གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གནང་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་ཞེས་གསུངས་བ་བཞིན་སོ་སོའི་བདེ་སྡུག་གི་ཐུག་ས་དེ་སོ་སོའི་ལག་པ་ལ་ཐུག་ཡོད་པས་དེ་ལས་ཐར་རྒྱུ་ཡང་སོ་སོས་བྱེད་དགོས་སྐོར་གསུངས་སོང་།ཕྱི་ཟླ་ ༡ ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་ཆོས་རའི་ནང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་བལ་འབྲུག་གསུམ་གཙོས་པའི་འཛམ་གླིང་ཡུལ་གྲུ་ ༦༧ ཙམ་ནས་ཕེབས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མི་མང་ཁྲི་ ༢ དང་ཕྱེད་ཀ་ཙམ་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་གནང་སོང་བ་དང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་མཆོག་ནས་སངས་རྒྱས་པའི་ཆོས་དེས་བློ་སྦྱོང་སྟངས་སྐོར་ལ་ཤུགས་ཆེན་པོ་གསུང་གི་ཡོད་སྟབས། དེང་སང་ཆོས་དད་མེད་མཁན་ཚོས་ན་ལནྜའི་ཆོས་བརྒྱུད་ཀྱི་སེམས་ཁམས་རིག་པ་དང་ཚད་པ་རིག་པ། ཚད་རྡུལ་རིག་པ་ལྟ་བུའི་ལྟ་གྲུབ་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

དེ་ཡང་བཀའ་ཆོས་དངོས་གཞི་མགོ་མ་ཚུགས་སྔོན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་རི་ལ་གདུལ་བྱ་དབང་པོ་རྣོན་པོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་དོ་སྣང་ཆེན་པོ་ཡོད་མཁན་དེ་ཚོར་ཆེད་དུ་དམིགས་ནས་ཤེར་ཕྱིན་གྱི་མདོ་དེ་གསུངས་པ་རེད། ད་རེས་རྒྱ་རིགས་ཆོས་གྲོགས་ཚོས་རྒྱ་སྐད་དང་རྒྱ་གར་གྱི་སློབ་ཕྲུག་ཚོས་ལེགས་སྦྱར་གྱི་སྐད་ཐོག་ལ་ཤེས་རབ་སྙིང་པོ་སྐྱོར་བ་རེད། གང་ལྟར་རྒྱ་ནག་གིས་མཚོན་པའི་ཨེ་ཤ་ཡའི་ཡུལ་གྲུ་མང་པོ་ཞིག་གིས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་བཞིན་ཡོད་པ་རེད། དེར་བརྟེན་ཧ་ལམ་ཨེ་ཤ་ཡའི་ལུང་པ་ཡོངས་རྫོགས་ལ་སངས་རྒྱས་པའི་ཆོས་དེ་ཁྱབ་བསྡད་ཡོད་རེད། དེང་སང་ནུབ་ཕྱོགས་ཀྱི་ལུང་པ་དེ་དག་ནང་དུའང་། གཙོ་བོ་ཤེས་ཡོན་ཅན་དང་ཚན་རིག་པ་དེ་དག་གིས་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་ཞེ་དྲགས་ཟབ་ཅིང་བརླིང་པ་བཤད་ཡོང་དུས། ཆོས་ཕྱོགས་ཀྱི་སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མེད་པར། གང་ལྟར་ཤེས་བྱའི་རྣམ་གཞག་གཏན་ལ་འབབ་པར་ཚད་མ་རིག་པ་དང་། དེ་བཞིན་སྤྱིར་བཏང་འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཡོད་པ་དང་། དེ་དག་ལས་ཕལ་ཆེ་བ་འཇིག་རྟེན་བཀོད་པ་པོ་འདོད་མཁན་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་ལས། རང་གི་བློ་སྦྱོང་སྟངས་ཐད་ལ་དོ་སྣང་གང་ཡང་བྱེད་ཀྱི་མི་འདུག་གཱ། རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་ལུགས་ལ་བློ་སྦྱོང་སྟངས་གསུང་གི་ཡོད་རེད། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་དེས་བློ་སྦྱོང་སྟངས་སྐོར་ལ་ཤུགས་ཆེན་པོ་གསུང་གི་ཡོད་སྟབས། དེང་སང་སྤྱིར་ཆོས་དད་མེད་མཁན་ཚོས་ན་ལནྜའི་ཆོས་བརྒྱུད་ནང་སེམས་ཁམས་རིག་པ་དང་ཚད་པ་རིག་པ། དེ་ནས་ཚད་བརྡུལ་རིག་པ་ལྟ་བུའི་ལྟ་གྲུབ་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་སྟོན་པ་བཀའ་དྲིན་ཅན་དེ་བྱུང་ནས་ལོ་ ༢༥༠༠ ལས་ལྷག་ཆགས་ཡོད་པ་རེད། གང་ལྟར་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་འགའ་ཤས་ལ་ཏོག་ཙམ་ཐེ་ཚོམ་བྱེད་མཁན་དེ་ཚོའི་གྲས་ཀྱིས་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་དུས། རབས་ཉི་ཤུ་དང་ཉི་ཤུ་རྩ་གཅིག་པའི་ནང་ལ་ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་འཛམ་གླིང་ཤར་ནུབ་མང་པོའི་ནང་མང་དུ་འགྲོ་ཡི་ཡོད་པ་རེད། ད་རེས་འདིར་འཛོམས་བསྡད་པ་རྣམས་ཕ་མེས་ནས་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཆགས་བསྡད་ཡོད་པ་རེད། ང་རང་ཚོས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་མུ་མཐུད། འཛམ་བུ་འདིའི་སྒང་ལ་ཡོད་པའི་སྲོག་ཆགས་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད་དེ། འཕྲལ་སེལ་གྱི་མགོ་ལྔའི་ཤེས་པ་དང་འབྲེལ་བའི་རགས་པའི་བདེ་སྡུག་ཐོག་ཕྱིན་པ་མ་གཏོགས་མི་འདུག་ཨཱ། མི་ལ་ཀླད་པ་ཞིག་ཡོད་པ་རེད། དེས་བསམ་བློ་མང་པོ་བཏང་སྟེ། དཔེར་ན། ང་ཚོའི་འཛམ་གླིང་འདི་ལ་སྲོག་ཆགས་ཆགས་ནས་ལོ་དུང་ཕྱུར་ཁ་ཤས་ཕྱིན་པ་རེད་དེ། འགྱུར་བ་ཕྲན་བུ་ཕྲན་བུ་ཙམ་ལས་འགྱུར་བ་ཆེན་པོ་ཕྱིན་མེད་པ་རེད། འོན་ཀྱང་མིའི་སྲོག་ཆགས་ག་ལེར་ཡར་ཆགས་ཡོང་དུས། འགྱུར་བ་མང་པོ་ཞིག་མིའི་འགྲོ་བའི་ཐོག་ནས་ཡོང་གི་འདུག དེ་གང་ཡིན་ཟེར་ན། མིའི་ཀླད་པ་དེ་ག་ལེ་ག་ལེར་ཡར་རྒྱས་ཕྱིན་ཏེ། བསམ་བློ་མང་པོ་ཞིག་གཏོང་རྒྱུ་ཆགས་པ་རེད། དེ་འདྲ་ཡིན་དུས་མིའི་སྤྱི་ཚོགས་ནང་ལ་ཆོས་ཟེར་བ་ཞིག་བྱུང་བ་རེད། སྡུག་བསྔལ་དང་བདེ་བ་ཟེར་བ་དེར་བསམ་བློ་གཏོང་ཡོང་དུས། དཀའ་ངལ་འཕྲད་ནས་འུ་ཐུག་པའི་སྐབས་དེར་དཀོན་མཆོག་མཁྱེན་ཞེས་པ་ལབ་རྒྱུ་བྱུང་བ་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་སོ་སོ་འུ་ཐུག་པའི་སྐབས་དེར་སྐྱབས་བཅོལ་ས་ལྟ་བུའི་དཀོན་མཆོག་ཅིག་བཤད་ཀྱི་ཡོད་པ་རེད། དེ་ལྟར་དཀོན་མཆོག་ལ་སྐྱབས་སུ་མཆིས་ནས་བསླབ་བྱ་སྙིང་པོ་དེ་གང་རེད་ཟེར་ན། བརྩེ་བ་བྱེད་དགོས་ཀྱི་རེད་ཟེར་བ་དེ་རེད། དཔེ་ཡག་པོ་རེད། འཛམ་བུ་གླིང་འདིའི་སྒང་གི་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོའི་བསླབ་བྱ་གཙོ་བོ་དེ་བྱམས་བརྩེ་རེད་འདུག བྱམས་བརྩེ་སྒྲུབ་སྟངས་དེ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཡོད་རེད། དཀོན་མཆོག་དེ་བརྩེ་བའི་བདག་ཉིད་རེད། ང་རང་ཚོ་དེའི་སྲས་རེད། དེར་བརྟེན་ང་ཚོ་ཚང་མས་འཆམ་པོ་དང་སེམས་བཟང་པོ་བྱེད་དགོས་ཀྱི་ཡོད་པ་རེད་ཟེར་གྱི་ཡོད་པ་རེད། རྒྱ་གར་ནང་དུ་གྲངས་ཅན་ལྷ་མེད་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་ལུགས་དེ་དག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་དུ་སུ་ཞིག་མགོན་དུ་འགྱུར། །ཞེས་གསུངས་བ་ནང་བཞིན་སོ་སོའི་བདེ་སྡུག་གི་ཐུག་ས་དེ་སོ་སོའི་ལག་པ་ལ་ཐུག་ཡོད་སྟབས། སྡུག་བསྔལ་ལས་ཐར་རྒྱུ་དེ་ཡང་སོ་སོས་བྱེད་དགོས་པ་རེད། ཅེས་གསུངས་སོང་།

མཇུག་ཏུ་ཁོང་ཉིད་ཀྱིས། བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ གོང་ལ་ངའི་བསྟན་པ་དེ་བྱང་ནས་བྱང་དུ་དར་གྱི་རེད་ཅེས་གསུངས་ཡོད་པ་རེད། དེ་བདེན་པ་རེད། རྒྱ་གར་གྱི་བྱང་བོད་རེད། བོད་ཀྱི་བྱང་སོག་པོ་རེད། ངོས་ཀྱི་བསམ་བློའི་ནང་སངས་རྒྱས་པའི་ཆོས་དེ་ལྷོ་ནས་ལྷོ་ལ་དར་རྒྱུ་ཞིག་འཁོར་གྱི་ཡོད་པ་རེད། དེ་ལྟར་ཡོད་པའི་བཟོ་ལྟ་བུ་ཞིག་ཀྱང་འདུག བོད་ནས་ལྷོ་རྒྱ་གར་དང་ཧི་མ་ལ་ཡའི་རི་བརྒྱུད་ལ་དར་ཏེ། དེ་དག་གི་རྐྱེན་བྱས་ཏེ་འཛམ་གླིང་གི་ས་ཕྱོགས་མང་པོ་ལ་ཁྱབ་འགྲོ་བའི་བཟོ་འདུག གང་ལྟར་སེམས་མ་སྐྱིད་པ་ཡོད་ན་དངོས་པོ་ཡར་རྒྱས་ག་ཚོད་ཡོད་ན་ཡང་སྐྱིད་པ་གང་ཡང་མི་འདུག་ཨཱ། ད་ལྟ་དངོས་པོ་ཡར་རྒྱས་གཅིག་པུས་སེམས་ལ་ཆགས་སྡང་འཕེལ་རྒྱུ་མ་གཏོགས་མི་འདུག མ་སྐྱིད་པ་བཟོ་མཁན་དེ་ཆགས་སྡང་གཉིས་རེད། དེར་བརྟེན་རྒྱུ་དངོས་པོའི་འགྲོ་སོང་བཏང་ནས་ཆགས་སྡང་གཉིས་མེད་པར་བཟོ་ཐུབ་ཐབས་ཡོད་པ་མ་རེད། ཁབ་བརྒྱབ་པ་དང་སྨན་ལྟ་བུ་བཟའ་བ་དེས་ཁ་ཐུག་དེར་སེམས་འཁྲུག་བསྡད་པ་དེ་མར་འཇགས་ཐུབ་པ་ཡོང་གི་རེད་དེ། རྩ་བ་སེམས་ལ་འགུལ་སྐྱོད་གཏང་ཐུབ་རྒྱུ་ཁྱོན་ནས་ཡོད་པ་མ་རེད། རྒྱ་གར་འཕགས་པའི་ཡུལ་ལ་ལོ་ ༣༠༠༠ གོང་ནས་འཚེ་བ་མེད་པ་དང་སྙིང་རྗེ་ཟེར་བ་དེ་བྱུང་ཡོད་པ་རེད། འཚེ་བ་མེད་པ་ཟེར་བ་དེ་འཚེ་བ་མ་ཡོང་བར་ཤོག་ཟེར་གྱི་ཡོད་པ་མ་རེད། འཚེ་བ་ཡོང་བའི་རྐྱེན་དེ་ཞེ་སྡང་གིས་བྱེད་ཀྱི་ཡོད་སྟབས། སེམས་བཟང་པོ་བྱེད་རྒྱུ་ཞེས་པ་དེ་ཐོན་ཡོང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གྲུབ་མཚམས། དེར་བཅར་གྲྭ་བཙུན་རྣམས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་སོང་བ་དང་། གཞན་ཡང་མཛད་འཆར་ལྟར་ན། སང་ཉིན་ཕྱི་ཚེས་ ༣ ཉིན་༸གོང་ས་མཆོག་ནས་དུས་དབང་གསུང་ཆོས་ར་བའི་ནང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་འདས་ལོའི་འཇམ་དབྱངས་ཆོས་སྐོར་ལྷག་འཕྲོ་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། པ་སང་ས་ཚེ་རིང་གིས་ས་གནས་ནས།

བསྐྱར་བཅོས།: ༢༠༢༠/༠༡/༠༩

Leave a Reply