སྐུ་མཁྱེན། ང་ཚོའི་གནས་བབ་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ལ་ཞུ་རོགས།

རྒྱ་ནག་ནང་ཡོད་པའི་བཙོན་མ་ཞིག་གིས་ཁོ་ཚོར་འདོད་མོས་མེད་བཞིན་དུ་རྒྱ་ནག་གི་བཟོ་ཚོང་ཁང་ཁག་ཏུ་ངལ་རྩོལ་སྒྱུར་བཀོད་བྱེད་བཞིན་པའི་ཡི་གེ་ཞིག་ཡི་ཤུའི་འཁྲུངས་སྐར་ཤིས་ཤོག་མཉམ་དུ་བསྐུར་ནས་ཁོ་ཚོར་རོགས་རམ་ཡོང་བའི་རེ་སྐུལ་བྱས་ཡོད་འདུག 

དེ་རིང་རོའུ་ཊར་(Reuters)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་བ་བཙོན་མ་ཞིག་གིས་ཁོ་རང་རྒྱ་ནག་ནང་གི་བཙོན་མ་ཞིག་ཡིན་པ་དང་།བཙན་དབང་འོག་བཟོ་ཚོང་ཁང་དུ་ངལ་རྩོལ་ལས་ཞུགས་བྱེད་བཅུག་བཞིན་ཡོད་པའི་ཡི་གེ་ཞིག་ཞིག་ཐོན་སྐྱེད་ཤིས་ཤོག་མཉམ་དུ་བྲིས་ནས་ཕྱི་ལ་སྐུར་བ། དབྱིན་ཡུལ་ལྷོ་ཕྱོགས་ནས་ཡིན་པའི་ལོ་ན་ ༦ ཙམ་སོན་པའི་བུ་མོ་ཧྥོ་ལོ་རེན་སི་ཝི་ཌི་ཁོམ་བྷེ་(Florence Widdicombe)ཞེས་པ་ཞིག་རག་ཡོད་པ་དང་། ཡི་གེའི་ནང་ཤིས་ཤོག་དེ་རག་མཁན་གྱིས་ཁོ་ཚོའི་གནས་ཚུལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ལ་ཤེས་རྟོགས་བྱུང་འཇུག་པའི་རེ་སྐུལ་ཞུས་ཡོད་འདུག

འཁྲུངས་སྐར་ཤིས་ཤོག་མཉམ་དུ་སྐུར་བའི་ཡི་གེའི་ནང་། ང་ཚོ་ནི་རྒྱ་ནག་ཧྲང་ཧེ་ཆིན་པུ་བཙོན་ཁང་(Shanghai Qingpu Prison China)གི་ཕྱི་རྒྱལ་བའི་བཙོན་མ་ཡིན། རང་ཉིད་ལ་འདོད་མོས་མེད་བཞིན་བཙན་དབང་གི་འོག་ལས་ཀ་བྱེད་ཀྱི་ཡོད། སྐུ་མཁྱེན། ང་ཚོའི་གནས་བབ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ལ་ཞུས་ཏེ་ང་ཚོར་རོགས་རམ་བྱེད་རོགས། ཅེས་བྲིས་ཏེ། སུ་ལ་ཤིས་ཤོག་དེ་རག་ཚེ་པི་ཊར་ཧམ་ཧྥེ་རེ་(Peter Humphrey)ཞེས་པ་ཞིག་ལ་སྤྲོད་པའི་རེ་བ་ཞུས་ཡོད་འདུག

ཤིས་ཤོག་དེ་བུ་མོ་ཧྥོ་ལོ་རེན་སི་ཝི་ཌི་ཁོམ་བྷེ་(Florence Widdicombe)ཡིས་རང་ཉིད་ཀྱི་སློབ་གྲོགས་ཚོའི་ཆེད་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ལ་ཉོས་ཡོད་པ་དང་། བུ་མོ་ཆུང་ཆུང་དེས་ཤིས་ཚིག་འབྲི་སྐབས། ཤིས་ཤོག་གཅིག་གི་སྟེང་སྔ་ས་ནས་ཡི་གེ་ཞིག་བྲིས་ཡོད་པ་མཐོང་བས་མཚར་སྣང་སྐྱེས་ཏེ་རང་ཉིད་ཀྱི་ཨ་ཕར་བསྟན་དུས། ཨ་ཕས་ཐོག་མར་དེ་ནི་གཞན་གྱིས་རྩེད་མཚར་གྱི་ཚུལ་དུ་བྲིས་པར་འདོད་དེ་སྣང་མེད་དུ་བཞག་ཡོད་ན་ཡང་། བཙན་དབང་འོག་ལས་ཀ་བྱེད་ཀྱི་ཡོད་བྲིས་པ་མཐོང་རྗེས་བསྐྱར་དུ་ཞིབ་བཀླགས་དང་། གནད་དོན་དེ་ཚབས་ཆེན་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་ཤིས་ཤོག་ངོར་འཁོད་པའི་མི་དེའི་མིང་རྩད་གཅོད་ཀྱིས་སྤྲད་ཡོད་འདུག

པི་ཊར་ཧམ་ཧྥེ་རེ་ (Peter Humphrey)ནི་དབྱིན་ཡུལ་གྱི་གསར་འགོད་པ་ཟུར་བ་ཞིག་དང་ཉམས་ཞིབ་པ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ བར་རྒྱ་ནག་ནང་བཙོན་དུ་བསྡད་རིང་གི་མཇུག་མཐའི་ཟླ་དགུ་ཙམ་བཙོན་ཁང་དེའི་ནང་བསྡད་ཡོད་འདུག  ཁོང་གིས་ཞུ་ཡིག་དེ་དང་འབྲེལ་ནས། ཞུ་ཡིག་དེ་ནི་ད་ལྟའང་བཙོན་ཁང་དེར་ཡོད་པའི་དེ་སྔོན་གྱི་ཁོའི་བཙོན་རོགས་ཁ་ཤས་ཀྱིས་བྲིས་པ་ཡིན་པ་དང་། ཞུ་ཡིག་དེ་འབྲི་མཁན་མི་གཅིག་ཡིན་ནའང་དེར་ཡོད་པའི་བཙོན་མ་ཚང་མའི་ཞུ་ཡིག་ཡིན་པར་ཐེ་ཚོམས་མེད་པ་རེད། ཅེས་བརྗོད་དེ་ཡི་གེ་དེ་སུས་བྲིས་མིན་ཕལ་ཆེར་ཤེས་ཀྱི་ཡོད་ནའང་། མིང་ད་ལྟ་གཞན་ལ་བཤད་འདོད་མེད་ཚུལ་དང་། དེ་བཞིན་ཞུ་ཡིག་འབྲི་མཁན་དེ་དག་གིས་རྒྱ་ནག་གཞུང་གིས་ཞུ་ཡིག་སུས་བྲིས་པ་ཤེས་རྟོགས་བྱུང་ཚེ་དེའི་མཇུག་འབྲས་སུ་རང་ཉིད་ལ་ཟ་མ་སྤྲོད་མཚམས་འཇོག་པ་དང་བཙོན་ཁང་གི་སྐར་གྲངས་མར་འཐེན་པ། ལོགས་སུ་རང་ཉིད་གཅིག་པུར་བཙོན་ཁང་དུ་ཟླ་གཅིག་རིང་ཉར་བ་ལྟ་བུའི་ཉེས་ཆད་གཅོད་པའི་ཉེན་ཁ་ཡོད་པ་ཤེས་བཞིན་དུ་སྐུར་ཡོད་སྐོར་བརྗོད་འདུག

ཡང་པི་ཊར་ཧམ་ཧྥེ་རེ་(Peter Humphrey)ཡིས་ཁོ་རྒྱ་ནག་ཧྲང་ཧེ་ཆིན་པུ་བཙོན་ཁང་དུ་ཡོད་སྐབས་ཀྱི་བཙོན་ཁང་དེའི་གནས་སྟངས་སྐོར་ལ།  རྒྱ་ནག་གི་ཕྱི་རྒྱལ་བཙོན་མའི་ཁང་རྩེགས་ནང་མི་གྲངས་ ༢༥༠ ཙམ་སྡོད་ཀྱི་ཡོད་པ་དང་། ཁང་མིག་གཅིག་གི་ནང་མི་གྲངས་ ༡༢ རེ་སྡོད་ཀྱི་ཡོད་པ། ཁོང་ཚོར་བཙའ་བརྒྱབ་ཡོད་པའི་ཉལ་ཁྲིའི་ཐོག་ཧ་ཅང་སྲབ་པའི་གདན་ཞིག་ལས་མེད་པ་དང་། བཙོན་ཁང་དུ་ཚ་གློག་དང་གྲང་གློག་མེད་སྟབས། དགུན་ཁ་ཧ་ཅང་གྲང་ལ་དབྱར་ཁ་ཧ་ཅང་ཚ་བ། ཉིན་ལྟར་ཞོགས་པའི་ཆུ་ཚོད་ ༦ མ་ཟིན་སྔོན་ལ་ཡར་ལངས་དགོས་པ་དགོང་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཉལ་དགོས་པ། ཁོང་བཙོན་ཁང་དེར་ཡོད་རིང་འདག་རྫས་དང་སོ་སྨན་སོགས་ཉོ་ཆེད་རང་འདོད་ཀྱིས་ལས་ཀ་བྱས་ཆོག་ནའང་། ད་ལྟ་མི་ཚང་མས་ངེས་པར་དུ་ལས་ཀ་བྱེད་དགོས་ཚུལ་སོགས་འགྲེལ་བརྗོད་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བཙོན་ཁང་གི་ལམ་སྟོན་ནང་། བཙོན་ཁང་རང་ཉིད་དང་ལས་ཀ་བྱེད་ཡུལ་ཚོགས་སྡེ་ཡི་ཁེ་ཕན་སྒྲུབ་ཆེད་བཙོན་པ་བཙན་དབང་གིས་ལས་ཀར་བཀོལ་མི་ཆོག་པ་བཀོད་ཡོད་ནའང་། རྒྱ་ནག་ནང་བཙོན་ཁང་དུ་བཙོན་མ་ཚོར་བཙན་དབང་གིས་ངལ་རྩོལ་བྱེད་དུ་འཇུག་པ་ནི་རྒྱུན་ལྡན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བོད་སོགས་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་བཙོན་མ་ཚོར་བཙན་དབང་གིས་ཉིན་མཚན་བསྟུད་ནས་ངལ་རྩོལ་བྱེད་དུ་བཅུག་ཏེ་མནར་གཅོད་གཏོང་གི་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གི་བཙོན་ཁང་ནང་བཙན་དབང་གིས་ལས་ཀར་ཞུགས་འཇུག་གི་ཡོད་པའི་གནས་ཚུལ་གྱི་ཞུ་ཡིག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ལ་ཕུལ་བ་དང་པོ་མིན་པར། ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གྲོང་ཁྱེར་ཕོར་ཊི་ལན་ (Portland) ནང་གི་བུད་མེད་ཇུ་ལི་ཁེ་ཐི་(Julie Keith)ཟེར་བའི་རྒྱ་ནག་ནས་ནང་འདྲེན་བྱས་པའི་རྩེད་ཆས་ཤིག་གི་ནང་རྒྱ་ནག་ནང་གི་བཙོན་པ་ཞིག་གིས་རང་ཉིད་ལ་བཙན་དབང་བྱས་ཏེ་རྩེད་ཆས་བཟོ་རུ་འཇུག་གི་ཡོད་སྐོར་བྲིས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་བྱང་ཨར་ལན་ཌིའི་ (Northern Ireland) བཟའ་ཟླ་ཞིག་གི་རྐང་སྣམ་ཁུག་མའི་ནང་རྒྱ་ཡིག་ཐོག་བྲིས་པའི་ཞུ་ཡིག་ཞིག་གི་ནང་། བཙོན་ཁང་ནང་ང་ཚོས་རྒྱ་ནག་ནས་ཕྱིར་འདྲེན་བྱེད་པའི་དེང་རབས་ཀྱི་དངོས་རྫས་བཟོ་ཡི་ཡོད་ལ། ཉིན་རེར་ཆུ་ཚོད་ ༡༥ རིང་ལས་ཀ་བྱེད་དགོས། ང་ཚོའི་ཟ་མ་ནི་ཁྱི་དང་ཕག་ལའང་སྤྲོད་མི་སྲིད་པ་ཞིག་རེད། ཅེས་བྲིས་པ་སོགས་རྙེད་སོན་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༢༣

Leave a Reply