༧གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་ཉིན་གྲངས་ ༡༠ ལྷག་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མ་འོངས་པར་སངས་རྒྱས་ཀྱི་བསྟན་པའི་འགྲོ་དོན་བྱ་ས་དེ་ནུབ་ཕྱོགས་ལས་རྒྱ་ནག་དེ་ཕ་མེས་ནས་ནང་པ་ཆགས་ཡོང་སྟབས་བརྟན་པོ་ཡོད་སྐོར་གསུངས་སོང་།

དེ་རིང་ཞོགས་པར་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དམ་གཟིགས་དང་གཞུང་ཆེན་རྩོད་རྒྱུགས་བཞེས་གནང་སོང་བ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གདན་ས་ཁག་དེ་དག་གིས། ང་ཚོ་བཙན་བྱོལ་བ་ཡིན་ན་ཡང་དངོས་གནས་དྲང་གནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ། ལུང་དང་རིག་པའི་སྒོ་ནས་གཏན་ལ་ཕབ་ནས་ངེས་པ་ཐོབ་པ་ཞིག་གནང་གི་ཡོད་པ་ཞེ་དྲགས་ཡག་པོ་ཡིན་སྐོར་གསུངས་སོང་།

སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་རེད་དེ། ཡིན་ན་ཡང་རང་གཞན་ཚང་མས་ཡིད་སྨོན་སྐྱེ་རྒྱུ་ལྟ་བུ་ཆགས་ཡོད། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་འབར་གྱུར་ཅིག་ཅེས་ང་ཚོས་དུས་རྒྱུན་སྨོན་ལམ་རྒྱག་གི་ཡོད་པ་རེད། གཙུག་ལག་ཁང་བཞེངས་པ་དང་སྐུ་གསུང་ཐུགས་རྟེན་ཕྱོགས་རེས་པ་གཅིག་པུས་བསྟན་པ་གནས་རྒྱུའི་སྐད་ཆ་མ་རེད། གང་ལྟར་བཅོམ་ལྡན་འདས་ཀྱིས་གསུང་པའི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ། དེ་ནས་ཀླུ་སྒྲུབ་ཡས་སྲས་ལ་སོགས་པའི་རིག་པའི་ལམ་ནས་གཏན་ལ་ཕབ་བཞག་པ། དེང་སང་རྣམ་དཔྱོད་ལྡན་པའི་མི་སུ་འདྲ་ཞིག་ཡིན་ན་ཡང་སངས་རྒྱས་པའི་ལྟ་གྲུབ་ནང་གཞི་གནས་ཚུལ་སེམས་ཁམས་རིག་པ་ཡོད་པ་རེད། དེ་དག་གཏན་ལ་ཕབ་པ་ཞིག་ཡིན་དུས་ཚད་མ་རིག་པའི་ཐོག་ནས་གཏན་ལ་འབེབ་རྒྱུ་ཞིག་ཡོང་གི་ཡོད་པ་རེད། ཅེས་དང་། ཡང་ང་ཚོའི་གདན་ས་ཁག་དེ་དག་གིས་ང་ཚོ་བཙན་བྱོལ་བ་ཡིན་ན་ཡང་དངོས་གནས་དྲང་གནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ལུང་དང་རིག་པའི་སྒོ་ནས་གཏན་ལ་ཕབ་ནས་ངེས་པ་ཐོབ་པ་ཞིག་གནང་གི་ཡོད་པ་ཞེ་དྲགས་ཡག་པོ་རེད། ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་མུ་མཐུད། ཁྱེད་ཚོ་ཧི་མ་ལ་ཡའི་རི་བརྒྱུད་ཚོས་སོ་སོའི་འབྲེལ་ཡོད་ཀྱི་དགོན་པ་ཁག་ནང་དུ། བསྡུས་ར་ནས་བཟུང་བློ་རྟགས་རིགས་ག་ཚོད་ཐུབ་ཐུབ་ཀྱིས་སློབ་ཁྲིད་བྱ་ཐུབ་པ་ཞིག་དགོས། དེ་ཡང་དགེ་འདུན་པ་ཙམ་མ་རེད། བཙུན་པའི་དགོན་པ་དེ་ཚོ་ལའང་དེ་དེ་བཞིན་གྱིས་བཙུན་མའི་དགེ་བཤེས་མ་ད་ལྟ་འཐོན་ཡོང་གི་ཡོད་རེད། དེར་བརྟེན། དེ་ནང་བཞིན་གྱི་མི་སྐྱ་ཕོ་མོ་རྣམས་ལ་ཡང་ནང་ཆོས་ངོ་སྤྲོད་བྱས་ནས། ནང་པའི་ཆོས་ཟེར་བ་དེ་སྨོན་ལམ་འདོན་རྒྱུ་དང་། ཕྱག་མཆོད་འབུལ་བྱ་རྒྱུ་གཅིག་པུ་མ་ཡིན་པར། ནང་ཆོས་ཟེར་དུས་སློབ་སྦྱོང་བྱས་ནས། གང་ལྟར་དེ་རིང་ཁ་སང་ཚན་རིག་དང་མཐུན་པ་བྱེད་རྒྱུ་ཡོད་བསྡད་པ་ཞིག་ན་ལེཎྜའི་ཆོས་བརྒྱུད་མ་གཏོགས་གཞན་དག་ལ་ཡོད་པ་མ་རེད། དེ་ཕྱི་ནང་དང་ཆོས་མེད་ཚོ་ལ་ཡང་ངོམ་ཆོག་པ་ཞིག་ཆགས་བསྡད་ཡོད་པ་དང་། ང་ཚོས་དེ་གཅེས་འཛིན་བྱས་ནས་གལ་ཆེར་བརྩིས་ན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་ཡིན་ན་ཡང་ཆོས་དད་ཡོད་པའི་ཐོག་ལ། ནང་ཆོས་ཀྱི་གོ་རྟོགས་སླེབས་ཏེ་འདི་ཚན་རིག་དང་མཐུན་པ་རེད་འདུག་མི་འདུག་བཤད་ཡོང་དུས། ཧི་མ་ལ་ཡའི་རི་བརྒྱུད་ལ་ནང་པ་སངས་རྒྱས་པའི་བསྟན་པ་ལ་དད་པ་བརྟན་པོ་ཡོད་རེད། དེ་རྒྱུ་མཚན་དང་ལྡན་པའི་ཐོག་ནས་བརྟན་པ་ཆགས་རྒྱུ་ཞིག་ཡོང་ཆེད། ངས་རྟག་པར་བཤད་པའི་དབང་བརྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར་བའི་ནང་ནས། ད་ལྟ་དབང་བརྟུལ་དད་པའི་རྗེས་འབྲང་རེད། ད་དེར་ཕར་སློབ་སྦྱོང་སྤྲད་དེ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གྲུབ་ཐུབ་པའི་ཐད་བསམ་བློ་གཏོང་དགོས་ཀྱི་འདུག ཅེས་གསུངས་སོང་།

མཇུག་ཏུ་རྒྱ་ནག་གཞུང་གིས་སྲིད་བྱུས་ལ་འགྱུར་བ་ཐེབས་རྒྱུའི་རེ་བ་ཡོད་པ་དང་མ་འོངས་པར་རྒྱ་ནག་ལ་ནང་ཆོས་ཀྱིས་ཕན་ཐོགས་ཡོད་པའི་སྐོར་ལ་ཁོང་གིས། རྒྱ་ནག་གི་སྲིད་བྱུས་ག་ལེ་ག་ལེར་འགྱུར་རྒྱུའི་རེ་བ་ཡོད་རེད། ཆོས་དད་བྱེད་ན་འགྲིག་གི་མ་རེད་ལབ་ནས་ཕན་རྒྱུ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་རྒྱ་ནག་ལ་དངོས་ཡོད་དང་མཐུན་པའི་སྲིད་བྱུས་ཤིག་དགོས་ཀྱི་ཞེས་པའི་བསམ་ཚུལ་ཞིག་ཡོང་བསྡད་པའི་བཟོ་ལྟ་བུ་འདུག ལྷག་པར་རྒྱ་ནག་ནང་དུ་ནང་པ་ཤུགས་ཆེན་པོ་ཞེ་དྲགས་ཡོད་རེད། འཛམ་གླིང་འདིའི་ནང་ནང་ཆོས་བྱེད་མཁན་གྱི་གྲངས་འབོར་རྩིས་པ་ཡིན་ན་རྒྱ་ནག་མང་ཤོས་རེད། དེ་འདྲ་ཡིན་སྟབས་ང་ཚོས་འདིར་སློབ་གཉེར་བྱས་པའི་འབྲས་བུ་དེ་རིམ་པས་རིམ་པས་ཧི་མ་ལ་ཡའི་རི་བརྒྱུད། དེ་ནས་ཕར་བོད་བརྒྱུད་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོར་ནང་ཆོས་ངོ་སྤྲོད་བྱས་ཏེ། དབང་བརྟུལ་དད་པའི་རྗེས་འབྲང་ལྟ་བུ་མཚོན་པའི་མི་ཁ་ཤས་ལ་ཕན་གྱི་རེད་དེ། མི་རྣམ་དཔྱོད་ཅན་ལ་ཁག་པོ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་ནང་ཆོས་དེ་འདྲ་བྱས་ནས་སྤེལ་ཐུབ་པ་བྱུང་ན། ད་ལྟ་ཡིན་ན་ཡང་རྒྱ་ནག་ནང་ལོགས་ལ་ནང་པ་ས་ཡ་ ༤༠༠ མ་ཟིན་ཙམ་འདུག དེར་བརྟེན་རིམ་རིམ་པས་ང་ཚོས་དེ་དག་ལ་ཏོག་ཙམ་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་གོ་སྐབས་ཡོད་པ་རེད། ཅེས་དང་། ཁྱེད་ཚོས་རྒྱ་སྐད་ཟ་སྐལ་འཐུང་སྐལ་ཙམ་མ་ཡིན་པར། ནང་ཆོས་ཀྱི་ཚིག་དེ་འདྲར་ཏོག་ཙམ་སློབ་སྦྱོང་བྱས་ཏེ། རིམ་པས་རྒྱ་ནག་རང་ནང་དུ་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་ཡོང་གི་རེད། ཐའེ་ཝན་དང་འབྲེལ་བ་ཡོད་རེད། ཐའེ་ཝན་ལ་དགེ་རྒན་དེ་འདྲ་ཕར་སློབ་ཏུ་འགྲོ་ཐུབ་ན་ཡག་པོ་ཡོད་རེད། དེ་མིན་དགེ་རྒན་སར་ཚུར་སློབ་སྦྱོང་བྱེད་ནའང་ཡག་པོ་ཡོད་རེད། གང་ལྟར་མ་འོངས་པར་སངས་རྒྱས་ཀྱི་བསྟན་པའི་འགྲོ་དོན་བྱ་ས་དེ་ནུབ་ཕྱོགས་ལུང་པ་དང་རྒྱ་ནག་བྱས་ན། རྒྱ་ནག་དེ་ཕ་མེས་ནས་ནང་པ་ཆགས་ཡོང་སྟབས་བརྟན་པོ་ཡོད་པ་རེད། ནུབ་ཕྱོགས་ནང་གཞི་ནས་གསར་བ་ཡོང་གི་ཡོད་པ་རེད། ནུབ་ཕྱོགས་སུ་རྣམ་དཔྱོད་ཅན་ཚོས་ནང་པ་ལ་དོ་སྣང་སླེབས་བསྡད་ཀྱི་འདུག ཅེས་སོགས་གསུངས་སོང་། 

མཛད་འཆར་ལྟར་ན། སང་ཉིན་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་དང་པོའི་ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ། ཕྱི་ཚེས་ ༤ ནས་ཉིན་གཉིས་རིང་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུ་འཆར་ཡོད་པའི་ནང་བསྟན་ཚོགས་འདུའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། རྩོམ་སྒྲིག་པ་པདྨ་མཚོས་ས་གནས་ནས་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༩/༡༢/༢༣

Leave a Reply