སྐད་ཡིག་གཉིས་པའི་དགོས་མཁོ། བརྒྱད་པ།

ནོར་བསམ།

ཕྱི་ལོ་ ༢༠༢༠ གསར་དུ་བཞད་པའི་དུས་བཟང་ལ་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་གཙོས་འབྲེལ་ཡོད་ཡོངས་དང་། རྒྱ་ཆེ་བའི་བོད་ཀྱི་དུས་བབ་ཀློག་པ་པོ་ཡོངས་ལ་བཅོས་མིན་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

གལ་སྲིད་འཛིན་གྲྭ་གཅིག་གི་ནང་ལ་སློབ་ཕྲུག་ཚོའི་སྐད་ཡིག་གི་ཤེས་ཚད་ཆ་སྙོམས་མེད་པར་མཐོ་དམན་སྣ་ཚོགས་ཡོད་ན་སྐད་ཡིག་སློབ་ཁྲིད་ཇི་ལྟར་བྱེད་དགོས་སམ། སྐད་ཡིག་དགེ་རྒན་མང་པོ་ཞིག་གིས་འཛིན་གྲྭ་གཅིག་གི་ནང་ལ་སློབ་ཕྲུག་གི་སྐད་ཡིག་ཤེས་ཚད་ཆ་སྙོམས་མེད་ན་སློབ་ཁྲིད་བྱེད་མི་ཐུབ་པ་བརྗོད་ཀྱི་ཡོད་ནའང་། དེ་ནི་མཐའ་ཅིག་ཏུ་བདེན་པ་རེད་ཅེས་བརྗོད་མི་ཐུབ། གལ་སྲིད་འཛིན་ཁང་གཅིག་གི་ནང་ལ་ཡོད་པའི་སློབ་ཕྲུག་གི་སྐད་ཡིག་ཤེས་ཚད་ཆ་སྙོམས་མེད་ན་སློབ་ཚན་འཁྲིད་རྒྱུར་དཀའ་ངལ་ཡོད་ནའང་། སློབ་ཁྲིད་ཐབས་ལམ་འོས་འཚམས་འཚོལ་ཞིབ་ཀྱིས་བེད་སྤྱོད་བྱས་ན་སློབ་ཁྲིད་བྱེད་ཐུབ་པས་ལམ་སེང་འཛིན་ཁང་ལོགས་སུ་དབྱེ་ཐབས་བྱས་ན་དགེ་རྒན་གྱི་འོས་འགན་འགྲུབ་མེད། འོ་ན། སློབ་ཁྲིད་ཐབས་ལམ་འོས་འཚམས་ཞིག་འཚོལ་ཞིབ་དང་། དེ་ལ་བརྟེན་ནས་སློབ་ཁྲིད་ནུས་ལྡན་ཡོང་བ་ཇི་ལྟར་བྱེད་དགོས་སམ།

འཛིན་གྲྭའི་ནང་ལ་སློབ་ཁྲིད་བྱེད་སྒོ་སྤེལ་སྐབས་དགེ་རྒན་རང་ཉིད་ཀྱི་སེམས་ནང་ལ་ངེས་དགོས་པ་ནི་སློབ་ཕྲུག་གི་སྐད་ཡིག་ཤེས་ཚད་ཡིན་པ་དང་། སློབ་ཁྲིད་བྱེད་སྒོའི་ཆེད་དུ་ཚོགས་ཆུང་ཆ་བགོས་ཀྱིས་ཚོགས་ཆུང་ནང་སློབ་ཕྲུག་ཤེས་ཚད་ལེགས་པ་དང་ཞན་པ་མཉམ་བསྲེས་བྱེད་དགོས། ཤེས་ཚད་ལེགས་ཞན་ཟེར་པ་ནི་སློབ་ཕྲུག་ཁ་ཤས་སློབ་ཕྲུག་གཞན་ལས་ཀློག་རྩལ་ལེགས་པ་ཡོད་ལ། ཡང་ཁ་ཤས་འབྲི་རྩལ་ལེགས་པ་ཡོད། དེ་བས་དགེ་རྒན་གྱིས་སློབ་ཕྲུག་གི་སྐད་ཡིག་ཤེས་ཚད་མཐོ་དམན་མཉམ་བསྲེས་ཀྱིས་སློབ་ཁྲིད་བྱེད་སྒོ་སྤེལ་རྒྱུ་དེ་ནི་སློབ་ཁྲིད་ཐབས་ལམ་གཅིག་ཡིན་པ་དང་། དེ་མིན་གྱི་སློབ་ཁྲིད་ཐབས་ལམ་མང་པོ་ཡོད། དཔེར་ན། སྐབས་རེར་འཛིན་ཁང་ནང་ལ་སློབ་ཚན་དང་འབྲེལ་བའི་ཚོགས་ཆུང་ཆ་བགོས་ཀྱིས་བརྗོད་གཞི་གང་རུང་ཐོག་ལ་གོ་བསྡུར་བྱེད་དུ་འཇུག་སྐབས་སྐད་ཡིག་ཤེས་ཚད་ལེགས་པ་རྣམས་ཚོགས་ཆུང་གཅིག་བཟོ་བ་དང་། དེ་འཕྲོས་ཀྱི་སློབ་ཕྲུག་རྣམས་ཚོགས་ཆུང་གཅིག་ལ་བཟོས་ནས་ཚོགས་ཆུང་ཕྱི་མ་དེའི་ནང་ལ་དགེ་རྒན་རང་ཉིད་མཉམ་ཞུགས་ཀྱིས་གོ་བསྡུར་བྱེད་དགོས། གོ་བསྡུར་ཟིན་རྗེས་ཚོགས་ཆུང་ཕན་ཚུན་དབར་ལ་བསམ་ཚུལ་བརྗེ་ལེན་དང་། སློབ་ཁྲིེད་བྱེད་དུ་འཇུག་དགོས། སློབ་ཁྲིད་ཐབས་ལམ་དེ་ནི་ཤེས་ཚད་འདྲ་མིན་སྣ་ཚོགས་ཡོད་པའི་འཛིན་གྲྭའི་ནང་ཡང་ཡང་བེད་སྤྱོད་གཏོང་བའི་སློབ་ཁྲིད་ཐབས་ལམ་གཅིག་རེད།

དགེ་རྒན་ཁ་ཤས་ཀྱིས། སློབ་ཕྲུག་ཤེས་ཚད་མཐོ་དམན་ཁག་སོ་སོར་དབྱེ་ནས་སློབ་དུས་གཅིག་གམ་ཟླ་བ་གསུམ་ཙམ་རིང་ལ་གཏན་འཇགས་ཀྱི་ཚོགས་ཆུང་ཆ་བགོས་བྱས་པ་དང་། ཚོགས་ཆུང་སོ་སོར་སློབ་ཚན་མང་ཉུང་དང་། འགྲེལ་བཤད་མང་ཉུང་རྒྱབ་ནས་སློབ་ཁྲིད་བྱེད་ཀྱི་འདུག སློབ་ཁྲིད་ཐབས་ལམ་དེ་ནི་སློབ་ཕྲུག་གི་ཤེས་ཚད་འདྲ་མིན་ཡོད་པའི་འཛིན་ཁང་ནང་སློབ་ཁྲིད་བྱེད་སྐབས་ཕན་ཐོགས་མེད་པ་ཞུ་ཚོད་མི་ཐིག་ནའང་། དགེ་རྒན་གྱིས་འཛིན་ཁང་གཅིག་གི་ནང་ལ་ཡོད་པའི་སློབ་ཕྲུག་རྣམས་འཛིན་གྲྭའམ་ཚོགས་ཆུང་གཅིག་ལྟར་སློབ་ཁྲིད་བྱེད་ཐུབ་ཀྱི་མེད་སྟབས་ཕྲན་གྱིས་སློབ་ཁྲིད་ཐབས་ལམ་དེ་ལ་དེ་ཙམ་གྱིས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག དེ་བས་དགེ་རྒན་རྣམས་ཀྱིས་འཛིན་ཁང་ནང་སློབ་ཁྲིད་སྐབས་སུ་ཚོགས་ཆུང་ཆ་བགོས་གནང་སྐབས་སློབ་ཕྲུག་ཤེས་ཚད་ལེགས་ཞན་རྣམས་མཉམ་བསྲེས་དང་། ཡང་ན་ལེགས་པ་རྣམས་མཉམ་དུ་དང་ཞན་པ་རྣམས་མཉམ་དུ་གཏན་དུ་མི་འཇོག་པའམ། ཡང་ཡང་བརྗེ་བསྒྱུར་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་གི་ཡོད།

འཛིན་ཁང་གཅིག་ནང་ལ་སློབ་ཁྲིད་གནང་སྐབས་སློབ་ཕྲུག་གི་ཤེས་ཚད་ལ་གཞིགས་ནས་ཚོགས་ཆུང་ཆ་བགོས་བྱེད་སྟངས་ཀྱི་དཔེ་མཚོན་ཁ་ཤས་འབྲི་འདུན་བྱུང་། དང་པོ། སློབ་ཕྲུག་ཤེས་ཚད་ལེགས་པ་དང་ཞན་པ་ལོགས་སུ་ཚོགས་ཆུང་ཆ་བགོས་ཀྱིས་རྒྱུན་རིང་པོ་འཇོག་པ། གཉིས་པ། སློབ་ཕྲུག་ཤེས་ཚད་ལེགས་ཞན་མཉམ་བསྲེས་ཀྱིས་ཚོགས་ཆུང་ཆ་བགོས་བྱེད་པའམ། བཟང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་སླད། སློབ་ཕྲུག་ཤེས་ཚད་ལེགས་ཞན་འདྲ་བ་མཉམ་དུ་བཞག་ནས་གོ་བསྡུར་དང་། མཉམ་དུ་སློབ་སྦྱོང་བྱེད་དུ་འཇུག་ན་ཤེས་ཚད་འདྲ་མཉམ་ཡོང་རྒྱུར་ཕན་ཐོགས་ཆེ་ལ། ཤེས་ཚད་བཟང་ངན་ལོགས་སུ་དབྱེ་ནས་སེམས་ཤུགས་ཆགས་མཁན་ཡོད་པ་དེ་རིགས་འགོག་ཐུབ། ད་དུང་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྒོ་སྤེལ་སྐབས་སློབ་ཕྲུག་གི་ངོས་ནས་མཉམ་ཞུགས་ཀྱི་ནུས་པ་ཆེ་བ་འདོན་ཐུབ་པ་མ་ཟད། ཕན་ཚུན་གོ་བསྡུར་དང་བསྐྱར་ཞིབ་ཀྱིས་སློབ་ཁྲིད་ནང་དོན་ཤེས་པར་ཕན་ཚུན་མཉམ་རུབ་བྱེད་ཐུབ། ཐབས་ལམ་འདི་བརྒྱུད་ནས་སློབ་ཕྲུག་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། གུས་བརྩིའི་རྣམ་པ་མངོན་ཐུབ་པ་སོགས་བཟང་ཕྱོགས་ནས་སློབ་སྦྱོང་ཡར་རྒྱས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ཐུབ། བཞི་པ། གལ་སྲིད་འཛིན་ཁང་གཅིག་ནང་སློབ་ཚན་འཁྲིད་སྐབས་སློབ་ཕྲུག་ཤེས་ཚད་དང་ཀུན་སྤྱོད་ལ་གཞིགས་ནས་ཚོགས་ཆུང་ཆ་བགོས་ཡག་པོ་བྱེད་མི་ཐུབ་ན། ངན་ཕྱོགས་ཀྱི་ཤུགས་རྐྱེན་མང་པོ་མངོན་དུ་གྱུར་སྲིད། དཔེར་ན། ཚོགས་ཆུང་ནང་ལ་སློབ་ཕྲུག་ཁ་ཤས་ཀྱིས་རང་ཉིད་གཞན་ལས་སྦྱང་འབྲས་ལེགས་པ་ཡོད་དྲན་ནས་སློབ་ཕྲུག་གཞན་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པ་དང་། འཛིན་གྲྭ་གཅིག་པའི་བལྟ་ཚུལ་དོར་ནས་དབྱེ་འབྱེད་ཀྱི་རྣམ་པ་མངོན་པ། སློབ་ཕྲུག་ཤེས་ཚད་ལེགས་པ་ཚོས་སློབ་ཁྲིད་དམ། སློབ་ཁྲིད་བྱེད་སྒོ་ཁག་ཧ་ཅང་དལ་པོ་དང་། ཉོབ་སྣང་སྐྱེ་གཞིར་མཐོང་བ། སློབ་ཕྲུག་ཤེས་ཚད་ཞན་པ་ཚོས་རང་ཉིད་ཀྱིས་མི་ཤེས་པའམ་གསལ་པོ་མི་ཆགས་པ་རྣམས་ཡང་ནས་བསྐྱར་དུ་དགེ་རྒན་ལ་དྲི་བ་དྲིས་པ་དང་། དགེ་རྒན་གྱི་དྲི་བར་ལན་འདེབས་ནོར་པ་རྒྱབ་པར་ཤེས་ཚད་ལེགས་པ་རྣམས་སུན་སྣང་སྐྱེ་བ་མ་ཟད། འཕྱ་དམོད་བྱེད་པའི་གནས་སྟངས་ཡོང་སྲིད་པ་དང་། དེ་ལ་བརྟེན་ནས་ཤེས་ཚད་ཞན་པའི་སློབ་ཕྲུག་རྣམས་མུ་མཐུད་སློབ་སྦྱོང་ལ་བརྩོན་སེམས་བརླག་ཉེན་ཡོད། འོ་ན། སློབ་ཕྲུག་ཤེས་ཚད་མཐོ་དམན་མཉམ་རུབ་དང་། དགེ་རྒན་ཚོས་ཤེས་ཚད་ཆ་སྙོམས་ཡོང་བར་ཐབས་ཤེས་ག་རེ་གནང་དགོས་སམ།

འཛིན་གྲྭ་གཅིག་གི་སློབ་ཕྲུག་གི་ཤེས་ཚད་ལ་མཐོ་དམན་མི་འདྲ་བ་ཡོད་ནའང་ཐོག་མར་འཛིན་གྲྭ་གཅིག་ལྟར་གཅིག་འགྱུར་གྱི་སློབ་ཁྲིད་བྱེད་དགོས་པ་དང་། དེ་ནས་སློབ་ཚན་དང་འབྲེལ་བའི་བྱེད་སྒོ་ཁག་ལ་ནང་གསེས་འདྲ་མིན་དབྱེ་ནས་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་དང་། ཡང་ན་སློབ་ཕྲུག་སོ་སོའི་ཤེས་ཚད་ལ་གཞིགས་ནས་སྦྱོང་ཚན་མི་འདྲ་བ་སྤྲོད་དགོས། སྦྱོང་ཚན་བྲིས་ཚར་པ་དང་སློབ་ཕྲུག་ཚང་མ་མཉམ་འཛོམས་ཀྱིས་དགེ་རྒན་མཉམ་ཞུགས་ཐོག་གོང་གསལ་སྦྱོང་ཚན་ཐོག་ལ་དྲི་བ་དྲི་ལན་དང་གྲོས་བསྡུར་བྱ་སྐབས་དགེ་རྒན་གྱིས་སྤྱི་ཡོངས་ནས་ལམ་སྟོན་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད། སློབ་ཁྲིད་ཐབས་ལམ་གཞན་གཅིག་ནི་ཚོགས་ཆུང་ཁག་གཉིས་སུ་དབྱེ་བ་ལས་ཚོགས་ཆུང་དང་པོའི་སློབ་ཕྲུག་ཤེས་ཚད་ལེགས་པ་དང་། ཚོགས་ཆུང་གཉིས་པའི་ནང་ལ་ཤེས་ཚད་ཞན་པ་རྣམས་འཇོག་དགོས། དང་པོ། འཁྲིད་གཞིའི་སློབ་ཚན་སྤྱི་ཡོངས་ལ་གོ་བསྡུར་བྱེད་དུ་འཇུག་པ་དང་། གཉིས་པ། དགེ་རྒན་གྱིས་བརྡ་སྤྲོད་ཀྱི་འགྲོ་སྟངས་སོགས་ལ་ལམ་སྟོན་གནང་དགོས། གསུམ་པ། དགེ་རྒན་གྱི་རོགས་སྐྱོར་མེད་པར་སློབ་ཕྲུག་ནང་ཁུལ་གོ་བསྡུར་དང་སྦྱོང་ཚན་འབྲི་ཀློག་བྱ་རྒྱུར་ཐབས་ཤེས་བྱེད་དུ་འཇུག་དགོས། སྐབས་དེ་དུས་དགེ་རྒན་ཚོགས་ཆུང་གྱི་གཡས་གཡོན་ལ་འགྲོ་བསྐྱོད་ཀྱིས་སློབ་ཕྲུག་ནང་ཁུལ་གོ་བསྡུར་བྱེད་སྟངས་དང་། སློབ་ཚན་གྱི་ནང་དོན་གོ་རྟོགས་ཇི་ལོན། ལན་འདེབས་བྱེད་སྟངས་སོགས་ལ་དོ་སྣང་བྱེད་དགོས། བཞི་པ། སློབ་ཚན་སྤྱི་ཡོངས་ལ་གྲོས་བསྡུར་བྱ་དགོས་པ་ལས་བརྡ་སྤྲོད་འགྲོ་སྟངས་གཅིག་པུའི་ཐོག་ལ་གྲོས་བསྡུར་བྱེད་མི་དགོས་པ་གསལ་བཤད་གནང་དགོས། ལྔ་པ། དེ་ནས་དགེ་རྒན་དང་སློབ་ཕྲུག་ཚོ་མཉམ་དུ་བསྡད་ནས་བཤད་རྩལ་སོགས་ཀྱི་བརྗོད་གཞི་དཀའ་རྙོག་ཆེ་བའི་ཐོག་ལ་སྦྱོང་བརྡར་བྱེད་དགོས། དྲུག་པ། ཚོགས་ཆུང་སོ་སོར་ཡོད་པའི་སློབ་ཕྲུག་ཚང་མ་མཉམ་འཛོམས་བྱེད་དུ་འཇུག་པ་དང་། དགེ་རྒན་གྱིས་འཛིན་ཁང་ནང་ལ་སློབ་ཕྲུག་ཚོས་བྲིས་པའི་སྦྱོང་ཚན་ལ་བསྐྱར་ཞིབ་དང་། མཉམ་དུ་གོ་བསྡུར་བྱེད་དགོས། གོ་བསྡུར་བྱེད་སྐབས་དགེ་རྒན་གྱིས་དོ་སྣང་གནང་དགོས་པ་ནི་སློབ་ཕྲུག་གི་ཤེས་ཚད་ཇེ་ལེགས་སུ་འགྲོ་མིན་དང་། རྗེས་སུ་བརྗོད་གཞི་མི་འདྲ་བ་ག་རེའི་ཐོག་ལ་སྦྱོང་གཞི་སྤྲོད་དགོས་མིན་ཐོག་ལ་ཐུགས་བསམ་བཞེས་དགོས། སྐབས་རེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྒོ་མ་སྤྲད་སྔོན་ལ་འགྲེལ་བརྗོད་བྱས་ནའང་། སློབ་ཕྲུག་ཚོས་བྱེད་སྒོ་ཚར་སྐབས་གོང་དུ་དགེ་རྒན་གྱིས་ལམ་སྟོན་བྱས་པ་དང་གཅིག་མཚུངས་ཡོང་མིན་སྣ་ཚོགས་ཡོད་པ་སྔོན་ཚུད་ནས་དྲན་དགོས། བདུན་པ། ཤེས་ཚད་མཐོ་དམན་གྱི་སློབ་ཕྲུག་མཉམ་དུ་ཚོགས་ཆུང་གཅིག་ལ་འཇོག་པ་དང་། ཤེས་ཚད་མཐོ་བའམ། མགྱོགས་པ་ཤེས་མཁན་ཚོས་གཞན་ལ་སློབ་ཁྲིད་བྱེད་དུ་འཇུག་དགོས། དེ་ཡངདྲི་བ་དྲི་ལན་ཙམ་མིན་པར་དགེ་རྒན་ལྟ་བུ་བྱས་ཏེ་ཐོག་མར་འགྲེལ་བཤད་རྒྱབ་ཏུ་འཇུག་པ་དང་། ལན་ཐད་ཀར་མི་བརྗོད་པར་གོ་རྒྱུ་གཏོང་བའམ་བསམ་འཆར་བཤད་ནས་བསམ་བློ་གཏོང་རྒྱུའི་གོ་སྐབས་སྤྲད་པའི་ཐབས་ལམ་བེད་སྤྱོད་ཀྱིས་རོགས་པ་བྱེད་དུ་འཇུག་དགོས། བརྒྱད་པ། སློབ་ཕྲུག་གི་སེམས་ངལ་སེལ་ཐབས་བྱ་དགོས། དེ་ཡང་འཛིན་གྲྭའི་ནང་སྦྱོང་ཚན་སྤྲོད་པའམ་ཡང་ན། ནང་སྦྱོང་སྤྲོད་སྐབས་དྲི་བ་དང་པོ་ནས་བཞི་པ་བར་མ་གཏོགས་དེའི་འོག་གི་དྲི་བ་ཁག་ལ་ལན་འདེབས་མི་དགོས་ཅེས་བརྗོད་པ་དང་། ཡང་ན། དྲི་བ་དང་པོའི་ཐོག་ལ་ཚོགས་ཆུང་ནང་ཁུལ་གོ་བསྡུར་བྱེད་དགོས་པ་ལས་དྲི་བ་གཉིས་པར་གོ་བསྡུར་བྱེད་མི་དགོས་ཟེར་པ་ལྟ་བུ་བརྗོད་ན་སློབ་ཕྲུག་སེམས་ཁམས་ལ་དཀའ་ངལ་མི་ཡོང་བར་ཕན་ཐོགས་ཡོད།

འཛིན་ཁང་གཅིག་གི་ནང་ལ་སློབ་ཕྲུག་གི་ཤེས་ཚད་ཆ་སྙོམས་མེད་པར་མཐོ་དམན་སྣ་ཚོགས་ཡོད་སྐབས་དགེ་རྒན་གྱིས་ངེས་པར་དུ་སློབ་ཚན་འཁྲིད་སྟངས་དང་སློབ་ཁྲིད་ཐབས་ལམ་འདྲ་མིན་ཐབས་འཚོལ་བྱེད་དགོས་ལ། ནང་སྦྱོང་དང་འདྲི་ཤོག་མི་འདྲ་བ་གྲ་སྒྲིག་བྱེད་ཐུབ་དགོས། དང་པོ། གཅིག་འགྱུར་གྱི་འདྲི་ཤོག གལ་སྲིད་འཛིན་གྲྭ་གཅིག་ལ་འདྲི་ཤོག་གཅིག་ལས་མ་བཟོས་ནའང་། དྲི་ཤོག་ནང་དྲི་བ་ལས་སླ་པོ་དང་། དཀའ་ལས་ཁག་པོ། ཆ་སྙོམས་ཀྱི་དྲི་བ་བཅས་ཡོད་པ་བཟོ་དགོས། དྲི་ཤོག་ལ་ལན་འདེབས་སྐབས་སུ་ཤེས་ཚད་སྐྱོ་བ་ཚོས་ལན་འདེབ་རྒྱུ་ཡོད་པ་དང་། ཤེས་ཚད་ལེགས་པའམ་སློབ་སྦྱོང་ཧུར་བརྩོན་ཅན་ཚོས་རྩལ་ངོམས་བྱེད་ས་ཡོད་པ་བྱུང་ན་ཉོབ་སྣང་དང་སེམས་ཤུགས་མི་ཆགས་པ་གཉིས་ཀ་ཡོང་ཐུབ། གཉིས་པ། སློབ་ཕྲུག་གི་ཤེས་ཚད་འདྲ་བའམ། མི་འདྲ་བ་གང་ཡིན་རུང་སློབ་ཕྲུག་ཚང་མར་རྩོམ་ཡིག་གི་བརྗོད་གཞི་གཅིག་སྤྲད་ནས་རྩོམ་ཡིག་འབྲི་རུ་འཇུག་དགོས། དགེ་རྒན་གྱིས་རྩོམ་ཡིག་གི་བརྗོད་གཞི་དང་འབྲེལ་བའི་གཏམ་དཔེ་དང་བཤད་སྲོལ་ཟུར་འདོན་ཡོད་པ་སློབ་ཕྲུག་ཚོར་རྩོམ་ཡིག་མ་འབྲི་སྔོན་ལ་སྤྲོད་དགོས་པ་དང་། དེས་རྩོམ་ཡིག་འབྲི་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དགེ་རྒན་ཁ་ཤས་ཀྱིས་སློབ་ཕྲུག་གི་ཤེས་ཚད་ལ་གཞིགས་ནས་བརྗོད་གཞི་འདྲ་མིན་སྤྲོད་ཀྱི་ཡོད་པ་དེ་ཡང་ཕན་ཐོགས་ཡོད་ངེས་པ་ལས་ཕན་ཐོགས་མེད་པ་བརྗོད་མི་ཐུབ། གསུམ་པ། སློབ་ཕྲུག་གི་ཤེས་ཚད་མཐོ་དམན་ཁྱད་པར་ཆེན་པོ་མེད་མཁན་རྣམས་ལ་སྦྱོང་གཞི་གཅིག་སྤྲད་ནའང་། སློབ་ཕྲུག་ཁ་ཤས་ཀྱིས་ལན་ལམ་སེང་རྒྱབ་ཐུབ་པ་དང་། ཁ་ཤས་ལན་རྒྱབ་རྒྱུར་ཅུང་དལ་པོ་ཡོད། མགྱོགས་པོ་ཡོད་མཁན་ཚོར་དམིགས་ནས་འདྲི་ཤོག་འཕར་མ་སྤྲོད་རྒྱུའི་གྲ་སྒྲིག་བྱེད་ཐུབ་ན་ཡག་པོ་ཡོད། བཞི་པ། ཤེས་ཚད་ཚང་མར་སྦྱོང་གཞི་གཅིག་སྤྲད་ནའང་། ཤེས་ཚད་ལ་གཞིགས་ནས་གྲུབ་འབྲས་སམ་ལན་མི་འདྲ་བ་འདེབས་རྒྱུ་ཡོད། དེ་ཡང་དྲི་བ་གཅིག་ལ་ལན་གཅིག་རང་མིན་པར་། ལན་རྒྱས་འབྲིང་བསྡུས་གསུམ་སྣ་ཚོགས་འདེབས་རྒྱུ་ཡོད་པའི་དྲི་བ་བཀོལ་སྤྱོད་བྱེད་དགོས། དཔེ་མཚོན་ཁ་ཤས་འབྲི་ན། སློབ་ཚན་དང་འབྲེལ་བའི་ཚིག་གསར་སྤྲད་ནས་སྒྲུབ་ཆ་ཚང་བའི་ཚིག་སྒྲུབ་གང་མང་བཟོ་དགོས་ཞེས་བརྗོད་ན་ཤེས་ཚད་ལེགས་པ་ཚོས་ཚིག་སྒྲུབ་སྤུས་ཚད་ལེགས་ལ། གྲངས་མང་བ་བཟོ་རྒྱུའི་གོ་སྐབས་ཐོབ་པ་དང་། ཤེས་ཚད་ཞན་པ་ཚོས་ཀྱང་ཚིག་སྒྲུབ་བཟོ་ངེས་རེད། ད་དུང་། གོང་དུ་བརྗོད་ཟིན་པ་ལྟར་སློབ་ཕྲུག་རྣམས་ལ་བརྗོད་གཞི་གཅིག་གམ། རྩོམ་ཡིག་གི་ཁ་བྱང་གཅིག་སྤྲད་ནས་རྩོམ་ཡིག ཡང་ན་སྒྲུང་འབྲི་དགོས་པ་བརྗོད་ན་རྩོམ་ཡིག་རིང་ཐུང་སྣ་ཚོགས་འབྲི་ངེས་རེད། ཡིན་ནའང་། སློབ་ཕྲུག་གིས་རྩོམ་ཡིག་འབྲི་སྐབས་དགེ་རྒན་གྱིས་དོ་སྣང་བྱ་དགོས་ལ། དགོས་མཁོ་མཆིས་ཚེ་རོགས་པ་བྱེད་ཐུབ་པ་དགོས། བྲིས་ཟིན་པ་དགེ་རྒན་གྱིས་ཞུ་དག་དང་ལེགས་གསོ་བྱ་དགོས། ད་དུང་ཤེས་ཚད་ཆ་སྙོམས་མེད་པའི་སློབ་ཕྲུག་རྣམས་ལ་འཛིན་ཁང་གཅིག་ནང་སློབ་ཁྲིད་བྱེད་ཕྱོགས་ཀྱི་ཐབས་ལམ་གཅིག་བརྗོད་ན། དགེ་རྒན་གྱིས་འཛིན་ཁང་གི་གྱང་ངོས་སུ་རི་མོ་དང་། ཡིག་ཆེན་ཡོད་པའི་སྦྱར་ཞིག་འདྲ་མིན་སྣ་ཚོགས་སྦྱར་པ་དང་། སྦྱར་ཡིག་སོ་སོའི་འོག་ལ་སྦྱོང་ཚན་གང་ཡིན་འབྲི་དགོས། དཔེར་ན། སྦྱར་ཡིག་འོག་ལ་དགེ་རྒན་གྱིས་བསམ་ཚུལ་ཐིག་ཕྲེང་ཁ་ཤས་སྔོན་ནས་དཔེ་མཚོན་གྱི་ཚུལ་དུ་བྲིས་པ་དེའི་ཐོག་ལ་སློབ་ཕྲུག་སོ་སོས་བསམ་ཚུལ་ཁ་སྐོང་ངམ་བསམ་ཚུལ་འཕར་མ་ཇི་ཡོད་འབྲི་རུ་འཇུག་དགོས། སློབ་ཕྲུག་ཚང་མས་བསམ་ཚུལ་འཕར་མ་བྲིས་ཚར་རྗེས་ཚང་མ་མཉམ་འཛོམས་ཀྱིས་བསམ་ཚུལ་རེ་རེའི་ཐོག་ལ་གོ་བསྡུར་བྱེད་དགོས། སློབ་ཁྲིད་ཐབས་ལམ་དེ་ནི་ཕྲན་མཐོ་སློབ་ལ་སློབ་ཁྲིད་ཐབས་ལམ་རིག་པ་སྦྱོང་སྐབས་རྒན་ལགས་ཀྱིས་འཛིན་ཁང་ནང་ལ་དཔེ་མཚོན་གྱི་ཆེད་དུ་ཕྱག་བསྟར་གནང་སོང་བས་ཕྲན་གྱི་འཛིན་གྲོགས་ཚོས་དགའ་མོས་བྱས་པ་མཐོང་བས། ཀློག་མཁན་རྣམ་པའི་ཁྲོད་དུ་དགེ་རྒན་གྱི་ཕྱག་ལས་གནང་མཁན་ཡོད་ཚེ་ཚོད་བལྟ་གནང་རྒྱུར་རེ་བ་བྱེད་ཀྱི་ཡོད།

ཤེས་ཚད་ཆ་སྙོམས་མེད་པའམ་ཤེས་ཚད་མཐོ་དམན་ཡོད་པའི་སློབ་ཕྲུག་ལ་འཛིན་ཁང་གཅིག་གི་ནང་ལ་སློབ་ཁྲིད་བྱེད་ཕྱོགས་ཀྱི་ཐབས་ལམ་ཇི་ཡོད་སྐོར་ལ་གོང་དུ་མི་ཉུང་བ་ཞིག་བྲིས་ཟིན་ནའང་། གལ་པོ་ཆེ་ལ་ནན་ཏན་དང་། དམིགས་བསལ་ཤེས་ཚད་འདྲ་མིན་ཡོད་སྐབས་དགེ་རྒན་མི་ཉུང་བ་ཞིག་གིས་ལམ་སེང་འཛིན་གྲྭ་ལོགས་སུ་དབྱེ་ཐབས་ལས་སློབ་ཁྲིེད་ཐབས་ལམ་འདྲ་མིན་བེད་སྤྱོད་ཀྱིས་མཉམ་དུ་འཁྲིད་ཐབས་མི་གནང་བ་ཕྲན་གྱི་དངོས་སུ་མཐོང་བས། བསམ་ཚུལ་འཕར་མ་ཁ་ཤས་འབྲི་འདུན་བྱུང་བས་ཀློག་མཁན་རྣམས་ལ་ཕན་མི་ཐོགས་ནའང་། དོགས་སློང་གིས་དགོངས་པ་བཞེས་རྒྱུའི་ས་བོན་ལ་འགྱུར་རྒྱུའི་རེ་བ་བྱེད་བཞིན་ཡོད། དཔེར་ན། བོད་ཀྱི་སྐད་ཡིག་དགེ་རྒན་ཞིག་གིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་སྐབས་ཕྲད་དང་རྣམ་དབྱེ་སློབ་ཁྲིད་གནང་རྒྱུ་གལ་ཆེན་ཡིན་ནའང་། སྐད་ཡིག་གི་རྩལ་བཞིའམ། ནུས་པ་བཞི་སྟེ་འབྲི་ཀློག་བཤད་ཉན་ཡར་རྒྱས་གཏོང་ཐབས་ལ་ཅི་ནས་འབད་དགོས་པ་ལས། ཕྲད་དང་རྣམ་དབྱེ་གྲངས་འདྲེན་བྱེད་ཐུབ་ནའང་། སྐད་ཡིག་རྩལ་བཞི་ཡར་རྒྱས་བྱུང་མེད་ན་སྐད་ཡིག་སློབ་པའི་དགོས་དོན་དངོས་སྒྲུབ་མེད། དེ་ལྟར་བརྗོད་དགོས་དོན་ཡང་། ཉེ་དུས་ཕྲན་གྱིས་ཕྱི་རྒྱལ་ཡུལ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་རེ་གཉིས་ལ་བསྐྱོད་ནས་རྒྱུས་ལོན་བྱས་པ་བརྒྱུད། ཞོགས་པའི་འདུ་འཛོམས་ལ་ལེགས་བཤད་ལྗོན་དབང་གི་རྩ་ཚིག་མཉམ་འདོན་བྱ་རྒྱུའི་ལུགས་སྲོལ་བཟང་པོ་མཐོང་བ་དང་། འཛིན་གྲྭ་བཞི་པ་དང་ལྔ་པའི་སློབ་ཕྲུག་ཚོས་ལ་དོན་དང་ཨི་ལྡན་སོགས་ཀྱི་ཕྲད་ག་ཚོད་ཡོད་པ་དང་གང་དང་གང་ཡིན་པ་ཚང་མ་སྐྱོར་ཐུབ་པ་མཐོང་བས་སེམས་ནང་སྤྲོ་སྣང་སླེབས་ནའང་། རྗེས་སུ་སློབ་ཕྲུག་གི་འབྲི་དེབ་ནང་ལ་བལྟ་སྐབས་གང་བྲིས་ཡོད་པའི་ཚིག་སྒྲུབ་ཁག་གི་ནང་ལ་ཕྲད་དང་རྣམ་དབྱེ་ཚུལ་བཞིན་དུ་འབྲི་རྒྱུ་བལྟ་ཅི། སློབ་ཕྲུག་རང་ཉིད་ཀྱི་མིང་ཡང་བོད་ཡིག་ཐོག་འབྲི་མི་ཤེས་མཁན་མི་ཉུང་བ་མཐོང་བས་ད་ལན་ཟུར་ཙམ་བརྗོད་པར་ཐལ་སོང་། ད་དུང་རྗེས་སུ་ཕྲུ་གུའི་ཕ མ་ཁ་ཤས་དང་ཁ་བརྡ་བྱས་པ་བརྒྱུད་ཕྲུ་གུའི་ཁྱིམ་བདག་གཅིག་གིས། ཕྲུ་གུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་ཆེད་མངགས་གཏོང་དགོས་དོན་ནི་ཕྲུ་གུས་ཕྲད་དང་རྣམ་དབྱེ་ངག་སྐྱོར་གཏོང་ཤེས་ཙམ་མིན་པར་མ་མཐར་བོད་སྐད་བཤད་ཤེས་པ་དང་། བོད་ཡིག་ཀློག་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ནའང་དེ་བཞིན་ཡོང་གི་མི་འདུག་ཅེས་བརྗོད་བྱུང་། བསམ་ཚུལ་བརྗོད་མཁན་ཁྱིམ་བདག་ཁོང་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་གཅིག་གི་ཟློས་གར་དགེ་རྒན་ཟུར་པ་རེད་འདུག ད་ནི་འཕྲོས་བཤད་སྤངས་ནས་གཙོ་འདོན་བརྗོད་ན། སློབ་ཚན་འཁྲིད་ཟིན་པའམ། ཡང་ན་འཛིན་གྲྭ་ཐོན་སྐབས་སྐད་ཡིག་གི་རྩལ་བཞིའམ་ནུས་པ་བཞིའི་ཐོག་ལ་གྲུབ་འབྲས་ཇི་བཞིན་ཐོན་མིན་ལ་བལྟ་དགོས་པ་ལས་ཕྲད་དང་རྣམ་དབྱེའི་གྲངས་འདྲེན་ཐུབ་པ་ཙམ་གྱི་འགྲིག་གི་མེད་པ་གོང་བརྗོད་ལྟར་ལགས། དེ་བས་སློབ་དེབ་ནང་གསལ་སློབ་ཚན་ཁག་གི་ཚིག་འགྲེལ་ལམ་སློབ་ཁྲིད་བྱ་རྒྱུ་ཙམ་མིན་པར་། བོད་ཀྱི་ལོ་གསར་སླེབས་ལ་ཉེ་སྐབས་བོད་ཀྱི་ལོ་གསར་སྐོར་གྱི་གློག་བརྙན་བལྟ་རུ་འཇུག་པ་དང་། ལོ་གསར་སྐོར་གྱི་ཟུར་བལྟའི་དེབ་ཀློག་ཏུ་འཇུག་པ། ལོ་གསར་གྱི་ལོ་རྒྱུས་བཤད་ནས་ཉན་དུ་འཇུག་པ། ལོ་གསར་སྐོར་ལ་རྩོམ་ཡིག་འབྲི་རུ་འཇུག་པ་སོགས་འཚོ་བ་དངོས་དང་ཁ་ཐག་ཉེ་པོ་བཟོས་ནས་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེ། སྐད་ཡིག་ག་རེ་སྦྱང་ནའང་། འཚོ་བ་དངོས་ཀྱི་ནང་ལ་བེད་སྤྱོད་གཏོང་རྒྱུར་དམིགས་དགོས་པ་སྐད་ཡིག་དགེ་རྒན་ཚང་མས་སྐད་ཡིག་སློབ་ཁྲིད་གནང་སྐབས་དྲན་དགོས་པར་མཐོང་།

སྐད་ཡིག་དགེ་རྒན་ཚོས་སློབ་ཕྲུག་གམ་སྐད་ཡིག་སྦྱོང་མཁན་གྱི་འཆར་གཞི་གང་ཡིན་ངོས་འཛིན་ཐུབ་པ་དགོས་ལ། ལག་བསྟར་འོས་པའི་འཆར་གཞི་ཞིག་ཡིན་ན་སློབ་ཕྲུག་གི་འཆར་གཞི་ལེགས་གྲུབ་ཡོང་ཐབས་སུ་དགེ་རྒན་གྱིས་མཐུན་འགྱུར་རོགས་རམ་གང་བྱ་དགོས་པ་ཤེས་ཐབས་བྱ་དགོས། སློབ་ཕྲུག་གི་ཤེས་ཚད་དང་། སློབ་ཕྲུག་གི་ཤེས་ཚད་ཡར་རྒྱས་འགྲོ་བར་དགེ་རྒན་གྱིས་གང་བྱ་དགོས་པ་ཤེས་པར་སྒུག་ནས་བསྡད་ན་མི་འགྲིག་པར་ཐབས་ལམ་འདྲ་མིན་བེད་སྤྱོད་བྱ་དགོས། དཔེར་ན། དགེ་རྒན་གྱིས་སློབ་ཕྲུག་མཉམ་དུ་སེམས་ཐག་ཉེ་པོའི་ཐོག་ནས་འབྲེལ་བ་རྒྱུན་དུ་བྱ་དགོས་ལ། སློབ་ཕྲུག་གིས་སློབ་ཚན་ག་རེ་སྦྱོང་འདུན་ཡོད་པ་དང་། ཇི་ལྟར་སྦྱོང་རྒྱུའི་འཆར་གཞི་ཡོད་པ། དམིགས་ཡུལ་ག་རེ་ཡིན་པ། དམིགས་ཡུལ་དེ་དག་བསྒྲུབ་པར་དགེ་རྒན་དང་ཕ་མའི་ངོས་ནས་རོགས་པ་ག་རེ་དགོས་པ་སོགས་ལ་གོ་བསྡུར་བྱས་ཏེ་ཤེས་ཐུབ་པ་བྱེད་དགོས། གྲོས་བསྡུར་བྱེད་སྐབས་སློབ་ཕྲུག་ཚང་མ་མཉམ་དུ་གྲོས་བསྡུར་བྱེད་རྒྱུ་མེད་པར་དགེ་རྒན་གྱིས་སློབ་ཕྲུག་རེ་རེ་དང་ཟུར་དུ་ཐུག་འཕྲད་ཀྱིས་གོང་བརྗོད་གནས་དོན་ཐོག་ལ་གྲོས་བསྡུར་བྱེད་ཐུབ་ན་སློབ་ཕྲུག་སྒེར་གྱི་དཀའ་ངལ་རྣམས་གསལ་བརྗོད་ཐུབ་རྒྱུར་ཕན་ཐོགས་ཡོད། ནང་སྦྱོང་བསྐུར་དགོས་དང་མི་དགོས་སྐོར་ལ་ཤེས་ཡོན་སློབ་གསོ་སྡེ་ཁག་ནང་ལ་བསམ་ཚུལ་མི་མཐུན་པ་ཡོད་ནའང་། ཕྱི་རྒྱལ་ཡུལ་ཁག་ལ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ལྟ་བུར་མཚོན་ན་ནང་སྦྱོང་བསྐུར་རྒྱུ་ནི་གལ་ཆེན་ཆགས་ཡོད་ལ། ནང་སྦྱོང་བསྐུར་སྟངས་མི་ནོར་བ་བྱ་རྒྱུ་དེ་བས་ཀྱང་གལ་ཆེན་ཆགས་ཡོད། སྤྱིར་བཏང་འཛིན་ཁང་གཅིག་གི་ནང་ལ་ཤེས་ཚད་མཐོ་དམན་ཡོད་པའི་སློབ་ཕྲུག་ཚོར་ནང་སྦྱོང་བསྐུར་སྐབས་དྲན་དགོས་པ་ནི་ཤེས་ཚད་ལ་གཞིགས་ནས་ནང་སྦྱོང་མི་འདྲ་བ་བསྐུར་དགོས་པ་དེ་རེད། དཔེར་ན། ཤེས་ཚད་ཞན་པ་རྣམས་ལ་འཛིན་ཁང་ནང་སྦྱངས་ཟིན་པའི་སློབ་ཚན་དང་སྦྱོང་ཚན་ལ་བསྐྱར་སྦྱོང་བྱེད་རྒྱུ་ནང་སྦྱོང་སྤྲོད་དགོས་པ་དང་། ཤེས་ཚད་མཐོ་བ་རྣམས་ལ་སྦྱངས་ཟིན་པའི་སློབ་ཚན་དང་འབྲེལ་ནས་དྲི་བ་གསར་པ་སྤྲོད་དགོས་ལ། སློབ་ཚན་རྗེས་མ་ཀློག་རྒྱུ་སོགས་མདུན་བསྐྱོད་དམ་ཡར་རྒྱས་མགྱོགས་སུ་གཏོང་ཐབས་སུ་དཀའ་ཁག་ཡོད་པའི་ནང་སྦྱོང་སྤྲོད་དགོས།

རང་སྦྱོང་དང་ནང་སྦྱོང་གཉིས་ནོར་མཁན་ཡོད། དེ་གཉིས་འདྲ་ནའང་གཅིག་པ་མ་རེད། རང་སྦྱོང་ནི་ཨིན་སྐད་དུ་(Self study)ཞེས་པ་དེ་ཡིན་པས། འཛིན་ཁང་དང་ཁྱིམ་ཚང་གང་དུ་ཡང་རང་སྦྱོང་བྱ་ཆོག སྐབས་རེ་སློབ་ཕྲུག་ལ་འཛིན་ཁང་གི་ཟུར་དུ་དེབ་ཁྲིའི་ཐོག་ཟུར་བལྟའི་དཔེ་དེབ་སྣ་ཚོགས་དང་། ཡིག་ཆས་སྣ་ཚོགས་ཡོད་པ་དེ་དག་ལ་བལྟ་རྒྱུ་དང་རང་སྦྱོང་བྱེད་རྒྱུའི་དུས་ཚོད་སྤྲོད་དགོས། དཔེར་ན། ཤེས་ཚད་ལེགས་པའི་སློབ་ཕྲུག་ཚོས་སྦྱོང་ཚན་སློབ་ཕྲུག་གཞན་གྱི་སྔོན་ལ་བྲིས་ཚར་སྐབས་ཁོ་ཚོར་འཛིན་ཁང་གི་ཟུར་ལ་ཡོད་པའི་དེབ་ཁྲིའི་ཐོག་ལ་ཡོད་པའི་དེབ་དང་ཡིག་ཆས་བེད་སྤྱོད་ཀྱིས་རང་འདོད་ལྟར་རང་སྦྱོང་བྱ་རྒྱུའི་གོ་སྐབས་སྤྲོད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། དེབ་འདྲ་མིན་ལ་བལྟས་ནས་རང་འདོད་ཀྱིས་རང་སྦྱོང་བྱ་རྒྱུའི་གོ་སྐབས་མང་པོ་ཐོབ་ནས་དོ་དབྱིངས་སླེབས་པ་ཡིན་ན་། སློབ་ཕྲུག་སོ་སོ་རང་འགུལ་ཐོག་ནས་བར་གསེང་སོགས་དུས་ཚོད་ནམ་ཡོད་ལ་དེབ་ཁྲི་སོགས་ཀྱི་འགྲམ་དུ་བསྐྱོད་ནས་རང་སྦྱོང་བྱེད་རྒྱུའི་གོམས་གཤིས་བཟང་པོ་སྦྱར་ངེས། ཤེས་ཡོན་སློབ་གསོའི་སྡེ་ཁག་གི་ནང་ལ་ཡིག་ཚད་གཏོང་དགོས་དང་མི་དགོས་དང་། ཡིག་ཚད་གཏོང་ཕྱོགས་ཐད་ལ་བསམ་ཚུལ་མི་མཐུན་པ་ཡོད། འོ་ན། ཡིག་ཚད་ངེས་པར་དུ་གཏོང་དགོས་སམ། ཇི་ལྟར་གཏོང་དགོས་སམ། དྲི་བ་དེ་ནི་ཡང་ཡང་སླེབས་ཀྱི་ཡོད། ཕ་མ་དང་ཤེས་ཡོན་སློབ་གསོའི་སྡེ་ཁག་མང་པོས་ཡིག་ཚད་གཏོང་སྟངས་ཐད་ལ་བསམ་ཚུལ་འདྲ་མིན་ཡོད། དཔེར་ན། རྒྱ་གར་ནང་ལ་འཛིན་གྲྭ་བཅུ་པའི་རྒྱལ་ཡོངས་ཡིག་ཚད་ལ་སློབ་ཕྲུག་མང་པོ་སེམས་ཁྲལ་གྱིས་སེམས་ཁམས་ལ་གནོད་སྐྱོན་བྱུང་མཁན་ཡོད་སྟབས་རྒྱ་གར་འཛིན་གྲྭ་བཅུ་པའི་རྒྱལ་ཡོངས་ཡིག་ཚད་གཏོང་ཕྱོགས་ལ་སྒྱུར་བ་མང་པོ་བྱུང་ཡོད། ཡིན་ནའང་། བྱང་ཨ་རི་ཁུལ་ལ་གཞི་རིམ་སློབ་གྲྭ་ཙམ་མིན་པར་མཐོ་སློབ་ལ་ཡང་ཡིག་ཚད་གཏོང་ཕྱོགས་ཐད་ལ་རྒྱ་གར་གྱི་སློབ་ཁག་དང་ཁྱད་པར་ཧ་ཅང་ཆེན་པོ་ཡོད།

གལ་སྲིད་དགེ་རྒན་ཞིག་གིས་ཡིག་ཚད་གཏོང་གི་ཡོད་ན། དྲི་བ་བཟོ་ཕྱོགས་དང་བརྒྱ་ཆ་སྤྲོད་ཕྱོགས་ཐད་སློབ་ཕྲུག་ཚང་མར་གཅིག་མཚུངས་ཡོང་བ་བྱ་དགོས་ལ། ཡིག་ཚད་གཏོང་བའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་གིས་མི་ཤེས་པ་གང་ཡིན་འཚོལ་ཞིབ་བྱ་རྒྱུ་མིན་པར་། སློབ་ཕྲུག་ཚོས་སློབ་སྦྱོང་ཡར་རྒྱས་ག་རེ་གཏོང་དགོས་པ་བལྟ་རྒྱུའི་ཆེད་དུ་ཡིན་སྟབས་དེ་ལྟར་ཡོང་ཐུབ་པ་བྱ་དགོས། དེ་བཞིན་བསླབ་གཞི་རྩ་འཛིན་བཟོ་བཀོད་སྐབས་སུ་ཡང་སློབ་ཕྲུག་ཚང་མར་དམིགས་ནས་བཟོ་ཐུབ་པ་བྱ་རྒྱུ་གལ་ཆེར་མཐོང་། མཐའ་དོན། འཛིན་ཁང་གཅིག་གི་ནང་ལ་སློབ་ཕྲུག་ཤེས་ཚད་མཐོ་དམན་འདྲ་མིན་སྣ་ཚོགས་ཡོད་ན་དགེ་རྒན་ཚོས་ལམ་སེང་ཉོབ་སྣང་དང་། དཀའ་ལས་ཁག་སྣང་གིས་བློས་གཏོང་མི་བྱེད་པར་བྱམས་བརྩེ་དང་། བློ་གྲོས་ཀྱི་མིག་ལ་བརྟེན་ནས་སློབ་ཕྲུག་གི་ཤེས་ཚད་ལ་གཞིགས་ནས་སློབ་ཁྲིད་ཐབས་ལམ་འདྲ་མིན་འཚོལ་ཞིབ་ཀྱིས་ཕྱག་བསྟར་གནང་དགོས་ལ། སློབ་ཕྲུག་གི་ཤེས་ཚད་ཡར་རྒྱས་གཏོང་རྒྱུར་འབད་རྩོལ་ཅི་ནས་གནང་དགོས་སོ། །

འབྲེལ་ཡོད་རྩོམ་ཡིག

སྐད་ཡིག་གཉིས་པའི་དགོས་མཁོ། དང་པོ།

སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།

སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བཞི་པ།

སྐད་ཡིག་གཉིས་པའི་དགོས་མཁོ། ལྔ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། དྲུག་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བདུན་པ།

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༢/༣༡

Leave a Reply