ་བམ། ཞེས་ཐད། གནས་ཐབས་མེད། རྒྱ་མིས་ཀྱང་ཆོལ་ཁ་གསུམ་དེ་བོད་ TIBET ཅེས་པར་ངོས་འཛིན་ནས་བོད་ཀྱི་ཤར་ཕྱོགས་མདོ་ཁམས་ནས་ནུབ་ས་མཚམས་བར་བཙན་གནོན་གྱིས་བོད་ས་ཆ་ཚང་བྲན་གཡོག་དུ་བཀོལ་བ་སྤྱི་བའི་ནུས་མེད་ཀྱི་སྐྱོན་ཡིན་པ་བོད་པ་མང་བས་ཤེས་ཀྱི་ཡོད། སྤྱི་ཚོགས་ལམ་ལུགས་གང་སར་འགྱུར་བ་ཆེན་པོ་གྱུར། ༸་གོང་ས་མཆོག་གི་ཐུགས་འོད་ལས་ཆོས་ཀྱི་གནས་ཚད་དེ་སྔ་ང་དགེ་ལུགས། ང་ས་སྐྱ། ང་བཀའ་བརྒྱུད་ཅེས་སོགས་ཀྱི་རྨོངས་ཞེན་ལས་ཆེར་མཐོ་བར་སོང། ཕྱི་བྱུང་བོད་དེ་ཆོས་ལུགས་རིས་མེད་ཀྱི་ལྟ་འགྲུབ་ཅན་གྱི་རྒྱལ་ཁབ་ཅིག་ཡོང་འདུན་ཆེ། ཆོས་ཆོས་སར་བཞུགས་ན་ཆོས་དང་ཆོས་འཛིན་གཉིས་ཀར་གཟི་བརྗིོད་དང་དབུ་འཕངས་མཐོ། ད་དུང་ཆོས་ལུགས་ཆོལ་ཁར་དམ་འཛིན་ཞུས་ན་ལ་ལྐུག་ཏུ་མི་མངོན་ནམ།

      མིང་འབོད་འདོད་མེད་ཀྱང་མ་འབོད་ཐབས་མེད་རེད། དམར་ཁ་ཚ། གཉིད་དཀྲོག་མཁན་ཆུ་ཚོད་འགྲིག་ཡོད་ལ་ལས་དུས་ཀྱི་གཉིད་ཀྱང་དཀྲོག་ཚར་སོང། ཁྱེད་ལྟ་བུའི་མིང་ཡོད་ཀྱི་བོད་ཡིག་མཁས་པས་མི་དང་ཡུལ་ལ་བཀའ་བཀྱོན་ལས་ཞེ་སུན་ཏེ་བོད་ཡིག་ལ་སྤྲོ་བ་སྐྱེས་སུ་འཇུག་ས་མ་རེད་དོ། དེ་བས་བོད་ཡིག་དར་ཁྱབ་ཏུ་སྨན་པའི་རྣམ་ཐར་ཞིག་འཁྱོངས་དང། དེ་ནས་ཁྱེད་ཀྱིས་ །བོད་ཀྱི་ཉེ་རབས་སྤྱི་ཚོགས་ལ་རྒྱུས་མེད་པའི་རྟགས་ཙམ་ཞིག་ལས། ཞེས་པའི་ཉེ་རབས་དེ་ག་ལ་ཆ་འཛིན་ནམ། ༢༠༡༦ གི་སྲིད་སྐྱོང་འོས་འདུ་དེ་ཡིན་ཚོད། དེའང་མི་དམངས་མང་པའི་འོས་འདེམས་ཞུས་པའི་སྲིད་སྐྱོང་ཡིན་ལ་ཆོལ་ཁ་གསུམ་གྱི་མི་མང་གིས་འོས་འཕེན་ཡོད། ཁྱེད་ལ་དེ་ལས་ཞན་པའི་ཁུང་རྐྱེལ་ཡོད་ན་བཏོན་དང་། སྤྱི་ཚོགས་ཁམས་མོས་གཅིག་མཚུངས་ཤིག་འོང་རྒྱུ་དཀའ་གནས་མིན་ནམ། དེ་འདྲ་རྒྱ་དམར་ལྟ་བུ་ལས་གཞན་དུ་ཕལ་ཆེར་མ་མཆིས་།

      1. ཚེ་བརྟེན་འགྱུར་མེད། བོད་ཡིག་ཡག་པོ་སྦྱོང་ལ་དེ་ནས་ང་ལ་ལན་འབྲི་རྒྱུ་བྱོས་དང་། དེ་འདྲ་བྱས་ན་མ་གཏོགས་ཁྱོད་ཀྱི་བོད་ཡིག་ཚེ་བརྟན་ས་མ་རེད། ཁྱོད་ཀྱི་མ་གོ་བའི་མིང་དང་། བོང་བུས་མ་ཁུར་བའི་ཁལ་ནི་ཧ་ཅང་མ་པོ་ཡོད་པ་རེད། ཧཧ་ཧ དམར་ཁ་ཚ་གོ་མ་མྱོང་ན། chili ཆིས་ལེས། གོ་ཡོད་ངེས་རེད། དེ་སྒྲགས་སྐད་ཡིན་པས་ཁྱོད་འདྲ་པོ་དེ་ཚོས་དམར་ཁ་ཚའི་ཚབ་དུ་བེད་སྤྱོད་ཀྱི་ཡོད་ངེས་རེད། 

        1. ཚེ་བརྟན་འགྱུར་མེད།

          ཁྱེད་ཀྱི་ལབ་པ་དངོས་འབྲེལ་རེད། ང་བོད་ཡིག་ཡག་པོ་མེད་ལ་ཡོད་པའི་སྤོ་བ་ཡང་ག་ནས་ཡོང་། ཡིན་ཀྱང་མིང་དུ་མ་གོ་མྱོང་ལ་འབྲི་ཡང་ཤེས། ལྷག་དོན་སོ་སོའི་མིང་ཕལ་ཆེར་འབྲི་ནོར་མ་སྲིད། ངས་ཚེ་བརྟན་ཅེས་ར་ལས་ས་བྲིས་མེད། ངས་བསམ་ཚུལ་དེས་ཁྱེད་ཁོང་ཁྲོས་མིག་ཀྱང་ཡག་པོ་མ་མཐོང་བ་འདྲ། བོད་མཁས་མཉམ་ཀྱི་ར་པོ་རང་མཐོང་དེ་ཕར་ཞོག་དེ་བས་ཚིག་མཛོད་ཞིག་ལེན། ཁྱེད་ཀྱིས་བྲིས་པའི་ཚེ་བརྟེན་ཅེས་བརྟེན་དེ་མ་ནོར་རམ། དུས་བབས་ནང་། །པད་མ་ཆེ་བརྟན། །སྐུ་ཚེ་བརྟན་དགོས། ཞེས་པ་འདི་ཁྱེད་ཀྱི་ཁམས་མོས་ལས་དཔེ་ལེགས་ཤོས་སུ་བཀོད་ཡོད་དོ། གཞི་ནས་བོད་ཡིག་ཤེས་ཚད་ལེགས་ཉེས་ཕར་ཞོག་ཤེས་དང་མི་ཤེས་ལས་བོད་པར་ཁྱད་དེ་ཙམ་ཨེ་ཡོད། ཡོད་ངེས་ན་བོད་གངས་ཅན་ལ་ཕན་པའི་བྱ་གཞག་ལས་ངེས། དེ་མིན་བོད་ཡིག་མཁས་པས་མི་ཡུལ་གང་ཞིག་ལྷ་ཡུལ་ལྟར་ཡོད་པའི་སྙན་རྩོམ་སྐད་གྲགས་ཅན་ཞིག་རྒྱབ་ཡོད་ནའང་དོན་དུ་མི་ཡུལ་དེ་ལྷ་ཡུལ་ནང་བཞིན་གང་ནས་འོང། ཡིན་ཀྱང་བོད་ཡིག་གམ་སྐད་ཡིག་གང་རུང་ལ་སྦྱང་བརྩོན་ཞུ་མི་དགོས་པར་གོ་ནོར་མ་བཞེས་རོགས་ཐུབ་ན་ལོས་ཀྱང་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས་

    གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་རྩོད་སྙོགས་ཡོད་པ་ཤེས་མ་སོང་ལ་གོང་ས་མཆོག་ཞལ་བཞུགས་པའི་དུས་སྐབས་འདིར་བཙན་བྱོལ་བོད་མི་ཚོར་ཆོས་ལུགས་དང་ཆོལ་ཁའི་དཀའ་ངལ་མི་འཕྲད་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ས་མིག་ཡོད་པ་ནས་ང་ཚོའི་འདོད་ཆུང་ཆོག་ཤེས་གནང་དགོས་པ་མ་རེད་དམ།