བོད་དང་ཤར་ཊུར་ཀི་སི་ཐན་རྒྱ་ནག་གི་དབུལ་སྒྲོལ་ལས་ཐར་ཐུབ་མེད་ཟེར།

འདི་ལོའི་རྒྱ་ནག་གཞུང་གི་དབུལ་སྐྱོར་འགག་སྒྲོལ་གྱི་སྙན་ཐོ་ཟེར་བའི་ནང་ཤར་ཊུར་ཀི་སི་ཐན་དང་བོད་ཁུལ་གྱི་ས་ཁུལ་རེ་འགའ་ད་དུང་རྒྱ་ནག་གི་ས་ཁུལ་ཆེས་དབུལ་ཤོས་ཁོངས་ནས་ཐར་ཐུབ་མེད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། རྒྱ་གར་ཧིན་དྷུ་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོ་གཅིག་པུར་བོད་ཚུད་པའི་རྒྱ་ནག་ཁྱོན་ཡོངས་ནང་དབུལ་སྐྱོར་འགག་སྒྲོལ་ཟེར་བའི་ལས་གཞིའི་འོག་ཁྱོན་མི་གྲངས་ས་ཡ་ ༡༠ ལྷག་དབུལ་སྒྲོལ་བྱ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། རྒྱ་ནག་གིས་དམ་དྲག་ཤུགས་ཆེར་བྱ་སའི་ཤར་ཊུར་ཀི་སི་ཐན་དང་བོད་ཁུལ་གྱི་ས་ཁུལ་རེ་འགའ་ད་དུང་རྒྱ་ནག་ནང་གི་ས་ཁུལ་དབུལ་ཤོས་ཁོངས་ནས་ཐར་ཐུབ་མེད་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སྙན་ཐོ་དེ་དང་འབྲེལ། རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་རྒྱ་ནག་རྒྱལ་ཡོངས་ལོ་འཁོར་དབུལ་སྐྱོར་ཚོགས་ཆེན་ཞེས་པ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྲིད་སྤྱི་ཁབ་ཁང་གི་དབུལ་སྐྱོར་ལས་ཁུངས་ཀྱི་མགོ་འཁྲིད་ལིའུ་ཡུང་ཧྥུའུ་(Liu Yongfu)ཟེར་བ་དེས། འདི་ལོར་མི་གྲངས་ས་ཡ་ ༡༠ ལས་མང་བ་དབུལ་པོའི་གནས་ནས་ཐར་རྒྱུའི་ཚོད་དཔག་བྱས་ཡོད་པ་དང་། རྫོང་ཁག་ ༣༤༠ ལྷག་དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱས་ཚར་ཡོད་ན་ཡང་། ད་དུང་དབུལ་གྲལ་ནས་ཐར་ཐུབ་མེད་པའི་གྲོང་གསེབ་ནི་རྒྱལ་ཁབ་ཀྱི་ནུབ་བརྒྱུད་བོད་རང་སྐྱོང་ལྗོངས་ཚུད་པའི་བོད་མི་གནས་སྡོད་ཞིང་ཆེན་བཞི་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁུལ་དུ་ཡོད་སྐོར་བརྗོད་འདུག

དེ་བཞིན་སྙན་ཐོའི་ནང་། ཆེས་དབུལ་བའི་ས་ཁུལ་དེ་དག་ནང་དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་ཏེ། འདས་ལོར་ས་ཁུལ་དེ་དག་གི་མི་གྲངས་ས་ཡ་ ༡།༧༢ ལྷག་དབུལ་བོའི་ཐོ་གཞུང་ནང་ཡོད་ཀྱང་། འདི་ལོར་ལོ་མཇུག་ཙམ་ནས་དབུལ་པོའི་ཐོ་གཞུང་ནང་མི་གྲངས་འབུམ་ ༤ དང་ཁྲི་ ༣ ལྷག་ལ་མར་ཆགས་ཡོད་སྐོར་དང་། འདས་ལོའི་ལོ་མཇུག་ཏུ་རྒྱ་ནག་ཁྱོན་ཡོངས་ནང་ལོ་རེའི་ཡོང་འབབ་རྒྱ་སྒོར་ ༢༣༠༠ ལས་ཉུང་བའི་གྲོང་སྡེ་ཁུལ་གྱི་དབུལ་བོའི་མི་གྲངས་ས་ཡ་ ༡༦།༦ ལྷག་དང་། རྫོང་ཁག་ ༤༠༠ ལྷག་དབུལ་སྒྲོལ་ཁོངས་སུ་ཡོད་སྐོར་འཁོད་ཡོད་ན་ཡང་། ཤར་ཊུར་ཀི་སི་ཐན་དང་བོད་ཁུལ་གྱི་ས་ཁུལ་རེ་འགའ་ད་དུང་རྒྱ་ནག་ནང་གི་ས་ཁུལ་དབུལ་ཤོས་ཁོངས་ནས་ཐར་ཐུབ་མེད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་གྲོང་གསེབ་དང་གྲོང་རྡལ་ཁག་གཅིག་ཀྱང་མ་ལུས་པར་གཞུང་ལམ་བཟོས་ཏེ་ཕན་ཚུན་འབྲེལ་མཐུད་དང་། གྲོང་གསེབ་དཔལ་འབྱོར་དབུལ་སྒྲོལ་ཐུབ་སྐོར་བསྒྲགས་ཡོད་ན་ཡང་། འདི་ལོར་སྙན་ཐོ་ཁག་དང་རྒྱ་ནག་གཞུང་འབྲེལ་ཚོགས་འདུ་ཁག་ཏུ་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་ཐོན་མེད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་བོད་ཁུལ་གྱི་ས་ཆ་མང་པོའི་ནང་རྒྱ་ནག་གཞུང་གིས་ཁང་པ་ཁ་ཤས་འཛུགས་སྐྲུན་གྱིས་བོད་མི་ཚོ་དབུལ་སྒྲོལ་ཆེད་སྡོད་ཁང་གསར་བ་འཛུགས་སྐྲུན་བྱས་ཡོད་སྐོར་སོགས་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་ཀྱང་། བོད་མི་ཚོ་ཁང་པ་གསར་བའི་ནང་གནས་སྤོས་རྗེས་ཁང་གླ་ཞེས་པ་ཞིག་བཤད་ནས་དུད་ཁྱིམ་རེའི་ལག་ནས་རྒྱ་སྒོར་ ༨༠༠༠ ནས་ ༡༠༠༠ བར་བླངས་བ་སོགས། དབུལ་སྒྲོལ་འགག་སྒྲོལ་ཟེར་བ་བོད་གཙོའི་གྲངས་ཉུང་མི་རིགས་ཁག་ནང་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་སྤྱོད་བཞིན་ཡོད་འདུག

གཞན་སྔར་ལོ་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་གསར་ཁང་ཟེར་བའི་གནས་ཚུལ་ནང་།རྒྱ་ནག་རྒྱལ་ཡོངས་སུ་སྤེལ་བཞིན་པའི་དབུལ་སྐྱོར་འགག་སྒྲོལ་ལས་འགུལ་ཁྲོད། ས་ཆ་མང་པོར་དབུལ་སྐྱོར་འགག་སྒྲོལ་ནི་མགོ་འཁྲིད་ཚོས་རང་ཉིད་ཀྱི་ཁམས་མོས་ཙམ་ལས་མི་མང་གི་འདོད་བློ་ཁེངས་མིན་ལ་མི་ལྟ་བར། ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་མིན་ལ་བསམ་བློ་མ་བཏང་བར་བརྟེན་ལས་གཞི་དེར་ཕམ་ཉེས་ཆེན་པོ་བྱུང་ཡོད་སྐོར་བརྗོད་ཡོད་པ་མ་ཟད། དབུལ་སྒྲོལ་ལས་འགུལ་ལ་ཕམ་ཉེས་བྱུང་དགོས་པའི་ཐད་དོན་ཚན་ ༦ ཅན་གྱི་ཡི་གེ་ཞིག་བཏང་སྟེ། དབུལ་སྒྲོ་ལས་འགུལ་ནི་ཡིག་ཐོག་ཏུ་རེའུ་མིག་སྐོང་པ་ཙམ་ལས་དོན་དངོས་དབུལ་སྐྱོར་བྱེད་ཀྱི་མེད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་ཉམས་ཞིབ་པ་ཚོས་རྒྱ་ནག་གི་མགོ་འཁྲིད་རིམ་པས་དབུལ་ཕུངས་དང་འཐབ་འཛིང་བྱེད་པའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་ན་ཡང་ལམ་ལྷོང་བྱུང་བ་གཅིག་ཀྱང་མེད་པ་དང་། ལྷག་པར་དུ་ལས་འགུལ་དེ་གྲངས་ཉུང་མི་རིགས་ཁག་གི་ནང་ཆབ་སྲིད་ཀྱི་ལག་ཆ་གལ་ཆེན་ཞིག་ཆགས་ཡོད་པ་དང་། བོད་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགུལ་ལ་མཉམ་ཞུགས་དགོས་སྐོར་བརྗོད་དེ། སྲིད་གཞུང་གིས་འབྲོག་པ་ཚོར་ཁང་པ་རེ་བརྒྱབ་ནས་སྒོ་ཕྱུག་མེད་པ་བཏང་བ་དང་། ཞིང་བ་ཚོའི་ཞིང་ཁར་ཤིང་སྣ་དང་ལོ་ཏོག་རིགས་འདེབས་འཛུགས་དང་། ཞིང་དང་རྫོང་རིམ་པ་མང་པོ་ཞིག་དབུལ་སྒྲོལ་ལས་ཐར་ཡོད་ལུགས་ཤུགས་ཆེན་བསྒྲགས་ནས་མི་མང་ལས་འགུལ་དེའི་ནང་ཞུགས་ཐབས་སྣ་ཚོགས་བྱས་ཏེ། ཞིང་འབྲོག་མང་ཚོགས་གྲོང་སྡེ་དང་གྲོང་ཁྱེར་ཅན་ལ་སྒྱུར་ཐབས་དང་འཛུགས་སྐྲུན་ཆེ་ཆུང་སྣ་ཚོགས་བྱས་ཏེ་མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་བརྗོད་ནས་མང་སེམས་འགུག་ཐབས་ཁོ་ན་བྱས་ཏེ་ཕན་ཐོགས་མེད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་སྙན་ཐོ་ཁག་གི་ནང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་མགོ་བཙུགས་ནས་ད་བར་མི་སེར་ས་ཡ་ ༨༠༠ ལྷག་དབུལ་སྒྲོལ་བྱས་ཡོད་སྐོར་བསྒྲགས་ཡོད་ན་ཡང་།རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་སྙན་ཐོའི་ནང་འཁོད་པའི་དབུལ་སྒྲོལ་མི་མང་གི་གྲངས་ཐོ་དག་བདེན་པ་ཡིན་མིན་དོགས་པ་བྱེད་ཀྱི་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༨ པའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་ཁྱོན་མི་གྲངས་ས་ཡ་ ༢ ལྷག་གི་ཉིན་རེར་ཡོང་འབབ་རྒྱ་གོར་ ༣༥ ལས་ཉུང་བ་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གིས་གཏན་འབེབ་བྱས་པའི་ཉིན་རེར་ཡོང་འབབ་ཨ་སྒོར་ ༡།༩༠ ཡི་དབུལ་པོའི་ཚད་ཐིག་དེས་རྒྱལ་ཁབ་ནང་དབུལ་པོ་ཅི་ཙམ་ཡོད་མེད་གསལ་པོ་སྟོན་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༢༥

Leave a Reply

One thought on “བོད་དང་ཤར་ཊུར་ཀི་སི་ཐན་རྒྱ་ནག་གི་དབུལ་སྒྲོལ་ལས་ཐར་ཐུབ་མེད་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས

    རྒྱ་ནག་གི་བོད་དང་ཤིང་ཅང་ཡུ་གུར་གྲོང་སེབ་ཁག་ཏུ་དབུལ་སྐྱོར་ལས་གཞི་ཚག་ཚུད་མ་བྱུུང་བ་སྙན་མཐོའི་ནང་བཀོད་པ་འདིའི་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་ཕྱི་ལོག་ནས་རོགས་དངུལ་བཟོ་རྒྱུའི་ཆེད་དུ་དྲིལ་བསྒྲགས་ཙམ་ལས་བོད་དང་ཤིང་ཅང་ས་ཁུལ་གྱི་གྲོང་སེབ་ཡར་རྒྱས་གཏོང་རྒྱུར་དམིགས་པ་ཞིག་མིན་པ་ཟུར་བལྟས་ལེབ་མཐོང་མ་རེད་དམ???