རྗེ་རིན་པོ་ཆེར་རྗེས་དྲན་ལེགས་ཤོས་ནི་ཁོང་གི་གསུང་པོ་ཊི་ ༡༨ ལ་ཉམས་ལེན་ཞུ་རྒྱུ་དེ་ཡིན།

དྲུག་བརྒྱའི་ལྔ་མཆོད་ཆེན་མོ་དང་བསྟུན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་མཛད་བཟང་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་རྗེ་ཙོང་ཁ་པ་ཆེན་པོའི་དམིགས་བསལ་གཟེངས་རྟགས་ཕུལ།

དེ་རིང་ཕྱི་ཚེས་ ༢༡ ཉིན་རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་དང་རི་བོ་དགེ་ལྡན་པའིི་མ་དགོན་དགའ་ལྡན་རྣམ་པར་རྒྱལ་བའི་གླིིང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱི་དབུས་པའི་དགེ་ལུགས་ཀྱི་བླ་སྤྲུལ་དགེ་བཤེས་སོགས་བསྟན་བདག་རྣམ་པ་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དབུས་པའི་བཀའ་ཟུར་སྤྱི་ཟུར་དང་ཕྱི་ནང་གི་སྐུ་མགྲོན། སེར་སྐྱ་མི་མང་བཅས་མི་གྲངས་སྟོང་ཕྲག་བརྒལ་བ་འཛོམས་ཏེ། རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ ༦༠༠ འཁོར་བའི་དུས་ཚེས་དང་བསྟུན་དགའ་ལྡན་ལྔ་མཆོད་ཆེན་མོ་སྲུང་གཙིའི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་སོང་།

དེ་རིང་གི་མཛད་སྒོ་དེའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་རྗེ་ཙོང་ཁ་པའི་རྗེས་འཇུག་རི་བོ་དགེ་ལྡན་པ་ཡོངས་ཀྱི་ཚབ་ཞུས་ཏེ།   ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་རྗེ་ཙོང་ཁ་པའི་བསྟན་པར་རླབས་ཆེན་གྱིི་མཛད་རྗེས་བཞག་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད། རྗེ་ཙོང་ཁ་པ་ཆེན་པོའི་དམིགས་བསལ་གཟེངས་རྟགས་ཤིག་འབུལ་བཞེས་གནང་སོང་བ་དང་། དེ་བཞིན་དགའ་ལྡན་བླ་སྤྱིའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་རིགས་གཅིག་རྐང་འཛིན་ཆེད་སློབ་གཉེར་བ་དྲུག་ལ་ལོ་བཅུའི་རིང་སློབ་ཡོན་ཧིན་སྒོར་འབུམ་ ༣༥ རྗེ་ཙོང་ཁ་པའི་སློབ་ཡོན་གྱི་མཚན་ཐོག་ནས་ཕུལ་གནང་སོང་། གཞན་ཡང་དྲུག་བརྒྱའི་རྗེས་དྲན་ཚོགས་ཆུང་ནས་རྩོམ་སྒྲིག་གནང་བའི་རྗེ་ཙོང་ཁ་པའི་རྣམ་ཐར་པོད་དྲུག་དང་། ཐུགས་སྲས་གཉིས་ཀྱི་རྣམ་ཐར་པོད་གཅིག  སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་བརྩམས་གནང་བའི་༸རྒྱལ་བ་པན་ཆེན་རིམ་བྱོན་གྱི་རྣམ་ཐར་པོད་གཅིག  ༸གོང་ས་མཆོག་ནས་མཛད་པའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ཞེས་པའི་ཕྱག་དེབ་གཅིག  སྐུའི་གསུང་སྒྱུར་བ་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ནས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་གསར་བསྒྲིགས་དབྱིན་ཡིག་དེབ་གཅིག དེ་བཞིན་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་ ༧ ལེགས་འགྲུབ་བྱུང་བ་བཅས་ཞལ་འབྱེད་གནང་སོང་།

ཐོག་མར་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་ནས་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་གསུང་བཤད་གནང་སྐབས། འཇམ་མགོན་རྒྱལ་བའི་ཉི་མ་འཇིག་རྟེན་དུ་ནུབ་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་དེ་རིང་གི་ཉིན་མོར། རྗེ་བླ་མའི་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འགྲན་ཟླ་དང་བྲལ་བ་རྗེས་སུ་དྲན་པའི་སྒོ་ནས། རྗེ་གུང་ཐང་བསྟན་པའི་སྒྲོན་མེས། ཟབ་རྒྱས་ཆོས་ཀྱི་དེ་ཉིད་དོན། །ཇི་བཞིན་འདོམས་པ་ཆེས་དཀོན་ཡང༌། །འཁྲུལ་བྲལ་ཁྱོད་གསུང་གླེགས་བམ་རྣམས། །གདུང་སེལ་དབུགས་དབྱུང་མཆོག་སྦྱིན་འགྱེད། །ཞེས་གསུངས་པ་ལྟར་རྗེ་ཉིད་ཀྱི་ཞལ་ཚབ་བཀའ་བསྟན་གསུང་རབས་དྲི་མ་མེད་པ་མཐའ་དག་གི་ཉིང་དགོངས་གསུང་འབུམ་པོད་ཆེན་ ༡༨ ཅན་གྱི་རྒྱལ་བསྟན་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས། རྗེ་བླ་མའི་རིང་ལུགས་དྲི་མ་མེད་པ་དུས་ཀྱི་མཐར་ཡང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དམ་བཅའི་རི་མོ་སྙིང་ལ་བརྟན་པོར་འགོད་འོས་པ་ནི་འཇིག་རྟེན་གྱི་མཆོག་ཡིན་པར་སྙམ་ལ། ལྷག་པར་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་འཛིན་པ་མཐའ་དག་གི་གཙུག་གི་ནོར་བུ། རྗེ་བླ་མ་མཐའ་དག་གི་དགོངས་པ་མངོན་དུ་གྱུར་ཏེ་སྐལ་བ་དང་ལྡན་པ་རྣམས་ལ་ཇི་བཞིན་འདོམས་པ་ལ་རྗེ་བླ་མ་ཉིད་དང་གཉིས་སུ་མཆིས་པར། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ས་གསུམ་མཛད་བརྒྱའི་སྣང་བ་ལྷ་མེད་པར་རང་ཅག་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་གཅིག་པུར་འཚོ་ཞིང་བཞེས་པ་ནི་བསྐལ་བརྒྱར་རྙེད་པར་དཀའ་བའི་བསྐལ་བཟང་གི་གོ་སྐབས་ལགས་པས། མགོན་པོ་མཆོག་ནས་རྗེ་བླ་མའི་དགོངས་དོན་རྗེན་པར་ཕྱུང་བའི་གསུང་གི་བདུད་རྩི་རིམ་པར་བསྩལ་བ་རྣམས་རང་རྒྱུད་ལ་བསྐྲུན་ཐུབ་པ་བྱ་རྒྱུ་ནི་རྗེ་བླ་མར་རྗེས་དྲན་ཞུ་བའི་སྙིང་པོ་དེ་ཡིན་པར་སེམས། ཞེས་གསུངས་སོང་།

དེའི་སོག་ཡུལ་དགའ་ལྡན་དགོན་གྱི་མཁན་རིན་པོ་ཆེ་བླ་མ་ཆོས་ཀྱི་རྒྱ་མཚོ་མཆོག་ནས་བོད་སོག་གཉིས་ཀྱི་ལོ་རྒྱུས་འབྲེལ་བ་སླར་གསོ་བྱུང་བ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༧༩ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་དུ་ཕེབས་པའི་བཀའ་དྲིན་ལ་བརྟེན་ནས་སོག་ཡུལ་དུ་བསྟན་པ་དར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་སྐོར་གསུང་བཤད་གནང་སྐབས། དུས་རབས་ཉི་ཤུ་པའི་མགོ་དེར་སྤྱིར་སོག་ཡུལ་ནང་གྲྭ་འབུམ་ཕྲག་གཅིག་ཡོད་པའི་སྐད་ཆ་ཡོད་པ་དང་། སོག་ཡུལ་དགའ་ལྡན་དགོན་པ་གཅིག་པུར་ཆ་མཚོན་ན་གྲྭ་ཚང་ ༡༢ དང་། ཁམས་ཚན་ ༣༠། གྲྭ་རྒྱུན་ཁྲི་ ༡ ལྷག་སློབ་གཉེར་གནང་ཡོད་པ་རེད། དེས་ག་རེ་མཚོན་གྱི་ཡོད་པ་རེད་ཞུས་ན། སོག་ཡུལ་གྱི་གྲྭ་ཚང་མང་པོ་ནས་མཁས་དོན་གཉིས་ལྡན་གྱི་སྐྱེ་བོ་དམ་པ་མཐའ་མེད་པ་བྱོན་པ་དང་། དེ་དག་གི་གསུང་རྩོམ་ཡང་བརྒྱ་ཕྲག་མང་པོ་ཞིག་སོག་ཡུལ་ནང་དུ་བཞུགས་ཡོད་པ་རེད། ཁལ་ཁ་རྗེ་བཙུན་དམ་པའི་བཀའི་འོག་ལ་ཕྱི་ལོ་ ༡༩༠༨ ནས་ ༡༩༡༠ བར་སོག་ཡུལ་དགའ་ལྡན་དགོན་དུ་དགེ་སློང་ཁྲི་ ༡ ལོངས་པ་ཞིག་གིས་གཡར་གནས་ལོ་གསུམ་ཚོགས་ཡོད་པ་དེས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་དེ་སོག་ཡུལ་དུ་ཁྱབ་ཆེན་པོ་དར་ཡོད་པ་ཕལ་ཆེར་གོ་ཐུབ་ཀྱི་ཡོད། ཅེས་དང་། སྔོན་མ་སོག་པོ་དང་བོད་ཀྱི་འབྲེལ་བ་དེ་ཤུགས་ཆེན་རེད། བར་དུ་སོག་པོའི་ནང་དམིགས་བསལ་གྱི་དུས་སྐབས་ཉམ་ཐག་པོ་ཞིག་བྱུང་ཡོད། ཡིན་ན་ཡང་། ཕྱིས་ཕྱི་ལོ་ ༡༩༧༩ ལོར་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་སོག་ཡུལ་གྱི་ནང་བསྟན་ཞི་བདེ་ཚོགས་ཆེན་གྱི་ཚོགས་མགོན་དུ་ཕེབས་པ་ནས་བཟུང་། བོད་པ་དང་སོག་པའི་འབྲེལ་ལམ་དེ་བསྐྱར་གསོ་ཐུབ་པ་བྱུང་ཡོད་པ་རེད། དེའི་རྗེས་ཕྱི་ལོ་ ༡༩༩༠ ལོའི་གྲྭ་རྒྱུན་ཉུང་ཤས་ལས་མེད་ན་ཡང་དྷ་རམ་ས་ལར་སློབ་སྦྱོང་བྱེད་དུ་གཏོང་མགོ་བཙུགས་ཡོད་པ་རེད། ཕྱི་ལོ་ ༡༩༩༠ ནས་སོག་ཡུལ་དེ་རང་དབང་ལུང་པ་ཆགས་ཏེ་ཆོས་དད་རང་དབང་གི་གོ་སྐབས་རག་པར་བརྟེན། དེ་དུས་ཀྱི་ཆོས་རིག་བཀའ་བློན་སྐལ་བཟང་ཡེ་ཤེས་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་མཁན་རྣམས་ལ་འབྲེལ་བ་བཟོས་པ་དང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་སེར་བྱེས་གྲྭ་ཚང་སོགས་སུ་སོག་པོའི་གྲྭ་རྒྱུན་མང་དུ་གཏོང་རྒྱུའི་གོ་སྐབས་རག་པ་རེད། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བཟུང་སྟེ་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་མང་པོར་སློབ་གཉེར་གྱི་མཐུན་རྐྱེན་དང་རོགས་རམ་གནང་མཁན་གྱི་གདན་ས་ཁག་གི་རབ་དང་རིམ་པའི་མཁན་པོ་ལས་ཐོག་དང་ལས་གཉེར་བ་ཚང་མར་སོག་པོའི་མི་མང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་དེ་ལྟར་ཡོང་བ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས། མགོན་པོ་མཆོག་གི་བཀའ་དྲིན་དེ་དུས་ནམ་ཡང་བརྗེད་རྒྱུ་མེད་པ་དང་། ལག་པ་གཉིས་ཀྱི་ཐལ་མོ་སྦྱར་ཏེ་མགོན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་དགོན་སྡེ་ཁག་གིས་བསྟན་པ་འཛིན་སྐྱོང་འཕེལ་ཐད་མུ་མཐུད་འབད་བརྩོན་གནང་དགོས་པ་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་རིགས་གཅིག་རྐང་འཛིན་ཐོག་ཤུགས་སྐྱོན་གནང་དགོས་སྐོར་འབོད་སྐུལ་གནང་དོན དེང་སྐབས་བོད་ནང་དུ་རྒྱ་གཞུང་གི་བཀོལ་བྱུས་འོག་ཆོས་དད་རང་དབང་མེད་ན་ཡང་། ང་ཚོ་བཙན་བྱོལ་རང་དབང་ལུང་པའི་ནང་དེ་རིང་གི་འདུ་འཛོམས་འདི་ལྟ་བུ་ཞིག་བྱ་རྒྱུའི་གོ་སྐབས་བྱུང་བ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་སྐོར་དང་། འུ་ཅག་ཚོ་བཙན་བྱོལ་དུ་གནས་ཡོད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཆོས་དད་རང་དབང་དང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་ཡོད་སྟབས། ཆོས་སྡེ་སོ་སོའི་ལས་སྣེ་དབུ་ཆོས་རྣམ་པ་དང་འདུ་དམངས་ཡོངས་ཀྱི་ཕྱར་བ་གྲུ་འདེགས་ཀྱིས་ནུས་པ་མཉམ་སྤུངས་ཐོག་ལམ་བསླབ་པ་གསུམ་གྱི་ཉམས་བཞེས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གནང་སྟེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྔར་ལས་དར་ཞིང་རྒྱས་པ་གནང་དགོས་པའི་གསོལ་འདེབས་ཞུ་རྒྱུ་དང་སྦྲགས། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་སྙན་གསོལ་ཞུ་རྒྱུར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་ཞལ་མངའ་ནས་ “རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ། །ཐོགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱིས། །རྟག་ཏུ་ལེགས་བཤད་འཚོལ་བར་ལྷུར་བླངས་པས། །རྒྱ་ཆེན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །” ཞེས་དང། རྗེ་ཉིད་ཀྱི་ཞལ་མངའ་ནས་ཀྱང་ “གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །”ཞེས་གསུངས་པ་བཞིན། རིས་མེད་མདོ་སྔགས་ཀྱི་གཞུང་ཆེན་སྤྱི་ལ་མཁྱེན་རྒྱ་ཆུབ་པའི་སློབ་གཉེར་གནང་དང་གནང་མུས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་རིམ་ཕེབས་བཞིན། གཞུང་ཆེན་བྱེ་བྲག་པ་སོ་སོའི་ཐོག་ཆེད་མཁས་རིག་གཅིག་རྐང་འཛིན་གང་མང་ཐོན་ཐུབ་རྒྱུར་འབད་བརྩོན་གནང་དགོས་པའི་ཞུ་བསྐུལ་ནན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའི་ནང་ཆོས་ཀྱིས། དེང་སང་འཛམ་གླིང་གི་དཀའ་ངལ་ཆེ་ཤོས་དེ་ཚོའི་ཐོག་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྐོར་གསུང་བཤད་གནང་དོན། བོད་བརྒྱུད་ནང་བསྟན་དེ་དུས་རབས་ཉེར་གཅིག་དང་ཉེར་གཅིག་ནང་དགོས་པའི་ཆོས་དེ་ཡིན་པ་དང་།  བོད་བརྒྱུད་ནང་བསྟན་དེ་ཚན་རིག་དང་མཐུན་པ། སྤྱི་ཚོགས་དང་མཐུན་པ། ཁོར་ཡུག་སྲུང་སྐྱོབ་དང་མཐུན་པ། དེ་བཞིན་ཆབ་སྲིད། དཔལ་འབྱོར། མགོ་འཁྲིད་སྐྱེད་སྲིང་བཅས་དང་མཐུན་པའི་རླབས་ཆེན་གྱི་ཆོས་ཡིན་པ་དེ་གསལ་པོ་ཞེ་དྲགས་རེད་བཞག བཅོམ་ལྡན་འདས་ཡིན་ན་ཡང་གཞི་རྩའི་རྒྱ་གར་ལ་མུ་སྟེགས་པའི་ཆོས་ཡོད་པའི་སྐབས་ལ་གསར་གཏོད་རིམ་པའི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་སྟེ། འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པ་བྱུང་ཡོད་རེད། དམིགས་བསལ་དུས་རབས་དགུ་པའི་བར་དུ་ཨེ་ཤ་ཡ་ཡོངས་རྫོགས་ནང་ཆོས་བྱེད་མཁན་ཆགས་བསྡད་ཡོད་རེད། ཡིན་ན་ཡང་དུས་རབས་བཅུ་གསུམ་རྗེས་སུ་ཉམས་པ་ཟེར་ན་ཡང་འདྲ། གཏོར་བཤིག་བཏང་ཡོད་རེད་ཟེར་ནའང་རང་བཞིན་གྱིས་ཨེ་ཤ་ཡའི་ནང་ལའང་ནང་ཆོས་ཀྱི་རྒྱལ་ཁབ་ཉུང་དུ་ཕྱིན། ཁ་ཆེ་གཙོས་པའི་ཆོས་གཞན་གྱི་རྒྱལ་ཁབ་མང་དུ་ཕྱིན་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་འཛམ་གླིང་གི་གནས་སྟངས་ག་རེ་ཆགས་བསྡད་འདུག་ཟེར་ན། དམིགས་བསལ་ཡོ་རོབ་ལྟ་བུ་ཡིན་ན། མི་མང་ལ་ཆོས་དད་ཡིན་མིན་སྐད་ཆ་དྲི་བའི་སྐབས་ལ་ཆོས་མི་བྱེད་མཁན་མང་བ་འདུག ཨ་རིའི་ནང་དུའང་ཆོས་བརྒྱུད་ཁག་གི་ནང་ནས་ཡེ་ཤུ་མང་ཤོས་རེད་དེ། ཆོས་མེད་ཟེར་མཁན་དེ་མི་འབོར་མང་ཤོས་གཉིས་པ་དེ་ཆགས་ཡོད། འཛམ་གླིང་ནང་ཆོས་དད་མེད་མཁན་མི་འབོར་མང་དུ་འགྲོ་ཡི་ཡོད་པར་བརྟེན། དེ་ལ་མཐུན་པའི་ཆོས་ཤིག་དགོས་ཀྱི་ཡོད་པ་དེ་བོད་བརྒྱུད་ནང་བསྟན་རེད་འདུག གང་ཡིན་ཟེར་ན་འཛམ་གླིང་ནང་གི་ན་ཚ་ཆེ་ཤོས་དེ་སེམས་ཁམས་ན་ཚ་དེ་ཡིན་པ་དང་། ན་ཚ་དེ་འདུལ་ཐུབ་པའི་སློབ་གསོ་དེ་བོད་བརྒྱུད་ནང་བསྟན་ནང་ཡོད་པ་རེད། འཛམ་གླིང་ནང་ཁོར་ཡུག་སྲུང་སྐྱོབ་ཐད་བགྲོ་གླེང་ཤུགས་ཆེ་ཤོས་འགྲོ་ཡི་ཡོད་པ་དང་། དེ་བཞིན་དཔལ་འབྱོར་གྱི་ཐད་ནས་ཀྱང་བོད་བརྒྱུད་ནང་བསྟན་ནས་སློབ་གསོ་བླང་རྒྱུ་ཡོད་སྐོར་དང་། སེར་སྐྱ་ཕོ་མོ་དབྱེར་མེད་ཚང་མར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འགན་ཡོད་པ་དང་། ལྷག་པར་དུ་དགེ་འདུན་པ་རྣམ་པས་ཤུགས་སྐྱོན་དགོས་སྐོར་གསུངས་སོང་།

དེའི་རྗེས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་ནང་ཆོས་ལ་བསླབ་པ་སློབ་གཉེར་གང་ལེགས་ཡོང་ཐབས་དགོས་སྐོར་བཀའ་སློབ་གནང་དོན། འཇམ་མགོན་བླ་མ་ཙོང་ཁ་པ་རྗེས་སུ་དྲན་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཇི་ལྟར་གསལ་བར་བྱས་པ་ནང་བཞིན། ང་རང་ཚོ་ཡིན་ནའང་དེ་དག་ལ་ཚུལ་བཞིན་དུ་ཐོས་བསམ་སྒོ་གསུམ་གྱི་ལམ་ནས་ཉམས་ལེན་བྱ་རྒྱུ་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པར་རྗེས་དྲན་ངོ་མ་དེ་ཡིན་པ་རེད། དེ་འདྲ་ཡིན་དུས། ད་ལྟ་བར་དུ་གདན་ས་ཆེན་པོ་གསུམ་གྱི་གཙོས་པའི་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གིས་རང་རང་གི་ཐུན་མོང་མ་ཡིན་པའི་བཤད་སྒྲུབ་རྣམ་པར་དག་པ་འཛིན་དང་འཛིན་བཞིན་པ་རེད། ད་དུང་ཡིན་ནའང་། གདན་ས་གསུམ་གཙོས་པའི་སློབ་གཉེར་ཁང་དེ་དག་གིས། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཞུང་ཆེན་མོ་དེ་དག་ལ་སྔར་དང་མི་འདྲ་བར་སློབ་གཉེར་གནང་དང་གནང་བཞིན་པ་རེད། དེ་ཡང་ང་རང་ཚོ་བོད་ཀྱི་སྔ་མོའི་གོམས་སྲོལ་ཙམ་མ་ཡིན་པར་གཞུང་ལུགས་ཀྱི་རྒྱ་འགྲེལ་དེ་ཚོར་ཐོས་བསམ་སྒོ་གསུམ་ནས་དཔྱད་དེ་སློབ་གཉེར་ཡག་པོ་གནང་གི་ཡོད་པ་རེད་ལ་མུ་མཐུད་གནང་རོགས་གནང་ཞུ་རྒྱུ་ཡིན། གཙོ་བོ་ག་རེ་གནང་དགོས་རེད་ཟེར་ན། ད་ལྟ་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས། ༧གོང་ས་མཆོག་གིས་གསུང་བ་ནང་བཞིན། གཞི་ཕྲན་དང་ཚུལ་ཁྲིམས་སོར་བཞི་ལ།། ལྷ་བླ་མའི་བྱིན་རླབས་འཕྲོ་ཕྱིན་པའང་།། རྒྱུད་ལྟ་བ་དཔྱད་པའི་ས་བོན་འདེབས།། རྐྱེན་ཚོགས་བསགས་གྱུར་ཀྱང་ཆོས་ལུགས་འདེད།། ལམ་གོམས་པའི་རྩ་དང་དུམ་སླ་ན།། གནས་རྟག་ཏུ་ལྟ་བའི་ལུང་རྟོགས་སྨིན།། ཞེས་གསུངས་བ་ལྟར། ང་རང་ཚོ་སློབ་གཉེར་སྐྱོན་མཁན་ཚོས་གཙོ་བོ་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་རྒྱུ་ནི་ཧ་ཅང་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། ཅེས་གསུངས།

མཇུག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགའ་ལྡན་ལྔ་མཆོད་ཆེན་མོ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་བསྩལ་སྐབས། དེ་རིང་ལྔ་མཆོད་ཀྱི་མཛད་སྒོའི་ཐོག་མཐའ་བར་གསུམ་དུ་རྒྱས་པ་ཡག་པ་ཞེ་དྲགས་བྱུང་། གཙོ་བོ་ང་རང་ཚོ་ཚང་མའི་རྒྱུད་ལ་རྗེ་བླ་མ་རྗེས་དྲན་བྱས་ཡོང་དུས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་གྱི་སྒང་ལ་ཚོགས་སྣང་སྐྱེས་ཡོང་རྒྱུ་མ་གཏོགས། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་སྐྱེ་རྒྱུ་མི་འདུག དེར་བརྟེན་ལྔ་མཆོད་ཀྱི་མཛད་སྒོ་ཚོགས་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་རྗེས་དྲན་བྱེད་དུས་ཁོང་གིས་གསུངས་པའི་པོ་ཏི་བཅོ་བརྒྱད་དེ་ང་ཚོའི་བློ་ལ་འཆར་ཡོང་རྒྱུ་ཞིག་དང་། དེའི་སྙིང་པོ་བསྡུས་ཡོང་དུས་དེ་སྔོན་བཤད་པའི་བྱང་ཆུབ་སེམས་ཀྱི་སྐོར་གཅིག དེ་ནས་སྟོང་ཉིད་ཀྱི་ལྟ་བའི་སྐོར་གཅིག ད་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དྲི་མ་མེད་པ་རིགས་པའི་ལམ་ནས་གཞུང་གོང་འོག་ཚང་མ་བསྒྲིགས་ནས་གཏན་ལ་ཕབ་པ་དེ་རྗེ་རིན་པོ་ཆེའི་གཞུང་དེ་རེད། ཁ་སང་སྔོན་མ་ཞུས་ཚར་བ་རེད། དེ་ཡིན་དུས་སྟོང་ཉིད་ཀྱི་ལྟ་བ་དེ་རྗེ་རིན་པོ་ཆེ་ཀླུ་སྒྲུབ་གཉིས་པ་ལྟ་བུ་ཕལ་ཆེར་རེད་དཱ། དེ་བཤད་ཐུབ་ཀྱི་རེད། དེའི་སྒང་ལ་བྱང་ཆུབ་སེམས་སྦྱོང་སྐོར་དེ་ཁ་སང་ཞུས་པ་ནང་བཞིན་སྤྱོད་འཇུག་དེ་ཚུར་སྣོན་མ་བརྒྱབ་ནས། དེ་སྔ་ང་ཚོ་དབུས་གཙང་ཁུལ་དུ་སྤྱོད་འཇུག་གི་བཤད་རྒྱུན་མེད་པའི་བཟོ་ལྟ་བུ་འདུག་ལ། སྤྱོད་འཇུག་སྣང་མེད་ལྟ་བུ་ལུས་བསྡད་ཀྱི་འདུག་ཨཱ། སྤྱོད་འཇུག་ལབ་དུས་བསྔོ་བའི་ལེའུ་དེ་རྐྱང་རྐྱང་དྲན་བསྡད་པའི་བཟོ་ལྟ་བུ། དེ་མ་རེད་དཱ། སྤྱོད་འཇུག་གི་ལེའུ་དྲུག་པ་དང་བརྒྱད་པ་དེ་ཧ་ལས་པའི་རྒྱལ་ཆེན་པོ་རེད། དེ་ཡག་པོ་བྱས་ནས་ལྟ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་། 

དགའ་ལྡན་ལྔ་མཆོད་ཆེན་མོའི་མཛད་སྒོ་གྲུབ་རྗེས། ༸གོང་ས་མཆོག་དགའ་ལྡན་ཤར་རྩེ་ནས་བྱང་རྩེ་གྲྭ་ཚང་གི་ཚོགས་ཁང་དུ་ཆིབས་ཞབས་བསྐྱངས་ཏེ་ཕེབས་སྟོན་ཞུས་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། གདན་ས་ཆེན་མོ་དགའ་ལྡན་དང་འབྲས་སྤུངས་བཅས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། རྩོམ་སྒྲིག་པ་པདྨ་མཚོས་ས་གནས་ནས་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༩/༡༢/༢༡

Leave a Reply

One thought on “རྗེ་རིན་པོ་ཆེར་རྗེས་དྲན་ལེགས་ཤོས་ནི་ཁོང་གི་གསུང་པོ་ཊི་ ༡༨ ལ་ཉམས་ལེན་ཞུ་རྒྱུ་དེ་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས

    རྗེ་བླ་མའི་དམ་ངག་པོད་ཆེན་བཅོ་བརྒྱད་ལ།
    ཐོས་བསམ་སྒོམ་གྱི་ཉམས་ལེན་ཚུལ་བཞིན་སྲུང།
    འཆད་རྩོད་རྩོམ་གྱི་བླ་མའི་བཀའ་བཞིན་སྒྲུབ།
    བློ་བཟང་གྲགས་པའི་བསྟན་པ་རྒྱས་རྒྱུར་ཅིག།