ཉི་ཧོང་གི་མི་འབོར་འཕེལ་རྒྱས་ཀྱི་གནས་བབ་ཆེས་དམའ་ཤོས་ཆགས།

འདི་ལོར་ཉི་ཧོང་ནང་མི་འབོར་སྐྱེས་ཚད་ཆེས་ཉུང་བ་དང་དམག་ཆེན་གཉིས་བའི་རྗེས་ཀྱི་མི་འབོར་ཤི་ཚད་མང་ཤོས་ཆགས་ཏེ་ཉི་ཧོང་ལ་མི་འབོར་དོ་སྙོམས་མིན་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན། ཉི་ཧོང་གཞུང་གི་མི་འབོར་ཞིབ་བཤེར་ཚན་པས་འདི་ལོའི་ཉི་ཧོང་གི་མི་འབོར་སྐྱེས་ཚད་ཀྱི་གྲངས་འབོར་ཞིབ་འཇུག་སྙན་ཐོ་ཞིག་ཕྱིར་བཏོན་པའི་ནང་། ཕྱི་ལོ་ ༢༠༡༩ ལོར་ཉི་ཧོང་ནང་བྱིས་པ་སྐྱེས་ཚད་ཀྱི་གྲངས་འབོར་དེ་ཁྱོན་བྱིས་པ་ ༨༦༤༠༠༠ བྱུང་སྟེ། མི་འབོར་འཕེལ་རྒྱས་ཀྱི་གྲངས་ཚད་ཆེས་ཉུང་ཤོས་ཆགས་ཡོད་པ་དང་། གྲངས་འབོར་དེ་ནི་ཕྱི་ལོ་ ༡༨༩༩ ལོར་ཉི་ཧོང་གི་མི་འབོར་ཞིབ་བཤེར་མགོ་བཙུགས་པ་ནས་གྲངས་འབོར་ཉུང་ཤོས་དེ་ཆགས་ཡོད་འདུག

ཞིབ་འཇུག་སྙན་ཐོའི་ནང་། འདི་ལོར་ཉི་ཧོང་ནང་མི་འབོར་ཤི་ཚད་ཀྱི་གྲངས་འབོར་དེ་ཁྱོན་མི་གྲངས་ས་ཡ་ ༡།༣༧༦ ཆགས་ཏེ། འཛམ་གླིང་དམག་ཆེན་གཉིས་བའི་རྗེས་ཀྱི་མི་འབོར་ཉུང་ཤོས་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་མི་འབོར་ཞིབ་བཤེར་ལྟར་ན།  ཉི་ཧོང་ལ་ཁྱོན་མི་འབོར་ས་ཡ་ ༡༢༤ ཡོད་པ་ལས། མི་འབོར་གྱི་བརྒྱ་ཆ་ ༢༠ ལྷག་ལོ་ ༦༥ ཡན་ཡིན་པས། ད་ལྟ་ཉི་ཧོང་ལ་ངལ་སྩོལ་བའི་མི་འབོར་ཉུང་དྲགས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
ཡང་ཞིབ་འཇུག་སྙན་ཐོ་ལྟར་ན། ད་ལྟ་ནས་ཉི་ཧོང་ནང་ངལ་སྩོལ་མི་འབོར་ཉུང་དྲགས་པ་དང་རྒས་འཁོག་མི་འབོར་མང་དྲགས་རྐྱེན་འོག་རྒན་པ་རྣམས་ལ་འཕྲོད་བསྟེན་དང་རྒས་ཕོག་སོགས་ཀྱི་ཐད་དཀའ་ངལ་འཕྲད་བཞིན་ཡོད་པས། ཡོང་རྒྱུ་བསྡད་པའི་ལོ་ཟླའི་ནང་ཉི་ཧོང་གི་མི་འབོར་གྱི་ཚད་གཞི་ཕྱོགས་ཡོངས་ནས་ཇེ་ཉུང་དུ་ཕྱིན་ཏེ། ཕྱི་ལོ་ ༢༠༦༥ ལོར་ཉོ་ཧོང་གི་མི་འབོར་གྱི་གྲངས་ཚད་དེ་ས་ཡ་ ༡༢༤ ནས་ས་ཡ་ ༨༨ བར་མར་ཆགས་རྒྱུ་ཡིན་སྐོར་བརྐོད་འདུག

གནད་དོན་དེའི་ཐད་ཨ་རིའི་སི་ཨན་ཨན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།  སྲིད་བློན་ཤིང་ཛོ་ཨ་བྷེའི་གཞུང་གིས་ཉི་ཧོང་གི་མི་འབོར་ཉུང་འཕྲི་ཆགས་བཞིན་པ་སྲུང་སྐྱོབ་བྱེད་ཐབས་གནང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཨ་བྷེའི་གཞུང་གིས། ཨ་སྒོར་དུང་ཕྱུར་ ༡༨ བཏང་སྟེ་ལོ་ན་ ༣ ནས་ ༥ དབར་གྱི་བྱིས་པ་ཚོ་རིན་མེད་ཐོག་སྔོན་འགྲོ་སློབ་གྲྭར་བསྐྱོད་ཆོག་པ་དང་། ཡོང་འབབ་ཞན་པའི་ཁྱིམ་ཚང་དང་ལོ་ན་ ༢ དང་དེའི་འོག་གི་བྱིས་པ་རྣམས་རིན་མེད་ཐོག་ཉིན་མོའི་ལྟ་སྐྱོང་ཁང་ཁག་ཏུ་འཇུག་ཆོག་པ་བཟོས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་ཞིབ་མཇུག་ཆེད་མཁས་པ་ཚོས་དབྱེ་ཞིབ་ལྟར་ན། འཛམ་གླིང་ནང་མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ་འཕྲད་བཞིན་པའི་རྒྱལ་ཁབ་དེ་ཉི་ཧོང་གཅིག་པུ་མ་ཡིན་པར་འཇར་མན་ནེ་དང་ཨ་རི། དེ་བཞིན། དབྱིན་ཇི་དང་སན་གྷ་པོ། ཧྥ་རན་སི་བཅས་ཕྱི་ལོ་ ༢༠༣༠ ལོར་ཉི་ཧོང་ལྟར་མི་འབོར་འཕེལ་རྒྱས་ཀྱི་གྲངས་ཚད་མར་ཆགས་རྒྱུ་ཡིན་ཡིན་སྐོར་ཚོད་དཔག་བྱེད་བཞིན་ཡོད་པ་དང་།  ཕྱི་ལོ་ ༢༠༡༨ ལོའི་ཞིབ་འཇུག་ལྟར་ན། ཉི་ཧོང་གི་ཁྱིམ་མཚེས་རྒྱལ་ཁབ་ལྷོ་ཀོ་རི་ཡར་བྱིས་པ་སྐྱེས་ཚད་ཀྱི་གྲངས་འབོར་དེ་བརྒྱ་ཆ་ ༠།༩༨ ཆགས་ཏེ་འཛམ་གླིང་གི་མི་འབོར་སྐྱེས་ཚད་ཉུང་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༢༧

Leave a Reply