ཕུལ་བྱུང་དཔེ་བཟང་བྱ་དགའ་སྤྲད།

རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་དགོན་ཕན་གྲྭ་ཕན་སྲིད་ཇུས་ཀྱི་ཆབ་སྲིད་སློབ་གསོའི་སྐུལ་འདེད་འོག་གྲྭ་བཙུན་ཚོའི་བསམ་བློ་དང་དགའ་ཕྱོགས་གཅིག་གྱུར་བྱུང་ཡོད་ཟེར།
ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱངས་བརྙན་འཕྲིན་ཁང་ཟེར་བའི་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་དགོན་སྡེ་ཁག་དང་གྲ་བཙུན་ཁག་ཅིག་ལ་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཚད་གཞི་བཞི་ལ་ཧུར་ཐག་བྱེད་མཁན་ཟེར་བའི་གཟེངས་བསྟོད་མཛད་སྒོ་ལྷ་སར་ཚོགས་ཡོད་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་། ཚོགས་འདུའི་སྟེང་ལྷ་ས་ཁུལ་གྱི་དགོན་སྡེ་ ༤༩ ལ་དཔེ་བཟང་དགོན་སྡེ་དང་། ཕུལ་བྱུང་གྲྭ་བཙུན་ ༤༡༣༠ དང་ཕུལ་བྱུང་དགོན་སྡེའི་དོ་དམ་ལས་བྱེད་པ་ ༡༤༠ ལ་དཔེ་བཟང་ཕུལ་བྱུང་བཟང་བསྟོད་བྱ་དགའ་སྤྲད་ཡོད་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་ཆབ་སྲིད་ཐད་བློས་འཁེལ་བའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ། ཆབ་སྲིད་ཀྱི་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་དགོས་པ་སོགས་བསྒྲགས་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་ནང་ཉེ་བའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་དགོན་ཕན་གྲྭ་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་གསར་གཏོད་ལ་སྐུལ་འདེད་དང་། བླ་མ་སྐྱེས་ཆེན་དམ་པས་ཆབ་སྲིད་དྲིལ་སྒྲོག་ལས་འགུལ་སྤེལ་བ་དང་། དགོན་སྡེ་ཁག་གིས་རེས་སྐོར་ཆབ་སྲིད་སློབ་ཁྲིད་བཅས་བྱས་ཏེ། ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི་སློབ་གསོ་ལག་ལེན་ལ་གྲུབ་འབྲས་བྱུང་བ་མ་ཟད། ཆབ་སྲིད་སློབ་གསོའི་སྐུལ་འདེད་འོག་གྲྭ་བཙུན་ཚོའི་བསམ་བློ་དང་དགའ་ཕྱོགས་གཅིག་གྱུར་བྱུང་ཡོད་སྐོར་སོགས་བཀོད་འདུག

ཚད་གཞི་བཞི་ལ་བརྩི་བཀུར་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་རྣམ་དག་བྱེད་པའི་སློབ་གསོ་ལག་ལེན་བྱེད་དགོས་ཞེས་པ་དེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཞེས་པའི་སྟེང་བཤད་པ་ཞིག་ཡིན་པ་དང་། ཐེངས་འདིར་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་སྲིད་བྱུས་དེ་ལག་བསྟར་གྱིས་དགོན་སྡེ་ཁག་ཏུ་ཏང་ལ་བློ་དཀར་བ་དང་ཆོས་ལུགས་རྒྱ་ནག་གི་དེང་རབས་སྤྱི་ཚོགས་རིང་ལུགས་དང་མཐུན་དགོས་པ། ཆབ་སྲིད་ཐད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་པ་སོགས་ཀྱི་དྲིལ་བསྒྲགས་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་དེར་ལོ་གསུམ་གྱི་དུས་ཚོད་སྤྱད་ནས་ལྷ་སའི་དགོན་སྡེ་ ༡༠༠ ལྷག་གི་གྲྭ་བཙུན་ཡོངས་ལ་ཁྱབ་པ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་དང་། ལས་འགུལ་དེ་དག་གིས་མིང་དང་དྲིལ་བསྒྲགས་བྱེད་ཐབས་ལ་འགྱུར་བ་ཅུང་ཙམ་བཏང་བ་ལས་དམིགས་ཡུལ་ཚང་མ་གཅིག་པ་ཡིན་པ་ལྟར། འདས་པའི་ལོ་ཁ་ཤས་སྔོན་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཆབ་སྲིད་ལས་འགུལ་ཞིག་དགོན་སྡེ་ཁག་གི་ནང་ཤུགས་ཆེར་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ལྷ་སའི་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཞེས་པའི་ལས་འགུལ་སྤེལ་སྐབས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་མཉམ་མཐུན་ལ་འཁྲིད་སྟོན་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སིམ་འཛུལ་ལ་གཏོར་བཤིག་དང་འགོག་རྒོལ་བྱེད་པའི་ཕན་ནུས་ལྡན་པའི་བརྒྱུད་རིམ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

 

 

བསྐྱར་བཅོས།: ༢༠༡༩/༡༢/༢༧

Leave a Reply

One thought on “ཕུལ་བྱུང་དཔེ་བཟང་བྱ་དགའ་སྤྲད།

  1. གཞུང་པ་ཚེ་དབང་བསོད་ནམས།

    ཧཧཧད་ཡང་རྒྱ་གཞུང་གི་བོད་ནང་ཡོད་པའི་ཆོས་སྒར་ཁག་ལ་མགོ་སྐོར་བཏང་ནས་འཛམ་གླིང་མི་མང་འཐོམ་དུ་འཇུག་རྒྱུ་མ་རེད་དམ།