ང་ཚོས་ཅིའི་ཕྱིར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ཡིན།  

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པུ་ར་གྷུ་གྲོང་ཁྱེར་སྤྱི་ཁྱབ་པས་གཞུང་འཛིན་པ་གོང་མ་ཚོའི་ལངས་ཕྱོགས་ལྟར་ཐའེ་ཝན་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཨ་རིའི་ཝ་ཤིན་ཊོན་ཆ་འཕྲིན་སྟེང་། ཡུ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པུ་ར་གྷུ་(Prague)གྲོང་ཁྱེར་སྤྱི་ཁྱབ་པ་ཧེ་རེབ་(Zdenek Hrib)ལགས་ཀྱིས་ང་ཚོས་ཅིའི་ཕྱིར་པུ་ར་གྷུ་གྲོང་ཁྱེར་ཚོགས་ཁང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ཡིན་ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཏེ། པུ་ར་གྷུ་གྲོང་ཁྱེར་གྱིས་བོད་དང་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་དང་མཉམ་འབྲེལ་བྱེད་པར་ཡིད་གཟབ་དང་དོགས་ཟོན་དགོས་པའི་ཉེན་བརྡ་སོགས་བཏང་འདུག

རྩོམ་ཡིག་དེའི་ནང་གྲོང་ཁྱེར་སྤྱི་པ་ཧེ་རེབ་ལགས་ཀྱིས། ངས་རྒྱ་ནག་གཞུང་དང་ལྷན་དུ་ཚོང་རྒྱག་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་ཀྱི་མེད་ལ། དེ་བས་ཀྱང་ང་ཚོའི་དབར་གྱི་འབྲེལ་ལམ་མཚམས་འཇོག་བྱས་ཏེ། ཕྱོགས་གཉིས་དབར་ཧ་ཅང་ཐལ་ཆེ་བ་དང་དགག་རྒོལ་གྱི་ལམ་དུ་སྐྱོད་འདོད་མེད་མོད། འོན་ཀྱང་ངས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ང་ཚོའི་གྲོགས་པོ་ཚོར་ཞུ་རྒྱུར། ཉེན་ཁ་ཆེ་བ་དང་བློ་གཏད་མེད་པའི་འགྲན་ཡ་མཉམ་དུ་འབྲེལ་འདྲིས་མ་བྱས་སྔོན་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན། ཞེས་བཀོད་འདུག

ཡང་རྩོམ་ཡིག་ནང་མུ་མཐུད། རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་གཙོས་པའི་རྒྱ་ནག་འོག་གི་བཙོན་མ་ཚོའི་དབང་བོ་རྐུན་འཁྱེར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་དང་། ཁོང་གིས་པུ་ར་གྷུ་གྲོང་ཁྱེར་གྱི་གཞུང་འཛིན་པ་གོང་མ་ཚོའི་ལངས་ཕྱོགས་ལྟར་ཐའེ་ཝན་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་མ་ཟད། ལོ་རྗེས་མའི་ཕྱི་ཟླ་ ༡ པོའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དང་ལྷན་དུ་གྲོང་ཁྱེར་སྤུན་མཆེད་ཀྱི་གྲོས་ཆོད་ཅིག་འཇོག་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

འདི་ལོར་ཅེཀ་(Czech)སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རི་གྷེས་(Prague)གྲོང་ཁྱེར་གྱི་ཚོགས་ཁང་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ལ་བརྟེན་ནས། རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་རོལ་མོ་བའི་སྡེ་ཁག་ཅིག་རྒྱ་ནག་ནང་རོལ་དབྱངས་སྐོར་བསྐྱོད་གྱི་ལས་རིམ་ཞིག་རྩིས་མེད་བཏང་ཡོད་པ་དང་། རྩོམ་ཡིག་ནང་གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ཧེ་རེབ་ལགས་ཀྱིས། རྒྱ་ནག་གཞུང་གིས་སྒྱུ་རྩལ་ཆབ་སྲིད་ལ་བསྒྱུར་ཏེ་དགྲ་ཤ་ལེན་ཐབས་བྱས་པ་ནི་ནོར་འཁྲུལ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་ང་ཚོའི་སྐོར་བསྐྱོད་བཀག་འགོག་བྱས་པའི་རྒྱུ་མཚན་ནི། ཕྱི་ལོ་ ༢༠༡༨ ལོར་ཁོང་གྲོང་ཁྱེར་གྱི་སྤྱི་ཁྱབ་དུ་བདམས་པ་ནས་བཟུང་། ཁོང་གིས་འོས་བསྡུའི་སྐབས་མི་མང་ལ་ང་ཚོའི་དམར་ཤོག་གི་སྲོལ་རྒྱུན་ནང་བཞིན། དམངས་གཙོ་གོང་སྤེལ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད། དམ་བཅའ་དེ་གཞིར་བཞག་ཐོག་ང་དང་ངའི་གཞུང་གིས་རྒྱ་ནག་གཞུང་ལ་སུན་གཙེར་བཟོས་ཡོད་འདུག ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༧ པ་ཙམ་ནས་ཕ་རཱ་གྷོ་གྲོང་ཁྱེར་དང་པེ་ཅིན་གྱི་འབྲེལ་ལམ་ཐད་མི་མཐུན་པ་བྱུང་ཡོད་པ་དང་། གནད་དོན་དེ་ནི་རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་དམིགས་བསལ་ཕ་རཱ་གྷོ་གྲོང་ཁྱེར་དང་པེ་ཅིན་གྲོང་ཁྱེར་བར་སྤུན་མཆེད་ཀྱི་མཛའ་འབྲེལ་བཙུགས་ཡོད་སྟབས། རྒྱ་ནག་གཞུང་གིས་གྲོང་ཁྱེར་དེའི་ནང་མ་རྩ་འཛུགས་འཇོག་དང་རྐང་རྩེད་སྤོ་ལོའི་ཐང་ཆེན་གསར་རྒྱག བརྙན་འཕྲིན་ལས་ཁང་གསར་རྒྱག་སོགས་ཀྱི་རོགས་སྐྱོར་ལས་གཞི་སྤེལ་ཞོར་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་དགོས་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་འདུ་སོགས་ཀྱི་སྟེང་ཐའེ་ཝན་དང་བོད་གཉིས་མཉམ་ཞུགས་ལ་བཀག་འགོག་དགོས་པ་སོགས་ངོས་ལེན་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན། ཡུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་པས་པེ་ཅིན་དང་འབྲེལ་ལམ་གཅོད་རྒྱུའི་ཐག་གཅོད་གནང་བ་ཞིག་ཡིན་འདུག

ཕ་རཱ་གྷོ་གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ཧེ་རེབ་ལགས་ནི་སྔར་ལོའི་ཕྱི་ཟླ་ ༨ པའི་ནང་ཡུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཡོད་པ་དང་། ཁོང་སྤྱི་ཁྱབ་དུ་བསྡད་པ་ནས་བོད་དོན་དང་ཐའེ་ཝན་སོགས་ལ་རྒྱབ་སྐྱོར་གནང་མགོ་བཙུགས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ ནང་ཕ་རལ་གྷོ་གྲོང་ཁྱེར་སྲིད་གཞུང་གི་ལས་ཁུངས་ཚང་མའི་སྟེང་བོད་ཀྱི་རྒྱལ་དར་བཙུགས་པ་དང་། ཕྱི་ཟླ་ ༧ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུལ་དེའི་ནང་སྐོར་སྐྱོད་དུ་ཕེབས་སྐབས་གྲོང་ཁྱེར་ལས་ཁུངས་ནང་མཇལ་འཕྲད་གནང་ཡོད་པ་རེད། དེ་སྔོན་ཁོང་ཐའེ་ཝན་ནང་གཟིགས་སྐོར་དུ་ཕེབས་སྐབས། རྒྱ་ནག་གཞུང་གིས་ཁོ་ལ་གནོན་ཤུགས་སྤྲད་དེ་ཕྱིར་འཐེན་གནང་དགོས་སྐོར་བརྗོད་པར། ཁོང་གིས་གནས་ཚུལ་དེ་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་པ་དང་། ཅེག་གཞུང་གི་ཆབ་སྲིད་མི་སྣ་ཚོས་དེ་སྔོན་དེ་ལྟ་བུའི་རིགས་ལ་ངོས་ལེན་བྱས་མེད་ལ། མ་འོངས་པར་ཡང་གནས་ཚུལ་དེའི་རིགས་ལ་ངོས་ལེན་བྱ་ཐབས་མེད་པ་ཞིག་རེད། ཅེག་རྒྱལ་ཁབ་ཀྱི་ཆབ་སྲིད་པས་རྒྱ་ནག་གི་དགོས་འདུན་སྒྲུབ་དགོས་དོན་མེད་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༢༧

Leave a Reply