རྒྱུད་རྒྱུ་བཅོས་སྒྲིག་མཁན་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

རྒྱ་ནག་གི་ཚན་རིག་པ་ཧེ་ཇན་ཁའེ་ཡིས་རྒྱུད་རྒྱུ་བཅོས་སྒྲིག་བྱས་ཏེ་ཕྲུ་གུ་མཚེ་མ་སྐྱེས་བཅུག་པར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་དང་རྒྱ་སྒོར་ས་ཡ་གསུམ་གྱི་ཉེས་ཆད་བཅད་འདུག

ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན། རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཧྲིན་ཀྲིན(Shenzhen)ཁྲིམས་ཁང་གིས་སྔར་ལོའི་ ༡༡ ནང་རྒྱ་ནག་གི་ཚན་རིག་པ་ཧེ་ཇན་ཁའེ(He Jiankui)ཡིས་མིའི་རྒྱུད་རྒྱུ་(Genes)བཅོས་སྒྲིག་བྱས་ཏེ། ཁྲིམས་འགལ་ངང་ཕྲུ་གུ་མཚེས་མ་སྐྱེས་བཅུག་པས་རྒྱ་ནག་གི་ཚན་རིག་ཉམས་ཞིབ་ཀྱི་སྒྲིག་ཁྲིམས་ལ་གཏོར་བཤིག་དང་ཁྲིམས་མེད་ལུགས་མེད་བྱས་ཡོད་པའི་ཉེས་མིང་འོག  ཧེ་ཇན་ཁའེ་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་དང་རྒྱ་སྒོར་ས་ཡ་ ༣ གྱི་ཉེས་ཆད་བཅད་ཡོད་འདུག

གནད་དོན་དེའི་ཐད་ཧྲིན་ཀྲིན་ཁྲིམས་ཁང་གིས་ཧེ་ཇན་ཁའེ་ཡིས་སྨན་དཔྱད་ཀྱི་ཚད་གཞི་མི་ལྡན་པ་དང་སྨན་པའི་ལམ་སྟོན་མེད་པར། བུད་མེད་གཉིས་ཀྱི་མངལ་ནང་གི་ཕྲུ་གུའི་རྒྱུད་རྒྱུ་བཅོས་སྒྲིག་བྱས་ཡོད་པ་དང། ད་དུང་ཁྲིམས་ཁང་གིས་ཧེ་ཇན་ཁའེ་ཡིས་ཉམས་ཞིབ་ཡིག་ཆ་ཁག་ཚད་ལྡན་མིན་པ་དང་། སྨན་པའི་མི་ཤེས་པའི་ངང་རྒྱུད་རྒྱུ་བཅོས་སྒྲིག་བྱས་ཡོད་པ་ཤེས་རྟོག་བྱུང་ཡོད་པས། ཁོའི་ལས་གཞི་དེ་རྒྱ་ནག་གི་ཚན་རིག་ཉམས་ཞིབ་སྒྲིག་ཁྲིམས་ཀྱི་ཚད་གཞི་དང་འགལ་ཡོད་པ་མ་ཟད། རྒྱ་ནག་གི་སྨན་བཅོས་ཀྱི་གཞི་རྩའི་ཀུན་སྐྱོད་དང་འགལ་ཡོད་སྐོར་བརྗོད་འདུག

ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ཁང་གིས་དེ་འབྲེལ་གནས་ཚུལ་ནང་། ཧེ་ཇན་ཁའེ་ཁྲིམས་འགལ་ངང་རྒྱུད་རྒྱུ་བཅོས་སྒྲིག་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་རྒྱ་ནག་ནང་བསྟུན་མར་བུད་མེད་ཀྱི་མངལ་ནང་ཡོད་པའི་ཕྲུ་གུའི་རྒྱུད་རྒྱུ་བཅོས་སྒྲིག་གིས་ཕྲུ་གུ་གསུམ་སྐྱེས་ཡོད་པ་དང་། ད་ལྟའི་ཆར་ཧེ་ཇན་ཁའེ་དང་འབྲེལ་ནས་རྒྱ་མི་ཀྲུང་རིན་ལའེ་(Zhang Renli)དང་ཆཱན་ཇཱན་ཀྲུའུ(Qin Jinzhou)ཟེར་བ་གཉིས་ལ་རྒྱུད་རྒྱུ་བཅོས་སྒྲིག་གི་གནད་དོན་ཡོད་པའི་ཁྲིམས་བཤེར་བྱེད་བཞིན་ཡོད་སྐོར་བཀོད་འདུག

ཧེ་ཇན་ཁའེ་ཡིས་རྒྱུད་རྒྱུ་བཅོས་སྒྲིག་གི་ཉམས་ཞིབ་གྲུབ་དོན་དེ་སྔར་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན། ཧོང་ཀོང་དུ་ཚོགས་པའི་རྒྱལ་སྤྱིའི་སྐྱེས་ལྡན་སྨན་བཅོས(Biomedical)ཚོགས་འདུའི་སྟེང་ཡོངས་བསྒྲགས་བྱས་ཡོད་པ་དང་། གནས་ཚུལ་དེ་ཡོངས་བསྒྲགས་བྱས་རྗེས་རྒྱ་ནག་དང་རྒྱལ་སྤྱིའི་ཚན་རིག་པ་མང་པོས་ཞིབ་འཇུག་གྲུབ་དོན་དེས་མ་འོངས་པར་མིའི་རིགས་ཀྱི་སྐྱེས་འཕེལ་དང་འཚོ་གནས་ལ་ཆགས་འཇིག་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བཀའ་ཁྱབ་བཏང་སྟེ་ཁོ་ལ་འདྲི་རྩད་དང་། རྒྱ་ནག་ལྷོ་ཕྱོགས་འཕྲུལ་ལས་ཚན་རིག་གཙུག་ལག་སློབ་གཉེར་ཁང་ནས་ཁོ་ཕྱིར་ཕུད་བཏང་བ་སོགས་བྱུང་ཡོད་པ་རེད།

སྐབས་དེར་ཨ་རིའི་ཁཱ་ལེ་ཧྥོར་ནི་ཡཱ་གཙུག་ལག་སློབ་གཉེར་ཁང་གི་རྒྱུད་རྒྱུ་མཁས་པ་ཨ་ལེཀ་ཛན་མཱར་སིན་(Dr. Alexander Marson)ལགས་ཀྱིས། དེ་སྔོན་ནས་ཚན་རིག་པ་མང་པོས་རྒྱུད་རྒྱུ་བཅོས་སྒྲིག་བྱེད་ཐབས་དེ་ཧ་གོ་ཡི་ཡོད་ནའང་ཞིབ་འཇུག་བྱས་མེད་པ་དང་། བྱེད་ཐབས་དེ་ཧ་ཅང་འཇིགས་སྣང་སྐྱེས་དགོས་པ་ཞིག་ཡིན་སྟབས། ཨ་རི་གཙོའི་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ཁྲིམས་འགལ་ཡིན་པ་དང་། རྒྱུད་རྒྱུ་བཅོས་སྒྲིག་གིས་མིའི་རིགས་ཀྱི་རང་བྱུང་རྒྱུད་རྒྱུ་ལ་གཏོར་བཤིག་གཏོང་གི་ཡོད་པས་རྒྱ་ནག་གིས་ཁྲིམས་ལྟར་དེ་ལ་བཀག་སྡོམ་དགོས་སྐོར་བརྗོད་ཡོད་པ་དང་། དེ་བཞིན། རྒྱ་ནག་གི་ཚན་རིག་པ་ ༡༢༢ ལྷག་གིས་ཧེ་ཇན་ཁའེ་ཡི་ཞིབ་འཇུག་དེ་ནི་སྨྱོ་ལས་ཤིག་ཡིན་པ་དང་། གནད་དོན་དེས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཚན་རིག་ལག་རྩལ་ཡར་རྒྱས་ཐད་གནོད་སྐྱོན་ཆེན་པོ་བཟོས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱུད་རྒྱུ་བཅོས་སྒྲིག་ནི་མིའི་རིགས་ཀྱི་རང་བྱུང་རྒྱུད་རྒྱུ་མཉམ་བསྲེས་ཀྱིས་སྐྱེས་འཕེལ་བྱུང་དུ་བཅུག་པ་ཞིག་ཡིན་ལ། བྱེད་ཐབས་དེས་གཉན་ནད་རེག་དུག་ཨེ་ཛི་ལྟ་བུ་མེད་པར་གཏོང་ཐུབ་ཀྱི་ཡོད་ན་ཡང་། མིའི་ལུས་ཕུང་གི་གྲུབ་ཚུལ་སོགས་རང་བྱུང་གི་འདུས་རྒྱུ་མང་པོ་ཞིག་གིས་གྲུབ་ཀྱི་ཡོད་པས། གལ་ཏེ་རྒྱུད་རྒྱུ་བཅོས་སྒྲིག་གི་ལག་རྩལ་དེ་དངོས་སུ་མིའི་རིགས་ཀྱི་འཚོ་བའི་ནང་བེད་སྤྱོད་གཏང་བ་ཡིན་ན། མིའི་རིགས་ཀྱི་རྒྱུད་རྒྱུ་འདུས་སྣོད(Gene Pool)ལ་གཏོར་སྐྱོན་དང་། མ་འོངས་པའི་མི་རབས་ཚོའི་སྐྱེས་རྒྱུན་ལ་གནོད་སྐྱོན་ཐེབས་པ་མ་ཟད། རྒྱུད་རྒྱུ་བཅོས་སྒྲིག་གིས་ནད་གཞི་སློང་བ། མིའི་རིགས་ཀྱི་འཚོ་གནས་ལ་འདྲ་མཉམ་མིན་པའི་ཡ་མ་ཟུང་གི་སྤྱི་ཚོགས་སྐྲུན་པ་སོགས་ཀྱི་ཉེན་ཁ་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༢/༣༠

Leave a Reply