༧གོང་ས་མཆོག་ཨ་རིའི་མི་མང་གིས་ཆེས་དགའ་མོས་ཞུ་སའི་མི་སྣའི་ཁྲོད་བདམས།

འདི་ལོ་སླར་ཡང་ཨ་རིའི་མི་མང་གིས་ཆེས་དགའ་མོས་ཞུ་སའི་དབུ་འཁྲིད་ཕོ་མོ་ ༢༦ བདམས་པའི་ཁྲོད་བོད་མིའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨང་དགུ་བར་བདམས།

ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བརྟན་གཞི་བྱས་ཡོད་པའི་ཨ་རིའི་གྷ་ལུབ(Gallup)ཞེས་པའི་སྤྱི་མང་བསམ་ཚུལ་རྟོག་ཞིབ་ཁང་གིས་དྲ་ལམ་བརྒྱུད། ཨ་རིའི་མི་མང་ལ་ཕྱི་ལོ་ ༢༠༡༩ ལོའི་ཆེས་དགའ་མོས་ཞུ་སའི་འཛམ་གླིང་གི་སྐྱེས་པ་ཕོ་མོ་འདེམས་སྒྲིག་གིས་གྲུབ་འབྲས་ཕྱིར་བསྒྲགས་བྱས་པའི་ནང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུས་པའི་སྐྱེས་པ་ ༩ དང་བུད་མེད་ ༡༧ བཅས་ཕྱི་ལོ་ ༢༠༡༩ ལོའི་འཛམ་གླིང་གི་ཆེས་དགའ་མོས་ཞུ་སའི་མི་སྣའི་ཁོངས་སུ་བདམས་ཐོན་བྱུང་ཡོད་འདུག

མང་ཚོགས་ཀྱི་དགའ་མོས་ཞུ་སའི་འོས་བསྡུའི་གྲུབ་འབྲས་ནང་། ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མ་(Barack Obama)མཆོག་དང་ལས་ཐོག་སྲིད་འཛིན་ཊོམ་ཕུ་(Donald Trump)མཆོག་གཉིས་ལ་འོས་གྲངས་གཅིག་པ་ཐོབ་སྟེ་ཨང་དང་པོ་དང་། ཨ་རིའི་སྲིད་འཛིན་ཟུར་བ་སྐུ་ཞབས་ཇིམ་མེ་ཁར་ཊར་(Jimmy Carter)ལགས་ཨང་གཉིས་པ། དེ་བཞིན། འཕྲུལ་ལས་བཟོ་སྐྲུན་གྱི་ཕྱུག་བདག་ཆེན་མོ་སྐུ་ཞབས་ཨེ་ལོན་མ་སེཀ་(Elon Musk)ལགས་ཨང་གསུམ་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨང་ ༩ པ་དེ་ཆགས་ཡོད་འདུག

གཞན་ཡང་ཕྱི་ལོ་ ༢༠༡༩ ལོའི་མི་མང་གི་དགའ་མོས་ཆེ་ཤོས་བྱེད་སའི་བུད་མེད་ཁྲོད། ཨང་དང་པོ་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐུ་ལྕམ་མེ་ཤེལ་ཨོ་བྷ་མ་(Michelle Obama)ལགས་དང་། ད་ལྟའི་ཨ་རིའི་སྐུ་ལྕམ་དང་པོ་མལ་ལཱ་ནེ་ཡ་ཊོམ་ཕུ་(Melania Trump)ལགས་ཨང་གཉིས་པ། དེ་བཞིན། ཨང་གསུམ་པ་ཨ་རིའི་མདོ་འཛིན་མ་གྲགས་ཅན་ཨོབ་ར་ཝིན་ཧྥི་རི་(Oprah Winfrey)ལགས་བཅས་ཡིན་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལོ་བསྟུད་མར་མི་མང་གི་ཆེས་དགའ་མོས་ཞུ་སའི་མི་གྲངས་ ༡༠ ནང་ཚུད་དུ་ཡོང་གི་ཡོད་ཅིང་། ད་སྔ་བར་ཨང་རིམ་འཕར་ཆག་ལ་ཁྱད་པར་ཆེན་པོ་ཕྱིན་མེད་པ་དང་། འདས་ལོར་༧གོང་ས་མཆོག་མི་མིང་གི་དགའ་མོས་ཞུ་སའི་མི་སྣ་ཨང་ ༨ པ་དེ་ཡིན་པ་རེད།

གྷ་ལུབ་ནི་ཨ་རིའི་སྤྱི་ཚོགས་ཞིབ་འཇུག་པ་སྐུ་ཞབས་ཇོར་ཇི་ཧོ་རེ་སི་གྷ་ལུབ་(George Horace Gallup)ཞེས་པ་ཞིག་གིས་ཕྱི་ལོ་ ༡༩༣༥ ལོར་གསར་འཛུགས་བྱས་ཤིང་། ཕྱི་ལོ་ ༡༩༤༨ ནས་མགོ་འཛུགས་ཀྱིས་དབུ་འཁྲིད་འོས་འདེམས་བྱས་ཡོད་པ་དང་། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་མང་པོ་ཞིག་མི་མང་གི་བསམ་ཚུལ་དང་འོས་བསྡུ་སོགས་བརྒྱུད་ནས་ཞིབ་འཇུག་གི་ལམ་ནས་སེལ་ཐབས་དང་གསལ་འདོན་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་གྷ་ལུབ་ཀྱི་ལས་གཞི་གཙོ་བོ་ཁག་བཞི་གཉེར་གྱི་ཡོད་པ་དག་ནི་གྷ་ལུབ་གསར་འགྱུར་སྡེ་ཚན་དང་གྷ་ལུབ་གཙུག་ལག་སློབ་གཉེར་སྡེ་ཚན། གྷ་ལུབ་མདུན་ལམ་སློབ་སྟོན་སྡེ་ཚན། གྷ་ལུབ་འོས་བསྡུ་ཞིབ་འཇུག་སྡེ་ཚན་བཅས་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༣༡

Leave a Reply

2 thoughts on “༧གོང་ས་མཆོག་ཨ་རིའི་མི་མང་གིས་ཆེས་དགའ་མོས་ཞུ་སའི་མི་སྣའི་ཁྲོད་བདམས།