ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

——འདི་ལོའི་བོད་ཀྱི་དུས་བབ་གསར་ཁང་གི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

ཧོང་ཀོང་གི་ཁྲིམས་རྒོལ་དང་རྒྱལ་ཁ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༩ ཉིན་ནས་བཟུང་ཧོང་ཀོང་མི་མང་གིས་གཞུང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་ལ་ངོ་རྒོལ་བྱས་ཏེ། ཉེན་རྟོག་པས་མི་མང་ཁྲོད་དྲག་པོའི་བྱེད་ཐབས་བཀོལ་ནས་ཞི་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་དང་། མི་ཁ་ཤས་རང་ཤི་དང་མི་གྲངས་མང་པོར་རྨས་སྐྱོན་སོགས་བཟོས་ཡོད་ན་ཡང་། ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་ཧོང་ཀོང་ནང་མི་གྲངས་ས་ཡ་ ༢།༩༤ ལྷག་གིས་གྲོང་སྡེ་ལྷན་ཚོགས་འཐུས་མིའི་འོས་བསྡུ་བྱས་ཏེ། དམངས་གཙོ་དོན་གཉེར་གྱི་སྲིད་དོན་ཚོགས་པ་ཁག་ལ་ཞབས་བཀྱག་ ༣༤༧ ཐོབ་སྟེ་རྒྱལ་ཁ་ཆེན་པོ་བླངས་ཡོད་པ་མ་ཟད། ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་དངོས་སུ་ཁྲིམས་ཡིག་ཏུ་གཏན་འབེབ་བྱུང་ཡོད་པ་དང་། ད་ལྟའི་ཆར་མི་མང་གི་གཞི་རྒྱ་ཆེ་བའི་ཞི་རྒོལ་ཅུང་ཙམ་འཇགས་ཡོད་ན་ཡང་། ད་དུང་མི་མང་གི་རེ་འདུན་ལྔ་ལ་ངོས་ལེན་མ་བྱས་བར། ངོ་རྒོལ་ལས་འགུལ་ཆུང་ཆུང་རིགས་དུས་ངེས་མེད་དུ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

ལོ་ངོ་ ༨༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ཡེ་ཤུ་ལྷ་ཁང་ལ་མེ་སྐྱོན།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༥ ཉིན་ཧྥ་རན་སིའི་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་གྱི་ཐོག ཡུལ་དེའི་རྒྱལ་ས་ཕེ་རི་སི་རུ་ཡོད་པའི་ལོ་ངོ་ ༨༥༠  ལྷག་གི་ལོ་རྒྱུས་ལྡན་པའི་ཡེ་ཤུ་ནོ་ཊེ་རེ་ཌེམ་ལྷ་ཁང་ཆེན་མོར་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ལྷ་ཁང་གི་རྒྱ་ཕིབས་དང་རྩེ་རྒྱན་སོགས་མེར་ཚིག་ཡོད་ཀྱང་། མེ་གསོད་རུ་ཁག་གིས་ཆུ་ཚོད་ ༥ རིང་མེ་བསད་དེ་ལྷ་ཁང་གི་ལྷོ་བྱང་ལྕོག་མཁར་གཉིས་དང་། ཡེ་ཤུའི་སྟོན་པ་ཇེ་སི་སི་ཡི་མཚེར་མའི་དབུ་རྒྱན་(Crown of thorns)སོགས་རིག་དངོས་མང་པོ་ཞིག་སྐྱོབ་ཐུབ་ཡོད། འོན་ཀྱང་ལྷ་ཁང་ལ་མེ་སྐྱོན་བྱུང་བའི་རྒྱུ་མཚན་ཞིག་གསོའི་ལས་གཞི་ཞིག་འགྲོ་མུས་ཡིན་པར་བརྟེན། དེ་ལས་མེ་སྐྱོན་བྱུང་ཡོད་པའི་ཚོད་དཔག་བྱས་ཡོད་ཀྱང་ཁ་གསལ་ཞིག་ཤེས་མེད་པ་དང་། སྲིད་འཛིན་མེ་ཁེ་རོན་ལགས་ཀྱིས་ཉིན་དེའི་མགོ་འཛུགས་ཀྱིས་རྒྱལ་ཁབ་ཕྱི་ནང་གཉིས་ཀའི་མི་སྣ་འཇོན་ནུས་ཅན་རྣམས་ཀྱིས་ལྷ་ཁང་ཆེན་མོ་འདི་བསྐྱར་བསྐྲུན་བྱེད་པར་རེ་བ་རྒྱག་རྒྱུ་ཡིན་སྐོར་བསྒྲགས།

ཨ་རིས་འཇིགས་སྐུལ་ཚོགས་པའི་གཏེ་བོ་བསད།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༧ ཉིན། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་བརྙན་འཕྲིན་བརྒྱུད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ཚེས་ ༢༦ ཉིན་ཨ་རིའི་དམག་གིས་གློ་བུར་དུ་སི་རི་ཡའི་ནུབ་བྱང་མཚམས་སུ་དཔུང་འཇུག་བྱས་ཏེ། ཨི་རག་དང་སི་རི་ཡའི་མཉམ་འབྲེལ་ཚོགས་པ་(ISIS)ཞེས་པའི་ཁ་ཆེའི་དྲག་སྤྱོད་པའི་གཏེ་བོ་ཨ་བྷུ་བྷ་ཁར་ཨལ་བྷ་གྷ་ཌི་(Abu Bakr al-Baghdadi)དམར་གསོད་གཏོང་བའི་གསང་བའི་འགུལ་སྐྱོད་བྱས་ཏེ། ཨལ་བྷ་གྷ་ཌི་དང་བྱིས་པ་གསུམ་ལྷན་དུ་རང་སྲོག་བཅད་ཡོད་སྐོར་བསྒྲགས།  ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་ཚོགས་པ་ (ISIS) ཞེས་པའི་ཁ་ཆེ་དྲག་སྤྱོད་ཚོགས་པས། ཨ་བྷུ་ཨི་བྷ་ར་ཧིམ་ཨལ་ཧཱ་ཤི་མི་ཨལ་ཁུ་ར་ཤི་ (Abu Ibrahim al-Hashimi al-Qurayshi) ཟེར་བ་ཞིག་ཚོགས་པ་དེའི་མགོ་འཁྲིད་ལ་གསར་དུ་བསྐོ་བཞག་བྱས་ཡོད་པ་དང་། མ་འོངས་པར་ཨ་རིར་དགྲ་ཤ་ལེན་རྒྱུ་ཡིན་སྐོར་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཡུ་རོབ་རང་དབང་གཟེངས་རྟགས་ཕུལ།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༨ ཉིན།  ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རང་དབང་གཟེངས་རྟགས་(Sakharov Prize)ཞེས་པ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཡུ་གུར་རྩོམ་པ་པོ་དང་། རྒྱ་ནག་པེ་ཅིན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་གཞོན་པ་ཟུར་པ་སྐུ་ཞབས་ཨེ་ཧམ་ཊོ་ཊི (Ilham Tohti)ལགས་སུ་ཕུལ་ཡོད་པ་དང་། མཛད་སྒོའི་སྟེང་སྐུ་ཞབས་ཨེ་ཧམ་ཊོ་ཊི་ལགས་ཀྱི་བུ་མོ་ཇི་ཧར་ཨེ་ཧམ་(Jewher Ilham)ལགས་ཀྱིས་གཟེངས་རྟགས་བཞེས་གནང་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱིས་ཨེ་ཧམ་ཊོ་ཊི་ལགས་ནི་སྙིང་སྟོབས་ཞིམ་པ་མེད་པའི་ཐོག་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་བསྔགས་བརྗོད་གནང་ཡོད་པ་རེད། སྐུ་ཞབས་ཨེལ་ཧམ་ཊེ་ཧ་ཊེ་ལགས་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན་པ་དང་། ཁོང་ནི་ཡུ་གུར་བ་དང་རྒྱ་ནག་ཧན་མི་རིགས་གཉིས་ཕན་ཚུན་མཐུན་འགྲིག་དང་ཞི་བདེ་མཉམ་གནས་བྱེད་དགོས་པའི་ལྟ་ཚུལ་འདོན་མཁན་ཞིག་ཡིན་ནའང་། རྒྱ་གཞུང་ནས་ཁོང་གིས་ཁྲིམས་འགལ་ཚོགས་པ་དང་དྲ་ཚིགས་སོགས་བཙུགས་ཏེ་ཡུ་གུར་གྲངས་ཉུང་མི་རིགས་མེས་རྒྱལ་ནས་ཁ་བྲལ་གཏོང་མཁན་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པའི་སྐྱོན་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༡༤ ཟླ་ ༩ པའི་ནང་ཤིན་ཅང་ཡུ་རུམ་ཆེ་ (Urumqi) གྲོང་ཁྱེར་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཇ་མུ་ཀཱ་ཤི་མིར་རང་སྐྱོང་ཕྱིར་བསྡུ་དང་ལ་དྭགས་ཐད་སྐྱོང་།

ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་རྩ་ཁྲིམས་དོན་ཚན་ ༣༧༠ རྩིས་མེད་བཏང་སྟེ། ཇ་མུ་ཀཱ་ཤི་མིར་མངའ་སྡེ་དེ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ཁུལ་(Union Territory)གཉིས་སུ་དབྱེ་རྒྱུའི་ཁྲིམས་འཆར་བཏོན་པ་དང་། དེ་ནི་ཇ་མ་ཀཱ་ཤི་མིར་དབུས་གཞུང་གི་ཐད་སྐྱོང་ཁུལ་ནང་ཧིན་རྡུའི་མི་འབོར་མང་བའི་ཇ་མུ་ཁུལ་ཚུད་པ་དང་། ཁྲིམས་བཟོ་ལྷན་ཚོགས་ལྡན་པའི་ས་ཁུལ་ཞིག་ཏུ་བསྒྱུར་བ་མ་ཟད།  ནང་པའི་མི་འབོར་མང་བའི་ལ་དྭགས་ཁུལ་དེ་ཁྲིམས་བཟོ་ལྷན་ཁང་མེད་པའི་དབུས་ཀྱི་ཐད་སྐྱོང་ཁུལ་ཞིག་ཏུ་བཅོས་ཏེ། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ནས་དངོས་སུ་ཁྲིམས་ཡིག་ལག་བསྟར་བྱས་ཡོད་ན་ཡང་། ཀཱ་ཤི་མིར་ཁུལ་དུ་ཁྲིམས་འཆར་དེ་ལ་བརྟེན་ནས་ངོ་རྒོལ་ཤུགས་ཆེར་བྱུང་བ་མ་ཟད། རྒྱ་གར་གཞུང་གིས་ཀཱ་ཤི་མིར་ནང་དུ་ཉིན་གྲངས་མང་པོར་དྲ་རྒྱའི་སྐུད་ལམ་བཀག་པ་དང་། ངོ་རྒོལ་བྱེད་པར་དོགས་ནས་མི་གྲངས་ ༨༠༠ ལྷག་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་པ་ཀི་སི་ཐན་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་གར་གཞུང་གི་བྱེད་བབ་དེ་ནོར་འཁུར་ཡིན་པའི་སྐྱོན་བརྗོད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་གནད་དོན་དེ་དང་འབྲེལ་ནས་ཀཱ་ཤི་མིར་སྐོར་ནས་ནང་མོལ་ཚོགས་འདུ་ཚོགས་པ་སོགས་བྱས་ཡོད་པ་རེད།

གྷུ་གྷལ་གྱི་ལས་གཞིར་ངོ་རྒོལ་དང་མཚམས་འཇོག

འདས་ལོར་གྷུ་གྷལ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་ལ་སྟབས་བསྟུན་གྱིས་འབུ་བླ་མ་མ་ཎིའི་འཚོལ་བཤེར་མ་ལག་ཟེར་བ་ཞིག་བཟོས་ཏེ། བོད་པ་གཙོས་པའི་ཡུ་གུར་བ་དང་རྒྱ་རིགས་སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་དང་། རང་དབང་རྩོད་ལེན་སོགས་ཀྱི་གནས་ཚུལ་ཆ་ཚང་བཀག་སྡོམ་བྱེད་འཆར་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་གིས་ལས་གཞི་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་བསྟུད་མ་སྤེལ་རྗེས། ཟླ་ ༧ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་འཛིན་ལྷན་ཚོགས་ཀྱི་རྩ་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་གྷུ་གྷལ་བཟོ་ཚོང་གི་ལས་དོན་བྱེད་ཕྱོགས་ཐད་ཉན་ཞིབ་ཚོགས་ཡོད་པ་དང་། སྐབས་དེར་གྷུ་གྷལ་བཟོ་ཚོང་ཁང་གི་གཞུང་དོན་དང་སྤྱི་དམངས་སྲིད་བྱུས་ཚན་པའི་འགན་འཛིན་གཞོན་པ་ཀཱ་རན་བྷ་ཏི་ཡ་(Karan Bhatia)ཡིས། གྷུ་གྷལ་གྱིས་རྒྱ་ནག་ནང་འབུ་བླ་མ་མ་ཎིའི་འཚོལ་བཤེར་མ་ལག་བཟོ་རྒྱུའི་ལས་གཞི་དེ་མཚམས་འཇོག་བྱས་ཡོད་པ་མ་ཟད། འབྱུང་འགྱུར་རྒྱ་ནག་ནང་འཚོལ་བཤེར་མ་ལག་བཟོ་རྒྱུའི་འཆར་གཞི་མེད་སྐོར་བསྒྲགས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་ཕུ་གནས་དབྱུང་ཉེས་འཛུགས།

ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཆུ་ཚོད་ ༦ རིང་སྲིད་འཛིན་ཊོམ་ཕུ་གནས་དབྱུང་གཏོང་མིན་ཐད་ཉེས་འཛུགས་བྱེད་རྒྱུའི་བགྲོ་གླེང་བྱས་ཏེ། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་འཛུགས་དང་པོ་དེར་འཐུས་མི་ ༢༣༠ དང་། གྲོས་ཚོགས་ཀྱི་བྱ་རིམ་ལ་འགལ་རྐྱེན་བཟོས་པའི་ཉེས་འཛུགས་གཉིས་པར་འཐུས་མི་ ༢༢༩ ཡིས་རྒྱབ་སྐྱོར་བྱས་ཏེ་ཉེས་འཛུགས་དོན་ཚན་གཉིས་ཀར་མང་མོས་རྒྱབ་སྐྱོར་ཐོབ་པར་བརྟེན། ཨ་རིའི་ལོ་རྒྱུས་ཁྲོད་གྲོས་ཚོགས་འོག་མས་སྲིད་འཛིན་ཞིག་ལ་ཉེས་འཛུགས་བྱེད་ཐེངས་གསུམ་པ་གྲུབ་སྟེ། ཊོམ་ཕུ་སྲིད་འཛིན་གྱི་གོ་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐོག་མའི་བརྒྱུད་རིམ་ཚར་ཡོད་པ་དང་། ཊོམ་ཕུར་ཉེས་འཛུགས་བྱེད་དོན་གཙོ་བོ་ནི་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་འབྲེལ་བ་ཡོད་པ་ཞིག་ཡིན་པར་གྲགས།

ཨ་རྒྱ་གཉིས་ཀྱི་ཚོང་དམག

འདས་ལོའི་ཕྱི་ཟླ་ ༡ ནས་མགོ་འཛུགས་ཀྱིས། འཛམ་གླིང་གི་ཆེས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བའི་ཨ་རྒྱ་གཉིས་དབར་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་འབྲེལ་འཐབ་འཁྲུག་བྱུང་སྟེ། ཕྱི་ལོ་ ༢༠༡༩ ལོ་འཁོར་མོ་ཡུག་ལ་ཨ་རྒྱ་གཉིས་ཀྱི་ཚོང་དམག་མུ་མཐུད་བརྒྱབ་ཡོད་པ་མ་ཟད། འདི་ལོའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དང་། རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སོགས་ཀྱི་ཐོག་ཨ་རྒྱ་གཉིས་ནས་ཚོང་འཐབ་ཞི་འགྲིག་ཡོང་ཐབས་བྱས་ཡོད་ཀྱང་། ཕྱི་ཟླ་ ༡༠ ནང་ཨ་རིས་ཁྱོན་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༣༦༢ ཀྱི་ཐོན་རྫས་ཐོག་ཁྲལ་སྤར་སྣོན་བྱས་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཨ་རིའི་དཔྱ་ཁྲལ་སྤར་སྣོན་གྱི་གནོན་ཤུགས་འོག རྒྱ་སྒོར་གྱི་འཛའ་མར་བཅག་པ་སོགས་བྱས་པ་མ་ཟད། ཨ་སྒོར་ཐེར་འབུམ་ ༧༥ ཨ་རིའི་དངོས་ཟོག་ཐོག་དཔྱ་ཁྲལ་སྤར་སྣོན་བྱས། ད་ལྟ་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་གྱི་དངོས་ཟོག་ཐོག་དཔྱ་ཁྲལ་སྤར་སྣོན་བྱས་པའི་ཚད་གཞི་དེ་བརྒྱ་ཆ་ ༥ ནས་ ༢༥ བར་བསླེབས་ཡོད་པ་དང་། ཕྱོགས་གཉིས་ཀྱི་བཟོ་གྲ་ཁག་གཙོས་པའི་མི་མང་གི་དཔལ་འབྱོར་ལ་གྱོང་གུད་ཐེབས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༡༢ ནང་ཨ་རྒྱ་གཉིས་ནས་ཚོང་འབྲེལ་གྲོས་མོལ་ཡོང་བར་རེ་སྒུག་བྱས་ཡོད་ཀྱང་། ཟླ་ ༡༢ ཚེས་ ༡༤ ཉིན་ཨ་རིའི་ཕྱོགས་ནས་ཨ་རྒྱ་གཉིས་ཀྱི་ཚོང་དམག་གྲོས་མོལ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཚར་རྗེས་མ་གཏོགས་ཡོང་ཐབས་མེད་སྐོར་བསྒྲགས་པ་དང་། ཨ་རྒྱ་གཉིས་ཀྱི་ཚོང་དམག་དང་འབྲེལ་བའི་གནད་དོན་ཁག་ཉིན་རེ་བཞིན་འགྱུར་བ་ཐེབས་བཞིན་ཡོད་ན་ཡང་ཚོང་དམག་མུ་མཐུད་འགྲོ་བཞིན་ཡོད་པ་རེད།

རྒྱ་གར་དང་པ་ཀི་སི་ཐན་གྱི་གདོང་ཐུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་པཱ་ཀི་སི་ཐན་གྱི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་རྗེ་ཤི་ཨེ་མོ་ཧཱ་མཌ་(Jaish-e-mohammed )འཇིགས་སྐུལ་དྲག་སྤྱོད་པས་རྒྱ་གར་གྱི་ཉེན་རྟོག་དམག་མི་ཉུང་མཐར་ ༤༠ རྐྱེན་འདས་སུ་བཏང་བར་བརྟེན། ཟླ་དེའི་ཚེས་ ༢༦ ཉིན་རྒྱ་གར་མཁའ་དམག་གནམ་གྲུས་པཱ་ཀི་སི་ཐན་དང་རྒྱ་གར་གྱི་དམག་མཚམས་ས་ཐིག་(Line of Control)བརྒལ་ཏེ།  པཱ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཡོད་པའི་ཀ་ཤཱི་མིར་རྗེ་ཤི་ཨེ་མོ་ཧཱ་མཌ་འཇིགས་སྐུལ་དྲག་སྤྱོད་པའི་དམག་སྦྱོང་ལྟེ་གནས་ཆེ་ཤོས་བྷ་ལ་ཀོ་ཊི་(Balakot)རུ་མཁའ་ཐོག་འཇབ་རྒོལ་བྱས་ཏེ་འཁོན་ལན་བསློགས་ཡོད་པ་དང་། ཚེས་ ༢༧ ཉིན་པ་ཀི་སི་ཐན་གྱིས་རྒྱ་གར་ཁོངས་གཏོགས་ཇ་མུ་ཀཱ་ཤི་མིར་མཁའ་དམག་གནམ་གྲུས་འཇབ་རྒོལ་བྱས་པ་མ་ཟད། རྒྱ་གར་མཁའ་དམག་གནམ་གྲུ་ཞིག་ལ་མེ་མདའ་བརྒྱབས་ཏེ་གནམ་གྲུའི་ཁ་ལོ་བ་ཞིག་འཛིན་བཟུང་བྱས། ཉིན་ ༢ རྗེས་སུ་པ་ཀི་སི་ཐན་གྱིས་ཕྱོགས་གཉིས་དབར་ཞི་བདེ་ཡོང་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་དེ་ཀློད་གྲོལ་བཏང་ཡོད་ན་ཡང་། རྗེས་སུ་གནས་སྟངས་ཛ་དྲག་ཕྱིན་པས་ཕྱོགས་གཉིས་ཀྱིས་ཕན་ཚུན་རྡུལ་ཕྲན་མཚོན་ཆ་གཡུག་མིན་གྱི་མི་ཉེན་བརྡ་གཏོང་རེས་བྱས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་གཙོའི་རྒྱལ་ཁབ་ཁག་གིས་ཕྱོགས་གཉིས་ཀྱི་གནས་སྟངས་ཞི་འགྲིག་དང་། རྒྱ་གར་དང་པ་ཀི་སི་ཐན་གྱིས་མཉམ་འབྲེལ་ངང་འཇིགས་སྐུལ་རིང་ལུགས་པར་རྒོལ་དགོས་པའི་བར་འདུམ་བྱས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་ཤིན་ཅང་སྐོར་ལ་ཁྲིམས་འཆར་བཏོན།

ཕྱི་ཟླ་ ༡༢ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་མར་ཁོ་རོ་བྷེའོ་(Marco Rubio)ལགས་ཀྱིས། རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་གྱི་ཁ་ཆེ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་ངོས་འཛིན་འོག ཕྱི་ལོ་ ༢༠༡༩ ལོའི་ཡུ་གུར་ཁྲིམས་འཆར་(UIGHUR Act)ཞེས་པའི་གྲོས་འཆར་ཞིག་བཏོན་ཡོད་པ་དང་། གྲོས་འཆར་དེ་ལ་གྲོས་ཚོགས་འཐུས་མི་ཁྱོན་  ༤༠༧ ནས་གཅིག་མ་གཏོགས་གཞན་ཚང་མས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཁྲིམས་འཆར་དེའི་ནང་དུ། ཡུ་གུར་མི་མང་སྟོང་ཕྲག་མང་པོ་བཀག་སྐྱིལ་ཁང་དུ་བཙོན་འཇུག་ཉེས་ཆད་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོ་དང་། དམིགས་བཀར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་གོ་(Chen Quanguo)སོགས་ལ་ཁྲིམས་ཀྱི་ཉེས་ཆད་འགེལ་རྩིས་ཡོད་པ་མ་ཟད། ཨ་རི་ནས་ནང་འདྲེན་བྱས་པའི་ངོ་གདོང་ངོས་འཛིན་ཐུབ་པའི་ལྟ་ཞིབ་འཕྲུལ་རིགས་སོགས་རྒྱ་ནག་གཞུང་གིས་མི་སྒེར་གྱི་གནས་ཚུལ་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་། དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐོང་སོགས་རྡོག་རོལ་གཏོང་ཐབས་སུ་བེད་སྤྱོད་གཏོང་གི་ཡོད་པ་རྣམས་ཚོང་འདྲེན་མཚམས་འཇོག་བྱ་རྒྱུ་བྱས་ན་ཡང་། ཁྲིམས་འཆར་ཕྱི་ལོ་ ༢༠༢༠ ནང་དུ་དངོས་སུ་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་དང་ཁྲིམས་ཆགས་རྒྱུའི་རེ་བ་འཆང་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༠༡

Leave a Reply