ང་ཚོས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད།

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚུགས་ཏེ་ལོ་ངོ་ ༦༠ འཁོར་བའི་མཛད་སྒོའི་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་རྒྱ་གར་གྱི་རླབས་ཆེན་དང་ཕུལ་བྱུང་གི་དབུ་འཁྲིད་རྣམ་པའི་བཀའ་དྲིན་དང་ཁྱད་དུ་འཕགས་པའི་དགོངས་བཞེད་འོག་བོད་ཀྱི་རྒྱ་གར་གྲོགས་པོ་རྣམ་པས་མུ་མཐུད་བོད་དོན་གསལ་ཐབས་སླད་རྒྱབ་སྐྱོར་དང་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་སྔར་ལྷག་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་འདུག

དེ་རིང་ཕྱི་ཚེས་ ༢༦ ཉིན། རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀཱ་ཊ་(Kolkata)རུ་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་རྗེ་པི་རེ་ཀཱ་ཤི་ནཱ་རཱ་ཡཱན(Jai Prakash Narayan)མཆོག་གིས་གོ་སྒྲིག་འོག ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༣༠ ནས་ ༣༡ བར་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀཱ་ཏ་ནང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་(All India Convention on Tibet)ཐོག་མར་ཚོགས་གནང་སྟེ། ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གཉིས་མཉམ་ཞུགས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་བོད་མིའི་འཐབ་རྩོད་ལ་རྒྱ་གར་ལས་ལྷག་པའི་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་གཞན་སུ་ཡང་མེད་སྟབས་བོད་མིར་མཚོན་ན་རྒྱ་གར་ནི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས། ཕྱི་ལོ་ ༡༩༡༤ ཟླ་ ༥ ཚེས་ ༣ ཉིན་སིམ་ལར་བོད་དང་དནྱིན་ཇིའི་ཆིངས་དོན་སྐུ་ཚབ་བར་ཆིངས་ཡིག་བཞག་ཡོད་པ་དང་།  སྐབས་དེར་དབྱིན་གཞུང་གིས་སྐུ་ཚབ་མེག་མཱོ་ཧཱན(McMahon)དང་བོད་གཞུང་གི་སྐུ་ཚབ་བློན་ཆེན་བཤད་སྒྲ་ལགས་རེད། དེར་ཤིང་སྟག་སིམ་ལའི་ཆིངས་ཡིག་ཅེས་འབོད་པ་དང་། ཆིངས་ཡིག་དེའི་འབྲུ་དོན་ལྟར་བོད་དང་རྒྱ་གར་བར་ས་མཚམས་རྒྱས་བཅད་ཀྱིས་ས་ཐིག་དེར་མེག་མཱོ་ཧཱན་ས་ཐིག་(McMahon line)ཅེས་གྲགས་པ་དེར་ཕྱོགས་གཉིས་ནས་ཁྲིམས་མཐུན་ངོས་འཛིན་ཞུས་ཡོད་པ་རེད། ཆིངས་ཡིག་དེ་བཞག་པ་དང་ལྷན་འཕགས་བོད་གཉིས་དབར་ཚོང་འབྲེལ་གྲོས་མཐུན་གན་ཡིག་ཞིག་ཀྱང་བཞག་སྟེ། ལོ་བཅུ་རེའི་མཚམས་སུ་ཆིངས་ཡིག་བསྐྱར་གསོ་གནང་སྲོལ་ཡོད།  ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་པ་དང་།  ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་རྒྱ་དཀར་ནག་གཉིས་བར་དེ་སྔ་ ༡༩༡༤ ལོར་སིམ་ལར་བཞག་པའི་ཆིངས་ཡིག་དེར་བསྐྱར་གསོ་བྱས་པ་རེད། དེ་སྔོན་བོད་རང་བཙན་ཡིན་སྐབས་རྒྱ་གར་གཞུང་གིས་བོད་གཞུང་དང་ལྷན་ཆིངས་ཡིག་བཞག་སྲོལ་ཡོད་ཀྱང་།  རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་སིམ་ལའི་ཆིངས་ཡིག་ལ་བསྐྱར་གསོ་གནང་ནས་པན་ཆི་ཤཱལ་(Panchsheel agreement)ཞེས་བཞག་ཡོད། རྒྱ་གར་གཞུང་གིས་ལོ་ངོ་ ༢༠ རིང་ཆིངས་ཡིག་དེར་བསྐྱར་ཞིབ་གང་ཡང་མི་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་དང་ཐོག་ལོ་ངོ་ལྔ་མ་གཏོགས་ཁས་ལེན་བྱས་མེད་པ་དང་། རྒྱ་གར་གཞུང་གིས་ཨུ་ཚུགས་མཐའ་སྐྱེལ་བྱས་རྐྱེན་ལོ་བརྒྱད་རིང་སྲུང་བརྩི་ཞུ་རྒྱུའི་ཁས་ལེན་བྱས་འདུག   འོན་ཀྱང་རྒྱ་ནག་གཞུང་གིས་དུས་སྐབས་དེ་ཙམ་ནས་ལོ་ལྔའི་རྗེས་བོད་ས་ཧམ་བཟུང་བྱ་རྒྱུ་དང་།  ལོ་བརྒྱད་ཀྱི་རྗེས་རྒྱ་གར་ས་ཆ་ཧམ་བཟུང་བྱ་རྒྱུའི་འཆར་གཞི་བསྒྲིགས་ཟིན་པ་རེད།ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་བ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བའི་སྐོར་ནས། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་བྱུང་བ་དང་།  དེ་ནས་རིམ་བཞིན་རྒྱ་ནག་གིས་རྒྱ་གར་ས་ཐོག་ཏུ་བཙན་འཛུལ་ཐེངས་མང་བྱས་པས་མ་ཚད་ཕྱི་ལོ་ ༡༩༥༦ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་པ་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཞུགས་བཞག་མཛད་རིང་རྒྱ་ནག་གི་སྲིད་བློན་ཀྲུའི་ཨན་ལའེ་ཐེངས་གསུམ་རྒྱ་གར་དུ་བསླེབས་ཡོད།  ཀྲའུ་ཨན་ལའེ་ཡིས་རྒྱ་གར་གྱི་སྲིད་བློན་ཆེས་ཐོག་མ་སྐུ་ཞབས་ནེ་རུ་མཆོག་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ།  དེ་སྔ་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བོད་མིའི་ཐོག་བཙན་དབང་གིས་བཞག་པའི་འབྲུ་དོན་ལ་བརྩི་བཀུར་ཞུ་རྒྱུ་དང་། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་། ལོ་གསུམ་ལས་མ་འགོར་བར་རྒྱ་ནག་དམར་ཤོག་ཚོགས་པའི་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་དང་། སྐབས་དེར་སྐུ་ཞབས་རྗེ་པི་རེ་ཀཱ་ཤི་ནཱ་རཱ་ཡཱན་མཆོག་དང་། སྐུ་ཞབས་རཱམ་མོ་ནོ་ཧར་ལོ་ཧེ(Ram Manohar Lohia)མཆོག ཨཱ་ཅརྱ་ཀིར་པ་ལཱ་ནི་(Acharya Kripalani)མཆོག དཱིན་ད་ཡལ་ཨུཔཱ་ད་ཡ་(Deendayal Upadhyaya)མཆོག་བཅས་ཚང་མས་ཞལ་གཅིག་གྲགས་ཐོག་ནས་ང་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ཡིད་ཆེས་བྱ་མི་རུང་ཞེས་གསུང་ཡོད།ཅེས་གསུངས་སོང་།

རྒྱ་གར་གཞུང་མང་གཉིས་བོད་ལ་དཀའ་དྲིན་ཆེན་པོ་ཡིན་པ་དང་་བོད་ནང་གི་བོད་མི་ཚོའི་ཛ་དྲག་གནས་སྟངས་སྐོར་ལ་ཁོང་གིས། ཕྱི་ལོ་ ༡༩༥༠ ང་གྲངས་ནང་འཕགས་བོད་གཉིས་ཀྱི་ས་མཚམས་སུ་དམག་མི་ཧ་ལམ་མེད་པ་ལྟ་བུ་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་གི་བཙན་འཛུལ་ལ་དོགས་ནས་རྒྱ་གར་གཞུང་གིས་ལོ་ལྟར་རྒྱལ་མཚམས་སྲུང་སྐྱོབ་ཆེད་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་སོང་བཏང་དགོས་པ་ཆགས་ཡོད།  བོད་མིའི་འཐབ་རྩོད་ལ་རྒྱ་གར་ལས་ལྷག་པའི་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་གཞན་སུ་ཡང་མེད་སྟབས་བོད་མིར་མཚོན་ན་རྒྱ་གར་ནི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན་པ་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཡིན་པའི་བཀའ་སློབ་སྩོལ་བཞིན་ཡོད་པ་ལྟར། ད་ལྟ་འདིར་སྡིངས་ཆའི་སྟེང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཡིན་ནའང་རྒྱ་གར་གཞུང་གི་ཐུགས་རྗེའི་སྐྱབས་འོག་ནས་འཚར་ལོངས་བྱུང་བ་ཞིག་རེད། ང་ཚོས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ནམ་ཡང་རྗེད་ཐབས་མེད། བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་དམ་བསྒྲགས་མུ་མཐུད་གནས་ཡོད། རང་དབང་ཁང་པས་ལོ་ངོ་བཞི་བསྟུད་མར་བོད་དེ་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པའི་ཉམས་ཞིབ་ཀྱི་སྙན་ཐོ་བཏོན་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༤ རང་ལུས་མེར་སྲེག་གནང་ཡོད།  པེ་ཅིན་གསར་འགོད་པ་ཚོས་སི་་རི་ཡ་དང་བྱང་ཀོ་རི་ཡའི་ནང་དུ་འགྲོ་རྒྱུ་ལས་བོད་ནང་དུ་འགྲོ་རྒྱུ་དཀའ་ལས་ཁག་པ་འདུག ཅེས་བརྗོད་ཡོད།  དེང་སྐབས་ཐེ་ཝན་དང་ཧོང་ཀོང་ནང་ལ་མཚོན་ནའང་རྒྱ་ནག་གཞུང་གིས་ལོ་རེ་ཞིན་དམ་བསྒྲགས་ཇེ་ཆེར་བཏང་ནས་བོད་གཉིས་པ་ལྟ་བུ་ཞིག་ཏུ་བསྒྱུར་ངེས་པ་རེད།  ཅེས་གསུངས་སོང་།  

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་སྐུ་ཞབས་རྗེ་པི་རེ་ཀཱ་ཤི་ནཱ་རཱ་ཡཱན་མཆོག་གིས་ལྷག་བསམ་གཡོ་མེད་ཀྱིས་རྒྱབ་སྐྱོར་གནང་བ་ནི་བོད་མི་ཚོར་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པ་དང་། གྲོགས་པོ་ངོ་མ་ཁོང་ལྟ་བུ་ཞིག་བྱུང་བ་ནི་བསོད་ནམས་ཆེན་པོ་ཡིན་སྐོར་དང་། རྒྱ་གར་གྱི་རླབས་ཆེན་དང་ཕུལ་བྱུང་གི་དབུ་འཁྲིད་རྣམ་པའི་བཀའ་དྲིན་དང་། ཁྱད་དུ་འཕགས་པའི་དགོངས་བཞེད་འོག་བོད་ཀྱི་རྒྱ་གར་གྲོགས་པོ་རྣམ་པས་མུ་མཐུད་བོད་དོན་གསལ་ཐབས་སླད་རྒྱབ་སྐྱོར་གནང་གི་ཡོད་ལ། ཁོང་ཚོའི་རྒྱབ་སྐྱོར་འོག་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་སྔར་ལྷག་ཆེ་བའི་ཐོག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་ལ་ཁ་གཏད་གཅོག་བཞིན་ཡོད་པ་དང་། ཁོང་ཚོའི་རྒྱབ་སྐྱོར་མེད་ཚེ་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ད་ལྟའི་གནས་ཚད་ལ་སླེབས་མི་སྲིད་པ་མ་ཟད། མུ་མཐུད་གསོན་པོར་ཡང་གནས་མི་སྲིད་སྐོར་དང་། དེ་བཞིན་བོད་མི་ཚོར་དཀའ་སྡུག་ཆེ་བའི་དུས་སུ་རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱ་གར་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་གནང་སྟེ། བོད་པའི་སྐད་ཡིག་དང་ཆོས། རིག་གཞུང་བཅས་སྲུང་སྐྱོབ་བྱ་རྒྱུའི་རང་དབང་ཆ་ཚང་གནང་བ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་གྱི་ཡོད་སྐོར་སོགས་གསུངས་འདུག

ཡང་ཁོང་གིས་མུ་མཐུད་ཕྱི་ལོ་ ༡༩༧༠ རྗེས་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེས་འོག་བོད་རིགས་མི་མང་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་བ་ཞིག་དང་། རྒྱ་ནག་གཞུང་དང་ལྷན་ཞི་བའི་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་གསལ་ཐབས་བྱ་རྒྱུར་༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ནི་ལྷག་བསམ་རྣམ་དག་ཡིན། ང་ཚོས་བོད་རྒྱ་གཉིས་ཀའི་མི་མང་གི་ཁེ་ཕན་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ་རྒྱ་རིགས་མཉམ་དུ་སྡོད་ཐབས་བྱེད་བཞིན་ཡོད། ཁྱེད་རྣམ་པས་རྒྱབ་སྐྱོར་བྱེད་བཞིན་པའི་སྲིད་བྱུས་དང་། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་དང་ལྷན་གྲོས་མོལ་དགོས་པའི་ཞུ་སྐུལ་མུ་མཐུད་བྱེད་བཞིན་ཡོད་པ་དེ་ནི་བོད་རྒྱ་གཉིས་ཀའི་མི་མང་ལ་ཁེ་ཕན་ཡོད་པ་ཞིག་དང་། དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་ཡིན། ཞེས་གསུངས་འདུག

མཇུག་ཏུ་ཚོགས་གཙོ་མཆོག་ནས་ཁྱེད་རྣམ་པས་ཚོགས་འདུ་འདིའི་ཐོག་མཉམ་ཞུགས་གནང་བ་དེས་ང་ཚོའི་གནད་དོན་མ་གསལ་བར་དུ་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད། ང་ཚོས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཁྱེད་རྣམ་པས་ང་ཚོར་མུ་མཐུད་ནས་སྔར་ལྷག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ཁྱེད་རྣམས་ཐག་རིང་ནས་ཀོལ་ཀ་ཊར་ཕེབས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོའི་ཡུན་རིང་གི་གྲོགས་པོ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མི་མཆོག་གིས་གཙོས་ཕྱག་སྦྲེལ་རྣམ་པས་བོད་ཀྱི་ལོ་རྒྱུས་ཁྲོད་གལ་འགངས་ཆེ་བའི་དུས་ཚོད་འདིར་ཚོགས་ཆེན་གལ་ཆེ་འདི་འདྲ་ཞིག་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

མཆན། པར་རིས་ཁག་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་བླངས།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༢༧

Leave a Reply