ཕྱི་ལོ་ ༢༠༡༩ ལོའི་བཙན་བྱོལ་བོད་མིའི་གསར་འགྱུར་ཆེ་ཁག་བཅུ།

ཞི་བདེ་མཐུན་སྒྲིལ་གྱི་གཟེངས་རྟགས་གནང་།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ ཉིན། ཨ་རིའི་སྒྱུ་རྩལ་ཚོགས་པ་(Art 4 Peace)ཡིས་ཕྱི་ལོ་ ༢༠༡༩ ལོའི་ལོ་འཁོར་གཟེངས་རྟགས་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་ཞི་བདེ་དང་མཐུན་སྒྲིལ་གོང་སྤེལ་ཐོག་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་མིག་དཔེར་འོས་པ་ཞིག་ལ་ངོས་འཛིན་གནང་སྟེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གནང་ཡོད་པ་དང་། མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྒྱུ་རྩལ་ཚོགས་པ་དེར་བསྩལ་གནང་བའི་བཀའ་སློབ་ཅིག་སྒྲོག་སྦྱངས་གནང་བའི་ནང་། སྒྱུ་རྩལ་ཚོགས་པའི་གཟེངས་རྟགས་གོ་སྒྲིག་པ་ཡོངས་ནས་འཛམ་གླིང་ནང་ཞི་བདེ་གོང་མཐོར་གཏོང་བཞིན་པར་རྗེས་སུ་ཡི་རང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གཟེངས་རྟགས་ཕུལ་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་མ་ཟད། གཟེངས་རྟགས་དེ་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ནས་འབུལ་བཞེས་དང་འབྲེལ། བོད་མི་ཚོར་འདི་ལྟ་བུའི་གཟེངས་རྟགས་ཤིག་གནང་བ་དེ་དགའ་སྤོབས་དགོས་པ་ཞིག་ཡིན་པས། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གཟེངས་རྟགས་ངོས་བཞེས་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།

དགེ་བཤེས་མར་སྔགས་ཀྱི་ཕྱག་འཁྱེར་གནང་།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༩ ཉིན། བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ། གསང་སྔགས་ཀྱི་གཞུང་ལ་ཟུར་སྦྱོང་གནང་པའི་དགེ་བཤེས་མ་གྲངས་ ༢༡ ལ་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཐོན་པའི་ཕྱག་འཁྱེར་གནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཕྱི་ལོ་ ༢༠༡༢ ཆོས་བརྒྱུད་རིས་མེད་ཀྱི་བོད་པའི་བཙུན་མ་སྐབས་དང་པོའི་དགེ་བཤེས་མའི་རྒྱུགས་སྤྲོད་དང་། བཙུན་མ་ཚོར་དགེ་བཤེས་མའི་ཕྱག་འཁྱེར་འབུལ་རྒྱུ་ལམ་སྲོལ་གཏན་འབེབས་གནང་བ་ནས། ཕྱི་ལོ་ ༢༠༡༦ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག་ཐེངས་དང་པོའི་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་སོན་བྱུང་བའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་ཁྱེར་ཕུལ་ཡོད་པ་དང་། རིམ་གྱིས་དགེ་བཤེས་མ་ཚོས་གསང་སྔགས་གཞུང་ལ་སློབ་གཉེར་གྱིས་འདི་ལོར་ལོ་རྒྱུས་ཁྲོད་དགེ་བཤེས་མའི་སྔགས་ཀྱི་ཕྱག་འཁྱེར་ཐེངས་དང་ཕུལ་ཡོད་པ་རེད།

ལོ་ངོ་ ༦༠ རང་དབང་སྒེར་ལངས་དྲན་གསོ།

ཕྱི་ལོ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན། བོད་མིའི་སྒེར་ལངས་ཆེན་མོ་བྱུང་སྟེ་ལོ་ངོ་ཧྲིལ་པོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བྱེས་བཞུགས་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་ཡ་ང་བའི་ལོ་རྒྱུས་དེ་ལ་ཕྱིར་དྲན་དང་། མི་རབས་གསར་པའི་ཕྲག་ཏུ་བབ་པའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རིགས་རྒྱ་ཆེར་སྤེལ་བ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྣེ་ཁྲིད་འོག་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་མང་ཆེ་བར་བོད་མིའི་སུམ་བཅུའི་དུས་དྲན་གྱི་སྒེར་ལངས་ཉིན་མོ་སྲུང་གཙི་དང་། བོད་མིས་རང་དབང་སྒེར་ལངས་གནང་སྟེ་ལོ་འཁོར་ ༦༠ དང་། བོད་པ་ཚོ་སྐྱབས་བཅོལ་དུ་ཡོང་ནས་ལོ་ ༦༠ འཁོར་བའི་གསུམ་བཅུའི་སྒེར་ལངས་ཆེན་མོ་དྲན་གསོ་གཞི་རྒྱ་ཆེན་པོའི་ངང་བྱས་ཡོད་པ་རེད།

རྒྱལ་སྤྱིའི་ཙོང་ཁ་པའི་ལོ་སྲུང་གཙི།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༢ ཉིན། འཛམ་གླིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་རུ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་མཆོག་སྐུ་གཤེགས་ནས་ལོ་ངོ་ཧྲིལ་པོ་ ༦༠༠ འཁོར་བའི་དུས་དྲན་དང་བསྟུན་འདི་ལོ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་གཙི་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར། ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་གོང་ས་མཆོག་དབུ་བཞུགས་ཐོག་རྗེ་ཙོང་ཁ་པ་ཆེན་པོའི་གདན་ས་དང་རི་བོ་དགེ་ལྡན་པའི་མ་དགོན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ ༦༠༠ འཁོར་བའི་དགའ་ལྡན་ལྔ་མཆོད་ཆེན་མོ་སྲུང་གཙིའི་མཛད་སྒོ་ཚོགས་པ་དང་། ཉིན་གསུམ་རིང་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གནང་བ་མ་ཟད། བོད་ཕྱི་ནང་གཉིས་སུ་ཡོད་པའི་དགེ་ལུགས་པའི་དགོན་ཆེན་ཁག་ཏུ་རྗེ་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་གཙི་གཞི་རྒྱ་ཆེན་པོས་བྱས་ཡོད་པ་རེད།

ཞི་བདེའི་གྲོས་མོལ་སྐོར་སྐྱོད།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢ སྟེ་བོད་མིའི་དམངས་གཙོའི་དུས་ཆེན་ཉིན་མོ་དང་བསྟུན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་དབུ་འཁྲིད་དེ། ཡུ་རོབ་ཀྱི་རྒྱལ་ཁབ་སི་པན་གྱི་གྲོང་ཁྱེར་བྷར་སེ་ལོ་ནཱ་ནས་མགོ་བཙུགས་ཏེ་ཡུ་རོབ་ཀྱི་རྒྱལ་ཁབ་ ༣༠ ནང་བོད་དོན་དང་འབྲེལ་བའི་ཡུ་རོབ་ཞི་བདེའི་གྲོས་མོལ་སྐོར་སྐྱོད་གནང་ཡོད་པ་དང་། ཞི་བདེའི་སྐོར་སྐྱོད་སྐབས་རྒྱལ་ཁབ་ཁག་གི་མགོ་འཁྲིད་རྣམས་དང་། གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག རྒྱ་ནག་གཞུང་ཚབ་ཁང་ཁག་ཏུ་དངོས་སུ་བཅར་ཏེ། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་ཞུ་གཏུག་ཡི་གེ་ཕུལ་བ་སོགས་ཟླ་གཉིས་དང་ཉིན་ལྔ་ཡི་རིང་བོད་དོན་ཞུ་གཏུག་གིས། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ ཉིན་སུད་སིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་མདུན་དུ་ལེགས་པར་མཇུག་བསྡུས་ཡོད་པ་རེད།

གྲོས་ཚོགས་ཀྱི་ཐག་གཅོད་རྩིས་མེད་བཏང་།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ ཉིན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་བཞི་པར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་མཆོག་ཁ་སྐོང་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་སྟེ། ངོ་བཅར་སྤྱི་འཐུས་ ༤༣ ལས་ཚོགས་གཙོ་མཆོག་ནས་འོས་མ་བླུག་པ་དང་། འོས་ཤོག་སྟོང་པ་གཅིག་དང་རྩིས་མེད་གཉིས་ཕུད་རྒྱབ་སྐྱོར་མེད་མཁན་སྤྱི་འཐུས་ ༡༨ དང་།  སྤྱི་འཐུས་ ༢༡ ནས་རྒྱབ་སྐྱོར་ཐོབ་པ་བརྒྱུད་མང་མོས་ཐོག་བཀའ་བློན་དུ་འོས་བདམས་པའི་ཐག་གཅོད་གནང་ཡོད་ན་ཡང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐེངས་འདིའི་བཀའ་བློན་གྱི་འོས་བསྡུ་དེ། ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ཡོད་ཁོངས་ཀྱི་འོས་ཐོབ་གྲངས་ ༢༡ དེ་བརྒྱ་ཆ་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ (21×100÷43=48.84%)ལས་ལོན་མེད་པས། བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མཐུན་གྱི་མེད་པར་ངོས་འཛིན་ཐག་གཅོད་གནང་སྟེ་གཙང་མ་མ་ཆགས་བར་དུ་ངོས་བཞེས་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་རེད།

བཀའ་དྲིན་རྗེས་དྲན་དང་འཁྲུངས་སྐར་སྲུང་གཙི།

ཕྱི་ཟླ་ ༡ ཚེས་ ༢༤ ཉིན་བཞུགས་སྒར་དྷ་རམ་ས་ལར་བོད་གཞུང་མང་གཉིས་གཉིས་གཙོས་འཛམ་གླིང་ས་ཕྱོགས་གང་སར་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དཀའ་དྲིན་རྗེས་དྲན་དང་། པཎ་ཆེན་ཆུང་སྲིད་མཆོག་དགུང་གྲངས་ ༣༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་མགྱོགས་མྱུར་ཀློད་གྲོལ་གཏོང་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་གིས་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་མྱུར་དུ་ཀློད་གྲོལ་ཆེད་ས་གནས་ནས་ས་གནས་བར་སྦག་སྦག་དང་རྐང་འཁོར། ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་འདུ་ཁག་གི་སྟེང་ཆུང་སྲིད་རིན་པོ་ཆེ་ཀློད་གྲོལ་དགོས་པའི་ཞུ་གཏུག་སོགས་ཡང་དང་བསྐྱར་དུ་གནང་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཕྱི་ལོ་ ༢༠༡༩ ལོའི་སྙིང་སྟོབས་གཟེངས་རྟགས་དེ་༧པཎ་ཆེན་ཆུང་སྲིད་མཆོག་ལ་ཕུལ་ཡོད་པ་རེད།

དམིགས་བསལ་ཚོགས་ཆེན་ཚོགས།

ཕྱི་ཟླ་ ༡༠ ཚེས་ ༥ ཉིན། བོད་མིའི་སྒྲིག་འཛུགས་གངས་ཅན་སྐྱིད་གཤོངས་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་བཞིན། དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་ཚོགས་ཡོད་པ་དང་། དམིགས་བསལ་ཚོགས་ཆེན་སྟེང་བརྗོད་གཞི་ྋརྒྱལ་དབང་ྋསྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་གཉིས་ཀྱི་ཐོག་བཀའ་བསྡུར་གནང་བ་ལྟར། ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་སྐོར་གྱི་གྲོས་ཆོད་ ༤ དང་། ལྔ་དང་ལྔ་བཅུའི་ལས་འཆར་དང་འབྲེལ་བའི་ཚོགས་ཆུང་ཁག་གིས་ཕུལ་བའི་དགོངས་འཆར་རྣམས་ལག་བསྟར་བྱ་རྒྱུའི་གྲོས་ཆོད་སྤྱི་མོས་གཏན་འབེབ་གནང་ཡོད་པ་དང་། ཚོགས་ཞུགས་པ་ཡོངས་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཇུས་ངན་བཏོན་དང་འདོན་བཞིན་པ་དེེར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ཀྱི་བོད་ཐོག་ཁང་ཆེན་མོའི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་ཆོས་བརྒྱུད་ཁག་གི་བླ་ཆེན་ཁག་དང་དགོན་སྡེ་ཁག་གི་འཐུས་ཚབ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བླ་ཆེན་སོགས་ཚོགས་ཞུགས་པ་ ༡༡༧ མཉམ་འཛོམས་བྱུང་ཡོད་པ་དང་། ཆོགས་འདུའི་སྟེང་༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་སྐོར་གྱི་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་གྲོས་ཆོད་ ༣༢ བཅས་སྤྱི་མོས་གཏན་འབེབ་གནང་ཡོད་པ་དང་། སྐུའི་ཡང་སྲིད་སྐོར་གྱི་གྲོས་ཆོད་ནང་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་རང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད་བསྒྲགས་ཡོད་པ་རེད།

མ་ཉེས་ཁག་གཡོགས་ལ་བཟོད་གསོལ་ཞུས།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ ཉིན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ བ་ཞུ་སྦྱོར་མཁན་བྱང་ཨ་རིའི་དོན་གཅོད་ཟུར་བ་སྤེན་པ་ཚེ་རིང་དང་། རྩོད་ལན་པ་བཀའ་ཤག་སྲིད་སྐྱོང་བློ་བཟང་སེང་གེ་བརྒྱུད་པའི་ཁ་མཆུ་མ་ཉེས་ཁག་གཡོགས་ཀྱི་ཐོག་མའི་ཉན་ཞིབ་དངོས་སུ་དབུ་འཛུགས་ཀྱིས། ཕྱི་ཟླ་ ༨ ཚེས་ ༢༡ བར་གྱོད་ཡ་ཕྱོགས་གཉིས་ངོས་ནས་ཁ་མཆུའི་ནང་གཏན་འབེབས་བྱུང་བའི་དངོས་དོན་ ༧ དང་ཁྲིམས་དོན་ ༢ སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉན་ཞིབ་བྱས་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩོད་ལན་པ་བཀའ་ཤག་གིས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་བྱས་པའི་བཅད་ཁྲ་བཏང་བ་ལྟར། ཕྱི་ཟླ་ ༡༢ ཚེས་ ༢༧ བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་བོད་དབྱིན་དྲ་རྒྱའི་སྟེང་། བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་འཕོ་འགྱུར་དང་། དེའི་རྗེས་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེས་དོན་ཟུར་སྤེན་པ་ཚེ་རིང་ལ་མ་ཉེས་ཁག་གཡོགས་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བར་བཟོད་གསོལ་ཞུ་ཡི་ཡོད་ཅེས་སྤེལ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༠༣

Leave a Reply

5 thoughts on “ཕྱི་ལོ་ ༢༠༡༩ ལོའི་བཙན་བྱོལ་བོད་མིའི་གསར་འགྱུར་ཆེ་ཁག་བཅུ།

  1. གསར་ཁང་གི་་ལས་དཀའ་གསར་འགྱུར་གང་ཡིན་པ་དེ་གཞན་དབང་དུ་མ་སོང་བར་་སྤེལ་དགོས་པ་་གལ་ཆེན་པོ་རེད།