ཁ་པར་བརྒྱུད་བོད་སྐད་ཡིག་གི་གལ་གནད་གླེང་བས་འཛིན་བཟུང་བཀག་ཉར་བྱས།

རྒྱ་ནག་གཞུང་གིས་ཕ་ཡུལ་བོད་དིང་རི་ནས་ཡིན་པའི་བོད་མི་ཚེ་རིང་རྡོ་རྗེ་ཡིས་ཕྱི་ན་ཡོད་པའི་རང་གི་སྤུན་མཆེད་དང་ཁ་པར་བརྒྱུད་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་སྐོར་ཁ་བརྡ་བྱས་རྐྱེན་ཟླ་གཅིག་ལྷག་རིང་འཛིན་བཟུང་བཀག་ཉར་དང་འདྲི་གཅོད་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༢  ཚེས་ ༢༠ ཉིན་ཕ་ཡུལ་དིང་རི་རྫོང་བཀྲ་ཤིས་འཛོམས་དཔེ་ལེབ་གྲོང་སྡེ་ནས་ཡིན་པའི་བོད་མི་ཚེ་རིང་རྡོ་རྗེ་ཞུ་བ་ཞིག་གིས། བཙན་བྱོལ་དུ་ཡོད་པའི་རང་ཉིད་ཀྱི་སྤུན་ཆུང་དབང་འདུས་ཚེ་རིང་དང་ཁ་པར་བརྒྱུད་བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་སྐོར་ལ་ཁ་བརྡ་བྱས་པར། རྒྱ་ནག་གཞུང་གིས་ཚེ་རིང་རྡོ་རྗེ་ཡིས་བོད་ཕྱི་ཕྱོགས་སུ་ཡོད་པའི་བོད་མིར་འབྲེལ་འདྲིས་དང་ཆབ་སྲིད་ཀྱི་སྐད་ཆ་བཤད་ཀྱི་ཡོད་པའི་ཉེས་མིང་འོག རྒྱ་ནག་གུང་ཁྲན་ཏང་ལ་དགའ་ཞེན་དང་རྒྱའི་བཙན་འཛུལ་འོག་གི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་འདོར་ཐབས་ཀྱི་སློབ་གསོ་བསྒྱུར་བཅོས་ཁང་ཟེར་བའི་ནང་བཅུག་སྟེ་ཟླ་གཅིག་ལྷག་རིང་འདྲི་གཅོད་དང་བཀག་ཉར་བྱས་ཡོད་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་། དབང་འདུས་ཚེ་རིང་ལགས་ཀྱིས་ཁོང་གིས་ཁ་པར་བརྒྱུད་ཕུ་བོ་མཉམ་དུ་བྱིས་པའི་སློབ་གསོའི་སྐོར་ནས་ཁ་བརྡ་བྱས་པ་དང་། ཁོས་ཕུ་བོར་བྱིས་པར་བོད་ཡིག་སློབ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་མིན་བྱིས་པས་ཧ་མི་གོ་བར་རྒྱ་ཡིག་གཙོ་བོར་སློབ་སྦྱོང་བྱེད་པ་རེད་བཤད་པ་ཡིན་མོད། ཉིན་དེའི་དགོང་དྲོར་བལ་ཡུལ་ནང་གནས་སྡོད་ཁོང་གི་ཕུ་བོ་འབྲིང་བས་ཁ་པར་ཡོང་ནས། ཕུ་བོ་ཆེ་བ་ཚེ་རིང་རྡོ་རྗེ་ཉེན་རྟོག་པས་འཇུས་འདུག་ཟེར་བའི་གནས་ཚུལ་གོ་སོང་། སྐབས་དེར་ཚེ་རིང་རྡོ་རྗེ་ལྷ་རྩེ་རྫོང་སློབ་གྲྭར་ཡོད་པའི་བུ་མོར་ལྟ་རུ་ཕྱིན་པའི་ལམ་བར་ནས་འཛིན་བཟུང་བྱས་ཡོད་པ་དང་། གཏིང་སྐྱེས་རྫོང་ཉེན་རྟོག་ཁང་དུ་ཁྲིད་ནས་ཉེས་མིང་གཙོ་བོ་ཁོང་གཉིས་ཁ་པར་བརྒྱུད་བྱིས་པའི་སློབ་གསོའི་སྐོར་ནས་ཁ་བརྡ་བྱས་པ་དེ་རེད་ཟེར། ཅེས་བརྗོད་འདུག

གཞན་གནས་ཚུལ་ནང་། བཙན་བྱོལ་དུ་ཡོད་པའི་ཁོང་གི་སྤུན་མཆེད་དབང་འདུས་ཚེ་རིང་ལ་མཚོན་ན་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་ཕ་ཡུལ་གཅིག་པའི་མི་ ༡༥ དང་ལྷན་དུ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་རུ་ཡོང་སྟེ། ཕྱིར་བོད་ལ་ལོག་འགྲོ་ཁར་དབང་འདུས་ཚེ་རིང་དང་མི་ ༡༡  གིས་དུས་དབང་སྐབས་ཀྱི་༧གོང་ས་མཆོག་གི་སྐུ་པར་ཆུང་ཆུང་དང་དུས་དབང་སྐོར་གྱི་འོད་སྡེར། མཐེབ་སྡེར་དང་རྟེན་སྐལ་སོགས་མང་པོ་འཁྱེར་ཡོད་པར་བརྟེན། ཤར་གངས་རིའི་འགྲམ་གྱི་ནང་པ་ལ་(Nangpa La)ས་མཚམས་ནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས། གཏིང་སྐྱེས་རྫོང་བཙོན་ཁང་དུ་ཉིན་གྲངས་ ༢༠ དང་། གཞིས་རྩེའི་བཙོན་ཁང་དུ་ཟླ་ ༣ ལྷག་བཅུག་སྟེ། ཡང་ནས་བསྐྱར་དུ་གོན་པ་ཆ་ཚང་ཕུད་བཅུག་ནས་གཅེར་བུར་ལངས་བཅུག་སྟེ་འདྲི་གཅོད་དང་རྡུང་བརྡེག་ཚད་ལས་བརྒལ་བ་བྱས་ཏེ་ཕྱིར་ནང་ལ་མ་བཏང་བར་བལ་ཡུལ་དུ་རྒྱང་ཕུད་བཏང་ཡོད་སྐོར་བཀོད་འདུག

དབང་འདུས་ཚེ་རིང་གིས་སྐབས་དེའི་འཛིན་བཟུང་གི་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་། འཛིན་བཟུང་རྗེས་རྒྱ་ནག་གཞུང་གི་དམག་མི་ཚོས་ཁོ་ལ་ལག་ལྕགས་བརྒྱབ་ནས་གློག་རྒྱུག་དབྱུག་པ་བཙུགས་པ་དང་། ཡར་དྲང་མོར་ལངས་བཅུག་སྟེ་འགྲམ་ལྕག་གཞུས་པ། ལྟོགས་སྐོམ་གྱིས་མནར་བཅུག་པ་སོགས་ཚད་ལས་བརྒལ་བའི་མནར་གཅོད་བཏང་རྗེས། རྒྱ་དམག་གིས་ཁོ་ཚོ་བལ་ཡུལ་གྱི་དམག་མིར་རྩིས་སྤྲོད་བྱས་ཏེ། དེ་རིང་ནས་བཟུང་འདི་ཁྱོད་ཚོའི་ཕ་ཡུལ་མ་རེད། ཁྱོད་ཚོ་སོ་སོའི་ཡུལ་ལ་ལོགས་རྒྱུགས་ཟེར་ནས། ཐོབ་ཐང་ལག་ཁྱེར་དང་ཡིག་ཆ་ཚང་མ་བླངས་བ་མ་ཟད། ཁོ་ཚོས་ཕ་ཡུལ་ལ་ལོག་འཇུག་རོགས་ཞེས་རེ་སྐུལ་ཞུས་པར། རྒྱ་དམག་གིས་ཁྱོད་ཚོའི་ཕ་ཡུལ་གང་ནས་ཡིན་མིན་ཏཱ་ལའི་ཡིས་བཤད་ཀྱི་རེད། སོང་ཟེར་ནས་ཕ་ཡུལ་བོད་ནས་སོ་སོ་ནང་མི་བུ་ཕྲུག་དང་ཁ་བྲལ་གྱིས་རྒྱང་ཕུད་བཏང་སོང་། ཞེས་བརྗོད་འདུག

དབང་འདུས་ཚེ་རིང་ལགས་ཕ་ཡུལ་གྱི་ནང་མི་དང་ཁ་བྲལ་གྱིས་རྒྱང་ཕུད་བཏང་རྗེས་ཁོའི་ནང་མི་གཞན་ལ་དཀའ་ངལ་འཕྲད་པའི་སྐོར་ལ་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་དབང་འདུས་ཚེ་རིང་ལགས་ཀྱིས། གནས་ལ་སོང་བའི་རང་ཉིད་ཀྱི་སྲིང་མོར་ཁ་པར་བཏང་ནས་ཁ་བརྡ་བྱས་རྐྱེན། ཉེན་རྟོག་པ་སྲང་མོའི་ནང་ལ་སོང་ནས་ཁྱིམ་ནང་སྔོག་བཤེར་བྱས་པ་དང་། ཆོས་དཔེ་རྙིང་པ་དང་སྐུ་འདྲ་ཁ་ཤས་ཡོད་པ་ཉར་མི་ཆོག་པར་བཤད་ནས་ཁྱེར་ཡོད་འདུག་ལ། སྐབས་དེར་སྲིང་མོའི་བཟའ་ཟླ་ཡུལ་ན་མེད་པར་ལྷ་སར་སྡོད་ཁང་འཛུགས་སྐྲུན་གྱི་ཁེ་ལས་གཉེར་གྱི་ཡོད་སྟབས། ཉེན་རྟོག་པས་ད་དུང་མོའི་བཟའ་ཟླ་ཐོན་ན་ཁོང་ཚོར་འབྲེལ་གཏུག་བྱེད་དགོས་ཞེས་བཤད་འདུག་པ་དང་།  ཕྱི་ཟླ་ ༧ ཚེས་ ༡༥ ཉིན་བཟའ་ཟླ་ནང་ལ་ཐོན་ནས་ཉིན་གཉིས་ཀྱི་རྗེས་ཏེ། ཕྱི་ཚེས་༡༧ ཉིན་གྱི་ཞོགས་པར་ཁོ་འཛིན་བཟུང་བཙན་ཁྲིད་བྱས་ཤིང་། དུས་ཡུན་ཉིན་གྲངས་ ༢༠ ལྷག་རིང་བཀག་ཉར་བྱས་ཏེ། ཁོའི་ཉེས་པ་གཙོ་བོ་ནི་དབང་འདུས་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་སྲིང་མོར་འབྲེལ་གཏུག་བྱས་པས་ཡིན་སྐོར་བརྗོད་འདུག

མཆན། དབང་འདུས་ཚེ་རིང་གི་ཉེ་པར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་རྒྱ་ནས་བླངས། 

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༢༡

Leave a Reply

One thought on “ཁ་པར་བརྒྱུད་བོད་སྐད་ཡིག་གི་གལ་གནད་གླེང་བས་འཛིན་བཟུང་བཀག་ཉར་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས།

    རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་དང་ལག་ལྟར་བྱེད་སྟངས་ལ་ང་ཚོའི་ཞིབ་ཏུ་དཔྱད་ནས་བོད་རྒྱའི་འབྲེལ་ལམ་གྱི་སྲིད་ཇུས་ལ་བསྐྱར་ཞིབ་གནང་དགོས་པ་དེ་རྒྱ་མིའི་བྱེད་སྟངས་དང་ལས་སྟངས་དེ་ཚོའི་ཤེས་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་མིན་པ་ཡིན་ནམ།