ང་ཚོ་ཡུ་གུར་བ་མཉམ་དུ་ཡོད།

ཊར་ཀིས་གྲོང་ཁྱེར་ཨེ་སི་ཊམ་བྷུལ་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་ནང་ཁ་ཆེ་བ་ས་ཡ་གཅིག་ལྷག་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་གཏོང་བཞིན་པར་ངོ་རྒོལ་ཁྲོམ་སྐོར་བྱས། 

ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་ཡུལ་དེའི་དགོང་དྲོའི་ཆུ་ཚོད་ ༧།༣༠ ཙམ་དུ་ཊར་ཀིས(Turkey)གྲོང་ཁྱེར་ཨེ་སི་ཊམ་བྷུལ(İstanbul)ནང་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ས་ཁུལ་གྱི་ཁ་ཆེ་བ་ས་ཡ་ ༡ ནས་ ༢ བར་འཛིན་བཟུང་བཀག་ཉར་བྱས་ཡོད་པར་ངོ་རྒོལ་གྱིས། རྒྱ་ནག་ལག་དམར་ཤར་ཊུར་ཀི་སི་ཐན་ནས་ཕྱིར་ཐོན་ཤིག ང་ཚོ་ཡུ་གུར་བ་མཉམ་དུ་ཡོད་སོགས་འཁོད་པའི་འཕྲེད་དར་བཟུང་སྟེ་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག

རྔམ་སྟོན་ཁྲོམ་སྐོར་སྐབས་རྒོལ་བ་ཚོའི་ལག་ཏུ་རྩུབ་སྤྱོད་མཚམས་འཇོག་དགོས་ཅེས་བཀོད་པའི་ཕྲེད་དར་བཟུང་སྟེ། ང་ཚོ་ཡུ་གུར་བ་དང་མཉམ་དུ་ཡོད་ཅེས་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་ཁྲོམ་སྐོར་བྱས་ཡོད་པ་དང་། ངོ་རྒོལ་ཁྲོམ་སྐོར་དེ་ནི་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་མེ་སུད་ཨོ་ཛིལ་(Mesut Ozil)ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊའུ་ཝེ་ཊར་ཐོག རྒྱ་ནག་ནང་ཁ་ཆེའི་གསུང་རབས་མེར་བསྲེགས་པ་དང་ལྷ་ཁང་སྒོ་བརྒྱབ་པ། ཁ་ཆེའི་ཆོས་ཀྱི་སློབ་གྲྭ་དང་ཆོས་ར་རྣམས་ལ་བཀག་བསྡོམས་བྱས་པ་དང་ཆོས་ལུགས་ཀྱི་མཁས་དབང་རྣམས་རེ་རེ་བཞིན་བསད་ཡོད་ནའང་། ཁ་ཆེ་བ་ཚོ་གནད་དོན་དེ་དང་འབྲེལ་ནས་ཁ་ཁུ་སིམ་པོར་སྡོད་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་གཞུང་གིས་ཡུ་གུར་བ་མང་པོ་འཛིན་བཟུང་བཀག་ཉར་ལ་སྐྱོན་བརྗོད་བྱས་པས་ཡིན་འདུག

ངོ་རྒོལ་ཁྲོད་ཀྱི་བུད་མེད་ཅིག་གིས། རྐང་སྤོལ་རྩེད་འགྲན་པ་མེ་སུད་ཨོ་ཛིལ་གྱིས་རང་ཉིད་ཀྱི་འབོད་སྒྲ་བསྒྲགས་པ་བཞིན་ང་ཚོས་རེ་བར་མི་ཚང་མས་རང་ཉིད་ཀྱི་འབོད་སྒྲ་བསྒྲགས་དགོས་པ་རེད། ཁ་ཆེ་བ་ཧ་ཅང་མང་པོ་ཡོད་པ་རེད་དེ་ང་ཚོའི་འབོད་སྒྲ་དེ་ཙམ་ཆེན་པོ་བསྒྲགས་ཐུབ་ཀྱི་མེད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་འབོད་སྒྲ་རྒྱ་ནག་གི་དྲག་ཤུགས་ཐོག་བསྒྲགས་ཡོད་པ་རེད། ང་ཚོས་སྒྱུ་རྩལ་བ་ཚང་མས་དེ་ལྟར་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

རྐང་སྤོལ་རྩེད་འགྲན་པ་མེ་སུད་ཨོ་ཛིལ་གྱིས་སྤྱི་ཚོགས་དྲ་ལམ་ཐོག་སྤེལ་པའི་གནས་ཚུལ་དང་འབྲེལ་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀུན་ཧྲང་ (Geng Shuang)ཡིས། གནས་ཚུལ་རྫུན་མས་མིག་ཞར་དུ་བཅུག་ཡོད་པ་དང་། བདེན་པ་མིན་པའི་འགྲེལ་བརྗོད་ཀྱིས་ཤུགས་རྐྱེན་སྤྲད་ཡོད་སྐོར་དང་། གལ་སྲིད་ཁོང་ཤར་ཊུར་ཀི་སི་ཐན་ནང་དངོས་སུ་གནས་ཚུལ་ལ་ལྟ་སྐོར་དུ་ཡོང་ཚེ་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། གལ་སྲིད་ཁོང་ནི་བསམ་ཤེས་ཅན་ཞིག་ཡིན་ཚེ། དཀར་ནག་གི་དབྱེ་འབྱེད་ཐུབ་པ་དང་དངོས་ཡོད་དང་དྲང་པོའི་གཞི་རྩ་འཛིན་ཐུབ་པ་མ་ཟད། ཁོང་གི་བསམ་ཚུལ་ལས་ལྡོག་པའི་ཤར་ཊུར་ཀི་སི་ཐན་ཞིག་མཐོང་ཐུབ་སྐོར་དང་། དེ་བཞིན་ཡུ་གུར་བ་ཚུད་པའི་རྒྱ་ནག་གི་མི་སེར་ཡོངས་ཀྱི་ཆོས་དད་རང་དབང་ལ་རྩ་ཁྲིམས་ཀྱི་སྲུང་སྐྱོབ་ཡོད་པ་དང་ས་གནས་མི་མང་གིས་ཐལ་སྤྱོད་རིང་ལུགས་ཚར་གཅོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་ཁོས་ཤེས་ཀྱི་མེད་སྐོར་བརྗོད་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་གཞུང་གིས་རྐང་སྤོལ་ཁྱད་ལས་པ་མེ་སུད་ཨོ་ཛིལ་གྱི་རུ་ཁག་ (Arsenal) དང་(Manchester City)གཉིས་བར་གྱི་རྩེད་འགྲན་ཞིག་རྒྱ་ནག་ནང་ཐད་གཏོང་བྱེད་ཀྱི་ཡོད་པ་བཀག་འགོག་བྱས་ཏེ། རྐང་སྤོལ་རུ་ཁག་ (Tottenham) དང་ (Wolverhampton) གཉིས་བར་ཀྱི་རྩེད་འགྲན་བྱས་ཟིན་པ་ཞིག་བཏང་ཡོད་འདུག་ལ། རྒྱ་ནག་གྱི་རྐང་སྤོལ་ལྷན་ཚོགས་ (Chinese Football Association) ཀྱིས་ཀྱང་། ཤར་ཊུར་ཀི་སི་ཐན་གྱི་གནད་དོན་ནི་ཆོས་ལུགས་དང་རྒྱལ་ཁབ་ཀྱི་གནད་དོན་ཞིག་མིན་པར། ཁ་བྲལ་དང་དྲག་སྤྱོད། ཐལ་སྤྱོད་ཀྱི་གནད་དོན་ཞིག་ཡིན་སྐོར་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག དེ་བཞིན་རྒྱ་ནག་གི་དྲ་ངོས་རྩེད་མོ་མཁོ་གཏོང་བ་ (NetEase)ཡིས། སྤྱི་ཚོགས་དྲ་ལམ་བརྒྱུད་རྩེད་མོའི་ཞི་བདེ་དང་བརྩེ་སེམས་ཀྱི་སྙིང་སྟོབས་ལ་དོ་ཕོག་དང་རྒྱ་ནག་མི་མང་རྩེད་མོར་དགའ་མཁན་ཚོའི་སེམས་ཁམས་ལ་ཕོག་ཐུག དེ་བཞིན་རྒྱ་ནག་ལ་ཚད་ལས་བརྒལ་པའི་གཏམ་བརྗོད་བྱས་ཚུལ་བརྗོད་དེ།  ཁོང་དང་འབྲེལ་བའི་གློག་ཀླད་ནང་གི་རྩེད་མོ་གསུམ་དྲ་ཐོག་ནས་བསུབ་ཡོད་པ་རེད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཀྱི་ཚོགས་སྡེ་ཁག་དང་རང་དབང་གི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་མི་རིགས་གཙོའི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་པར་སྐྱོན་བརྗོད་རིམ་པར་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་དེ་ནི་ལག་ཤེས་སྦྱོད་བརྡར་ཁང་ཡིན་ཚུལ་བརྗོད་དེ་སྐྱོན་བརྗོད་དེར་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། མཐུན་ཕྱོགས་རྒྱལ་ཁབ་ཁག་དང་ཁ་ཆེའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་ཀྱི་གནོན་ཤུགས་སྤྲད་དེ། འདི་ལོའི་ཕྱི་ཟླ་ ༨ ནང་པ་ཀི་སི་ཐན་དང་སི་རི་ཡ། ཁ་ཊར་དང་སོ་དྷི་ཨ་རབ། ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ་སོགས་ཀྱི་གཙོས་བྱང་ཀོ་ཡི་ཡ་དང་ར་ཤི་ཡ། འབར་མ་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཅིག་བཅས་རྒྱལ་ཁབ་ ༣༥ ཡིས་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གིས་ཡུ་གུར་ཐོག་འཛིན་པའི་སྲིད་བྱུས་ལ་གཞུང་འབྲེལ་གྱི་རྒྱབ་སྐྱོར་ཡོད་པའི་ཞུ་ཡིག་བྲིས་ཡོད་པ་རེད། ད་སྔ་ཁ་ཆེ་རྒྱལ་ཁབ་ཁག་གང་དུའང་རྒྱ་ནག་གིས་ཡུ་གུར་བའི་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དེ་འདྲ་བྱུང་མེད་པ་དང་། ཐེངས་འདིར་ཊར་ཀིས་ནང་གི་ངོ་རྒོལ་དེ་ཁ་ཆེའི་རྒྱལ་ཁབ་ཅིག་ནང་མི་མང་རང་བཞིན་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་ཞིག་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༢༡

Leave a Reply

One thought on “ང་ཚོ་ཡུ་གུར་བ་མཉམ་དུ་ཡོད།

  1. to be with someone ཞེས་པ་འདི་ཐད་སྒྱུར་འདི་འདྲ་བྱས་ན། ཐལ་དྲགས་འདུག ང་ཚོས་ཡུ་གུར་བར་རྒྱབ་སྐོར་སྐྱོར་ཡོད་ཟེར་ན་བཟང་། དེ་མ་གཏོགས BE WITH SOMEOME ཟེར་སྲོལ་ཡོད་པའི་སྐད་ཡིག་དེ་ཚོར་རྒྱུས་ཡོད་མཁན་ཞིག་མིན་ན། འདི་ལྟར་སྒྱུར་ན་ཅི་ཟེར་གྱི་ཡོད་པ་ཡང་མི་ཤེས་པ་རེད། མདོར་ན་འདི་བོད་ཀྱི་སྐད་ཆ་ཞིག་མ་རེད། ང་ཚོ་ཡུ་གུར་བ་དང་མཉམ་དུ་ཡོད་ཟེར་ན་བོད་ཡིག་ནང་ལུས་ཀྱི་ཆ་ནས་ཟེར་བ་ཞིག་ལ་གོ་བ་ལས་སེམས་དང་བསམ་པའི་དྲན་ཕྱོགས་དང་འདོད་ཚུལ་མཉམ་དུ་ཡོད་པ་ཞིག་ལ་གོ་མི་སྲིད། དེ་ལྟར་གོ་ན། དབྱིན་ཚིག་དུ་རླུང་རྟ་རྒྱུག་པར་ཤོག་ཟེར་བ་ལ་ BREAK A LEG ཟེར་ཞིག་ཡོད་པས། དེ་ལ་ཡང་རྐང་པ་ཞིག་བཅག་ཤོག་འདྲ་པོ་ཟེར་ན་གོ་རྒྱུ་ཡོད་དགོས་པ་རེད་དེ། དེས་ལྡོག་ཕྱོགས་བསྟན་མི་འདུག་གམ དབྱིན་ཡིག་གི་ idiom ཟེར་བ་དང་། PHRASE ཟེར་བ་དེ་ཚོས་དབྱིན་ཡིག་རང་གི་ནང་དུའང་ཚིག་ངོས་ཀྱི་གོ་བ་ལེན་རྒྱུ་མེད་པ་རེད་ལགས། ཐུགས་ལ་མ་བབས་ན་དགོངས་དག