ཐའེ་ཝན་འོས་བསྡུར་འཇིགས་སྐུལ་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན་ཐའེ་ཝན་མཚོ་འགག་ལ་མཚོ་དམག་གིས་སྐོར་གཡེང་དང་འཇིགས་སྐུལ་སློང་ཐབས་བྱེད་བཞིན་ཡོད་འདུག 

ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན། ཐའེ་ཝན་རྒྱལ་ཡོངས་འོས་བསྡུར་བདུན་ཕྲག་གཉིས་ཙམ་ལས་མེད་པའི་མཚམས་དེར། རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ཏུ་མཚོ་དམག་གྲུ་གཟིངས་སྐོར་གཡེང་དང་། འདི་ལོའི་འོས་བསྡུར་ཕྱོགས་ཡོངས་ནས་འཇིགས་སྐུལ་དང་བར་ཆད་བཟོ་ཐབས་བྱེད་ཀྱི་ཡོད་ན་ཡང་། ཐའེ་ཝན་ཕྱི་སྲིད་བློན་ཆེན་རྗོ་སི་ཧྥེ་ཝོ་(Joseph Wu)ཡིས་ཐའེ་ཝན་གྱི་འོས་ལྡུག་མཁན་རྣམས་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱེད་བཞིན་པར་སྐྲག་སྣང་ཡོང་མི་དགོས་ཚུལ་བརྗོད་ཡོད་འདུག

གནད་དོན་དེ་དང་འབྲེལ་ཐའེ་ཝན་སྲིད་འཛིན་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། མཚོ་འགག་ཏུ་ཞི་བདེ་དང་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་དང་མི་མང་གི་བདེ་སྡུག་ཐད་འབད་བརྩོན་བྱ་རྒྱུ་ནི་མཚོ་འགག་ཕྱོགས་གཉིས་ཀྱི་འགན་འཁྲི་ཡིན་སྐོར་དང་། མཚོ་འགག་དང་དེའི་ཁུལ་དུ་ལས་སླ་བོར་ཡོང་ཐབས་མེད་པའི་ཞི་བདེ་དང་བརྟན་ལྷིང་ལ་པེ་ཅིན་ཕྱོགས་ནས་གཅེས་འཛིན་བྱེད་སྐོར་བརྗོད་འདུག

ཡང་ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་དྲ་བའི་ཐོག་སྤེལ་བའི་བསྒྲགས་གཏམ་ནང་། ཉེ་སྔོན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐའེ་ཝན་སོགས་ལ་ཆེད་དམིགས་བཟོ་སྐྲུན་བྱས་པར་གྲགས་པའི་རྒྱ་ནག་རང་གིས་བཟོས་པའི་ཧྲན་ཏུང་(Shangdong)མཚོ་དམག་གནམ་གྲུ་དབོར་འདྲེན་གྲུ་གཟིངས་(Aircraft Carrier) ཐོག་མ་དེ་དང་དམག་གྲུ་ཆུང་ཁག་དག་ཐའེ་ཝན་མཚོ་འགག་ཏུ་བཏང་ཡོད་སྐོར་སྤེལ་ཡོད་པ་རེད།

ཕྱི་ཚེས་ ༢༦ ཉིན། རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཝའོ་ཆཱན(Wu Qian) ཟེར་བས། གསར་དུ་བཟོ་བསྐྲུན་བྱས་པའི་ཧྲན་ཏུང་མཚོ་དམག་གནམ་གྲུ་དབོར་འདྲེན་གྲུ་གཟིངས་དང་པོ་ཞི་ལྷོད་ངང་སྐྱོད་ཀྱི་ཡོད་པ་དང་། དམག་གྲུ་དེས་མུ་མཐུད་སྦྱོང་བརྡར་བརྒྱུད་འཐབ་འཛིང་གི་ནུས་པ་ཅན་དུ་བསྒྱུར་རྒྱུ་ཡིན་པ་དང་། ཕྱོགས་ཡོངས་ཀྱི་གནས་སྟངས་དང་ལས་ཀའི་དགོས་མཁོར་བསམ་གཞིགས་བྱས་ཏེ་དམག་གྲུ་སྦྱོང་བརྡར་བྱེད་ཀྱི་ཡོད་སྐོར་བརྗོད་པ་ལས། ཐའེ་ཝན་མཚོ་འགག་ཏུ་བཏང་ཡོད་སྐོར་སོགས་བརྗོད་མི་འདུག

ཐའེ་ཝན་གྱི་ཆེས་མཐོའི་མི་སྣ་ཞིག་གིས་རོའུ་ཊར་གསར་ཁང་ལ། རྒྱ་ནག་གཞུང་གིས་དམག་ཤུགས་མངོན་ཏེ་ཐའེ་ཝན་གྱི་འོས་ལྡུག་མཁན་རྣམས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དང་། པེ་ཅིན་གྱིས་དེ་ནི་ཁ་གཉིས་ཅན་གྱི་རལ་གྲི་ཞིག་ཡིན་པ་ཤེས་ཀྱི་ཡོད་ནའང་། དེ་ལས་ཀྱང་རྒྱ་ནག་ལ་སེམས་འཚབ་ཞིག་ཡོད་པ་ནི་འོས་བསྡུའི་ཁྲོད་རྒྱ་ནག་ལ་དགའ་ཞེན་ཅན་ཚོར་ཉེས་སྐྱོན་མི་ཡོང་ངམ་བསམ་པ་དེ་ཡིན་སྐོར་བརྗོད་ཡོད་པ་དང་། ཡང་ཐའེ་ཝན་ཕྱི་སྲིད་བློན་ཆེན་རྗོ་སི་ཧྥེ་ཝོ་(Joseph Wu)ཡིས་ཐའེ་ཝན་གྱི་འོས་ལྡུག་མཁན་རྣམས་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱེད་བཞིན་པར་སྐྲག་སྣང་ཡོང་མི་དགོས་ཚུལ་བརྗོད་ཡོད་ན་ཡང་། འདི་ལོར་སི་ཝེ་ཊན་གྱི་གཙུག་ལག་སློབ་གྲྭའི་ (University of Gothenburg) སྙན་ཐོ་ཞིག་བཏོན་པའི་ནང་། ཐའེ་ཝན་ནང་རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་མ་མང་ཤོས་སྤེལ་གྱི་ཡོད་པ་དང་། གནས་ཚུལ་དེ་དག་ནང་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྫུན་མ་འདོན་སྤེལ་གྱིས་གོ་མིན་ཏང་ཚོགས་པར་རྒྱལ་ཁ་ཐོབ་ཏུ་འཇུག་ཐབས་བྱེད་ཀྱི་ཡོད་སྐོར་བཀོད་ཡོད་པ་རེད།

འཆར་ལོའི་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་མགོ་འཛུགས་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད་དམངས་གཙོ་ཡར་སྐུལ་ཚོགས་པའི་འོས་མི་སྲིད་འཛིན་ལས་ཐོག་ལྕམ་ཚའེ་ཡེན་ཝིན་ (Tsai ing-wen) མཆོག་དང་། དེའི་ཁ་གཏད་ཆེ་ཤོས་གཅིག་ནི་རྒྱ་ནག་ལ་ཕྱི་འབྲེལ་བ་འཛིན་མཁན་གྱི་གོ་མིན་ཏང་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཧན་ཁུའོ་ཡུ་ལགས་ཡིན་པ་རེད། ད་ལྟའི་ཆར་འོས་བསྡུར་ཉིན་གྲངས་ ༡༥ ཙམ་ལས་ལྷག་པ་དང་རྒྱལ་སྤྱིའི་སྟེང་སླར་ཡང་ལྕམ་ཚའེ་ཡེན་ཝན་ལགས་སུ་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། པེ་ཅིན་ཕྱོགས་ནས་ཀྱང་ཁོ་མོར་རྒྱལ་ཁ་ཐོབ་པར་དོགས་ནས་སྔར་ལོ་ནས་བཟུང་ཐའེ་ཝན་འོས་བསྡུར་ཐེ་གཏོགས་སྣ་ཚོགས་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༢༧

Leave a Reply