བཀའ་ཤག་གིས་དོན་ཟུར་སྤེན་པ་ཚེ་རིང་སྐུ་ཚབ་དོན་གཅོད་ནས་འཕོ་འགྱུར་དང་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེས་དོན་ཟུར་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོགས་ཤོར་བར་བཟོད་གསོལ་ཞུས་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབྱིན་བོད་དྲ་རྒྱའི་སྟེང་། བཀའ་ཤག་གིས་ཆེས་ཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དགོངས་དོན་བཞིན། བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་འཕོ་འགྱུར་དང་། དེའི་རྗེས་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེས་དོན་ཟུར་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བར་བཟོད་གསོལ་ཞུ་ཡི་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག
བཀའ་ཤག་གིས་བཏང་བའི་གསལ་བསྒྲགས་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་སྤེལ་བའི་བཅད་ཁྲའི་ནང་། “བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡིན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁ་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན།” ཞེས་བརྗོད་བྱ་འདི་རང་བཀོད་དགོས་པའི་བཅད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད། ཅེས་བཀོད་འདུག
གསར་འགོད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་སྟེ་གནད་དོན་དེའི་སྐོར་དྲིས་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཀྱང་བཀའ་ཤག་ཀྱིས་བཅད་ཁྲ་ཉམས་ལེན་ཇི་ཞུས་ཀྱི་ཡིག་ཆ་རྣམས་དེ་གའི་ལས་ཁུངས་ལ་འབྱོར་ཡོད་སྐོར་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩོད་ལན་པ་བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་བྱས་པའི་བཅད་ཁྲར། བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་འཁོད་པའི་བརྗོད་བྱ་དེ་ཉིད་བཀོད་དེ་དགོངས་གསོལ་ཞུ་དགོས་པའི་བཀའ་ཁྱབ་བཏང་ཡོད་ཀྱང་། བཀའ་ཤག་གིས་དུས་བཀག་ནང་བཅད་ཁྲ་ཉམས་ལེན་དོན་འཁྱོན་བྱས་མེད་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཡང་བསྐྱར་འདི་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༢ ཉིན་རྩོད་ལན་པ་བཀའ་ཤག་གིས་བཅད་ཁྲར་ཉམས་ལེན་བྱས་མེད་པའི་ངོས་འཛིན་ཐོག ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ གོང་ཆེས་མཐོའི་ཁྲིམས་ཁང་གི་བཅད་ཁྲའི་དགོངས་དོན་འཚེམས་ལུས་མེད་པར་ཇི་མ་ཇི་བཞིན་ཉམས་ལེན་ལག་བསྟར་ཟིན་པ་དགོས་རྒྱུའི་བཀའ་ཁྱབ་བཏང་བ་མ་ཟད། གལ་ཏེ་ད་དུང་ཉམས་ལེན་མ་བྱས་ཚེ་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་བློན་རྣམ་པས་སྔར་བཤགས་ཕྱིས་འདོམས་མ་བྱས་བར་དུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།