ཆོས་ལུགས་ཁག་གི་གསུང་རབ་སྤྱི་ཚོགས་རིང་ལུགས་དང་མཐུན་པར་བཅོས་སྒྲིག་བྱོས།

རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་གི་ཁ་ཆེ་དང་ཡེ་ཤུའི་གསུང་རབ་ཀྱི་དཔར་ཐེངས་གསར་པའི་ནང་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་འགལ་བའི་བརྗོད་དོན་རིགས་འདོར་ལེན་དང་བཅོས་སྒྲིག་དགོས་སྐོར་བརྗོད་འདུག 

ཁ་སང་ཊུར་ཀེ་རུ་རྟེན་གཞི་བྱས་པའི་ཌེ་ལི་སཱ་བྷ་གསར་ཁང་(Daily Sabah)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ལྷན་ཚོགས་ཟེར་བས་ཚོགས་འདུ་ཞིག་བསྐོང་འཚོག་བྱས་པའི་ཐོག རྒྱ་ནག་ནང་གི་ཆོས་ལུགས་འདྲ་མིན་གྱི་སྲོལ་རྒྱུན་དཔེ་ཆའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་། ཡང་ན་ད་ལྟའི་དུས་རབས་ཀྱི་ཁ་ཕྱོགས་དང་འགལ་བའི་བརྗོད་དོན་རིགས་ཧྲིལ་པོར་དོར་བའམ་བཅོས་སྒྲིག་དགོས་པའི་བཀའ་བཏང་ཡོད་སྐོར་བརྗོད་འདུག

ཚོགས་འདུའི་ཐོག་རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་ཡང་(Wang Yang)ཟེར་བས། རྒྱ་ནག་དམར་ཤོག་ཚོགས་པའི་ཆོས་ལུགས་འདྲ་མིན་གྱི་འཐུས་མི་དང་། ཆེས་མཁན་མི་སྣ་ཟེར་བ ༡༦ ཙམ་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་བཀའ་རྒྱར་གཙི་སྲུང་གིས་ཆོས་ལུགས་འདྲ་མིན་གྱི་ལྟ་སྤྱོད་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དང་མཐུན་སྒྲིག་བྱེད་དགོས་པ་མ་ཟད། ད་ལྟའི་དུས་རབས་ཀྱི་དགོས་མཁོ་གཞིར་བཟུང་བཅོས་དགོས་སྐོར་བཀའ་བཏང་ཡོད་པ་དང་། ཚོགས་འདུའི་ཐོག་འཐུས་མི་རྣམས་ཀྱིས་ཆོས་ལུགས་ཀྱི་དཔེ་ཆར་བཅོས་སྒྲིག་བྱས་ཚེ། ཐལ་ཆ་ཆེ་བའི་བསམ་བློ་དང་ཆོས་ལོག་ལྟ་བས་རྒྱལ་ཁབ་གཏོར་སྐྱོན་གཏོང་རྒྱུར་བཀག་འགོག་ཐུབ་སྲིད་པར་གྲོས་འཆམ་བྱུང་ཡོད་སྐོར་སོགས་བཀོད་འདུག

གཞན་ཡང་དབྱིན་ཡུལ་གྱི་ཌེ་ལི་མཱེལ་ཟེར་བའི་གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་མགོ་འཁྲིད་ཅིག་གིས་ཁ་ཆེ་དང་ཡེ་ཤུའི་གསུང་རབ་ཀྱི་དཔར་ཐེངས་གསར་པའི་ནང་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་འགལ་བའི་བརྗོད་དོན་རིགས་ཚུད་མི་ཉན་པ་དང་། བསྒྱུར་སྒྲིག་བྱས་པའི་དམ་པའི་གསུང་རབ་རྣམས་ལ་གཞུང་འབྲེལ་མི་སྣས་རྟོག་ཞིབ་བྱས་པ་བརྒྱུད་འགལ་བའམ་མི་མཐུན་པའི་བརྗོད་དོན་རིགས་ནག་བསུབ་བཏང་བའམ་བསྐྱར་བསྒྱུར་བྱས་ཡོད་སྐོར་བརྗོད་འདུག

སྤྱིར་རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་ཤར་ཊུར་ཀི་སི་ཐན་ཙམ་དུ་མ་ཟད། རྒྱ་ནག་ཁྱོན་ཡོངས་ནང་ཆོས་ལུགས་ལས་དོན་ཐད་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པ་ལྟར། འདི་ལོ་གཅིག་པུར་བོད་ནང་གི་ཡ་ཆེན་སྒར་དང་བླ་རུང་སྒར་སོགས་ལགཏོར་བཤིག་དང་གྲྭ་བཙུན་ཇེ་ཉུང་བཏང་བ་མ་ཟད། ཤར་ཊུར་ཀི་སི་ཐན་གྱི་ཡུ་གུར་བ་ས་ཡ་ ༡ ལྷག་མུ་མཐུད་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པས་མཚོན། རྒྱ་ནག་ཁྱོན་ཡོངས་ནང་གཞུང་གི་ངོས་འཛིན་མེད་པའི་ཡེ་ཤུའི་ཆོས་ཁང་སྒོ་བརྒྱབ་ཏུ་བཅུག་པ་དང་། གཞུང་གི་སྟངས་འཛིན་འོག་ཡོད་པའི་ཡེ་ཤུའི་ཆོས་ཁང་དག་ལ་ལྟ་རྟོག་དང་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། ཆོས་ལུགས་ཀྱི་རྟེན་གཞི་ཁག་སྤྱི་ཡོངས་ནས་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་འདུག

རྒྱ་ནག་ནང་གི་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་དེབ་བྷི་ཊར་ཝིན་ཊར་(Bitter Winter) ཞེས་པས་གནས་ཚུལ་སྤེལ་བའི་ནང་། ཟླ་སྔོན་མའི་ནང་རྒྱ་ནག་ཧེ་ནན་ཞིང་ཆེན་གྱི་ལོན་ཁྲོན་རྫོང་སྲིད་གཞུང་གིས། རྫོང་དེའི་ཁོངས་གཏོགས་ཡེ་ཤུའི་ཆོས་ཁང་ ༡༧ ནང་གི་ཡེ་ཤུའི་སྟོན་པའི་ཞལ་གདམ་བཅུ(Ten Commandments) དང་ཨེ་པོ་སི་ཏལ་གྱི་སྙིང་པོ་(Apostles’ Creed) དང་། ཆོས་ལུགས་ཀྱི་མཚོན་རྟགས་རིགས་མར་ཕབ་དགོས་པའི་བཙན་བཀའ་བཏང་མ་བཟད། ས་གནས་སྲིད་གཞུང་གི་གཞུང་འབྲེལ་མི་སྣ་ཚོ་ཡེ་ཤུའི་ཆོས་ཁང་གཙོའི་ཆོས་ལུགས་བྱེད་སྒོ་དང་འདུ་འཛོམས་རིགས་ལ་འགྲོ་མི་ཆོག་པ་མ་ཟད། ས་གནས་ཁག་མང་པོར་ཆོས་ལུགས་ཁག་གི་མཚོན་རྟགས་རིགས་མར་ཕབ་སྟེ། ཚབ་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་ཚིག་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་གི་མཚོན་རྟགས་རིགས་གཤམ་བཅུག་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༢༦

Leave a Reply

One thought on “ཆོས་ལུགས་ཁག་གི་གསུང་རབ་སྤྱི་ཚོགས་རིང་ལུགས་དང་མཐུན་པར་བཅོས་སྒྲིག་བྱོས།

  1. གཞུང་པ་ཚེ་དབང་བསོད་ནམས

    ཆོས་མེད་ཀླ་ཀློའི་ཆོས་ཁྲིམས་གསར་གཏོད་དེ།
    ཆོས་མེད་གུང་ཁྲན་རྩ་་གཏོར་འགྲོ་བའི་རྟགས།
    ཆོས་མེད་ཀླ་ཀློའི་ཆོས་ལ་དུག་ལྟར་འཛིན།
    ཆོས་སྲུང་འཐུ་སྟོབས་རྣམས་ཀྱི་ཀླ་ཀློ་བཅོམ།