བོད་ཀྱི་གསོ་རིག་བདག་དབང་ལ་ཁ་ཡ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དངོས་མེད་ཤུལ་བཞག་རིག་གནས་ནང་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་ནག་གི་བོད་སྨན་ཞེས་བཅུག་པར་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཚོས་རྒྱ་གར་རྒྱལ་ས་ལྡི་ལི་རུ་དུས་ཡུན་ངེས་མེད་རིང་ངོ་རྒོལ་བྱེད་བཞིན་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༤༥ སྟེང་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་སྨན་རྩིས་ཁང་གི་ལས་དོན་གལ་ཆེན་དྲུག་ཅེས་པའི་ཐོག་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། གསལ་བསྒྲགས་སྐབས་ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཙོ་བོ་ལ་དྭགས་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་ནས་འབད་བརྩོན་དང་རྒྱ་གར་ཨ་ཡོ་ཤི་ནས་ཁ་ཡ་བྱེད་ཀྱི་ཡོད་པ་དེར་མཐའ་གཅིག་ཏུ་བློ་ཕམ་དང་ངོ་རྒོལ་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་སྤྱིའི་ཤེས་རིག་དང་ཚན་རིག  རིག་གཞུང་ལྷན་ཚོགས་ཀྱི་ཁོངས་(Intangible Cultural Heritage)སུ་བོད་སྨན་དེ་དངོས་མེད་ཤུལ་བཞག་རིག་གནས་ཀྱི་སྡེ་ཚན་ཁོངས་སུ་རྒྱ་ནག་གི་བོད་སྨན་ཞེས་བཞག་ཡོད་པར། དེ་རིང་ནས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་རུ་ཡོད་པའི་རྒྱལ་སྤྱིའི་(UNESCO)ལས་ཁུངས་མདུན་དུ་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཕྲུག་ཚོས་དུས་ཡུན་ངེས་མེད་རིང་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་སྐོར་བརྗོད་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་རྩིས་ཁང་གི་ལས་དོན་གལ་ཆེན་དྲུག་ཅེས་པའི་སྐོར་ལ་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་སོང་བའི་ནང་། སྦེང་ལོར་སྨན་རྩིས་ཁང་གི་མཐོ་སློབ་ཨར་པོའི་འཛུགས་སྐྲུན་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༤ ནས་བཟུང་ད་ལྟའི་མཐོ་སློབ་ཀྱི་དགེ་སློབ་ཚོ་ཁག་གཅིག་གནས་སྤོ་བྱ་རྒྱུ་ཡིན་པ་དང་། སྤྱིར་མཐོ་སློབ་ཀྱི་འཛུགས་སྐྲུན་དེ་གཞན་ལ་མིག་དཔེ་སྟོན་རྒྱུ་ཡིན་ཞེས་རྒྱ་གར་དབུས་གཞུང་ཨཱ་ཡུཥ་ལས་ཁུངས་དང༌། ཀར་ན་ཊག་མངའ་སྡེ་ཨཱ་ཡུཥ་ལས་ཁུངས་གཉིས་ནས་གསུངས་ཡོད་པས། དེ་ནི་མ་འོངས་འཛུགས་སྐྲུན་གྱི་ལས་གཞི་གཞན་ཐོག་ལ་དབུས་ས་གཉིས་ནས་རོགས་རམ་ཐོབ་རྒྱུར་དགེ་ཕན་ཡོང་རྒྱུ་དང་། སྦེང་ལོར་དུ་སྨན་རྩིས་དགེ་སློབ་ཡོངས་རྫོགས་དུས་གཅིག་དུ་སྤོར་མི་དགོས་པར་ ༢༠༢༠ ལོར་སློབ་སྤྱི་དང་སློབ་སྤྱི་གཞོན་པ་གཉིས། དགེ་རྒན་ལས་བྱེད་བཅས་གྲངས་ ༡༡ དང༌། སྐར་རྩིས་ཡན་ལག་གསར་འཛུགས་ཀྱི་ཆེད་དུ་ལས་བྱེད་ ༡༡། སྐབས་༨༢ ཀྱི་སྨན་སློབ་གྲངས་ ༢༥ དང༌། སྐབས་ ༢༣ གྱི་སྨན་སློབ་གྲངས་ ༢༤། སྐབས་ ༡༢ སྐར་རྩིས་སློབ་མ་གྲངས་ ༡༡ དང༌། སྐབས་ ༡༣ རྩིས་སློབ་གྲངས་ ༡༢ བཅས་ཁྱོན་བསྡོམས་མི་གྲངས ༩༤ སྤོ་བཞུད་བྱ་རྒྱུ་ཡིན་པ་དང་། དེ་བཞིན་དགེ་སློབ་གྲངས་ཚད་འདྲ་མཚུངས་ཤིག་བཞུགས་སྒར་དུ་མུ་མཐུད་གནས་རྒྱུ་ཡིན། ཞེས་བཀོད་འདུག

ཡིག་ཆའི་ནང་མུ་མཐུད་། སྐར་རྩིས་སྡེ་ཚན་ཁོངས་སྐོར་བསྐྱོད་དང་རྒྱ་སྐྱེད་སྡེ་ཚན་(Outreach and Development)ཞེས་པ་གསར་འཛུགས་བྱ་རྒྱུ་ཡིན་པ་དང་། བོད་ཀྱི་སྐར་རྩིས་རིག་པ་ནི་བོད་ཀྱི་མཐུན་མོང་མ་ཡིན་པའི་རིག་གནས་ཞིག་ཡིན་ཞིང་རྒྱལ་སྤྱིའི་ནང་དོན་སྣང་ཇེ་ཆེར་འགྲོ་བཞཱིན་པའི་མྱུར་ཚད་དེ་ལ་དགའ་སྤོབས་སྐྱེ་འོས་པའི་གནས་སྟངས་ཤིག་ཡིན། དེ་ནི་གསལ་བསྒྲགས་ཙམ་དུ་མ་ལྷག་པར་སྐར་རྩིས་ཁོངས་ལས་དོན་བྱེད་ཕྱོགས་ཐོག་རང་དབང་གང་འཚམ་ཡོད་པའི་སྡེ་ཚན་གསར་འཛུགས་ཞུས་ནས་བོད་ཀྱི་དཀར་ནག་དབྱངས་གསུམ་གྱི་རིག་གནས་འདི་བོད་པའི་ནང་འགྲོ་རྒྱུགས་བརྒྱ་ཆ་ ༡༠ དང་། དེ་འཕྲོས་བརྒྱ་ཆ་ ༩༠ རྒྱ་རིགས་དང་། རྒྱ་གར། ཕྱི་རྒྱལ་བ་སོགས་ལ་ཡིན་པར་དེའི་ཕྱོགས་སུ་ནུས་ཤུགས་སྤུང་དགོས་པར་བརྟེན་སྐོར་བསྐྱོད་དང་རྒྱ་སྐྱེད་སྡེ་ཚན་གསར་བ་ཞིག་འཛུགས་རྒྱུར། དེའི་འགན་འཛིན་དུ་སྐར་རྩིས་དགེ་རྒན་བློ་ལྡན་ལགས་བསྐོས་པ་ཡིན་ལ། སྡེ་ཚན་འདི་ནས་རྒྱལ་སྤྱིའི་ནང་བོད་ཀྱི་སྐར་རྩིས་རིག་པ་ཁྱབ་སྤེལ་ཙམ་མ་ཡིན་པར་སྨན་རྩིས་ཁང་ལ་འདུ་འགོད་གཟེངས་སུ་ཐོན་པ་ཡོང་རྒྱུའི་དམིགས་ཚད་བཟུང་གི་ཡོད། ཅེས་བཀོད་འདུག

སྨན་རྩིས་ཁང་ནས་སྨན་པ་བསྟེན་གཏུགས་མི་དགོས་པར་ནད་པར་སྨན་སྦྱིན་བྱེད་ཕྱོགས་སྐོར་ལ་ཡིག་ཆའི་ནང་། རྒྱལ་དབང་༧སྐུ་ཕྲེང་བཞི་པ་ཆེན་པོ་མཆོག་ནས་དུས་ནས་དུས་སུ་བཀའ་སློབ་ཕེབས་ཀྱི་ཡོད་སྟབས། ད་ཡོད་ཀྱི་སྨན་ཁོངས་དང་སྨན་གསར་བཟོ་བྱེད་བཞིན་པ་རྣམས་སྨན་ཁང་དུ་ནད་པར་སྤྲོད་རྒྱུ་ཙམ་མིན་པ་རྒྱལ་སྤྱིའི་ནང་ལེ་སྒྱུར་བྱ་རྒྱུར་སྡེ་ཚན་(OTC Department)ཞིག་གསར་འཛུགས་དང་འབྲེལ་། སྡེ་ཚན་དེའི་འགན་འཛིན་དུ་ཉམས་ཞིབ་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས་བསྐོས་པ་ཡིན། ད་ལྟའི་ཆར་རིན་ཆེན་རིལ་བུ་ཁག་བརྒྱད་དང་། ཟླ་འོད་མཆིན་བཅུད་ཆེན་མོ། འཕྲུལ་ཐང་། སྨན་གཅིག སྨན་གཉིས། སྨན་གསུམ་སོགས་སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་ཁོངས་སུ་ཡོད་གཤིས། སྨན་སྦྱོར་ཐོག་ཉམས་མྱོང་རྒྱ་ཆེན་ཡོད་པ་སྨན་པ་དྲུག་ལ་སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་གཏན་འབེབས་བྱེད་ཕྱོགས་ཐོག་དགོངས་ཚུལ་བསྡུ་རུབ་ཞུས་ཡོད་པ་མ་ཟད། སྨན་རྒྱུ་འབེལ་པོ་མཁོ་སྒྲུབ་བྱ་རྒྱུ་ཡོད་པ་གཞི་རྩར་བཟུང་སྟེ་ད་ལྟའི་ཆར་སྨན་ ༧ ( རྒུན་འབྲུམ་བདུན་པ། ཞེ་བྱེད་དྲུག་པ། སླེ་ཏྲེས་ལྔ་ཐང་། ཨར་ཀླུ། དབྱངས་ཅན་རིལ་བུ། གསེར་མདོག ༥ པ། གུར་གུམ ༡༣། བཅས་གཏན་འབེབས་བྱས་ཡོད། སྡེ་ཚན་གྱི་འགན་འཛིན་དང་ལས་དྲུང་ལ་འགན་འཛིན་ནས་དུས་ནས་དུས་སུ་ལམ་སྟོན་བྱ་རྒྱུ་ཡིན། ཞེས་བཀོད་འདུག

ཡང་སྨན་རྩིས་ཁང་གི་སྨན་སློབ་སྐབས་ ༡༩ བ་ཚོར་འབོད་སྐུལ་དང་མཉམ་འབྲེལ་སྨན་ཁང་འཛིན་ཆོག་པའི་གོ་སྐབས་ཡོད་སྐོར་ལ། སྨན་རྩིས་ཁང་དང་། སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་སོགས་མཉམ་དུ་ཟུང་འབྲེལ་ལས་གཞིའི་སྐོར་ལོ་གཉིས་གོང་སྨན་སློབ་སྐབས་ ༡༦ ཐོན་སྐབས་འགན་འཛིན་གྱི་དགོངས་འཆར་ཞིག་བཏོན་པ་དེའི་ནང་སྨན་རྩིས་ཁང་དང་། སྒེར་པ་མཉམ་འཛིན་གྱི་ལས་གཞི་ཞིག་ཁྱབ་བསྒྲགས་ཞུས་ཡོད་ཀྱང་། སྐབས་དེར་སྨན་པ་ཐོན་པ་ཡོངས་རྫོགས་སྨན་རྩིས་ཁང་གི་ལས་ཀ་ཡོད་སྟབས་ལས་གཞི་དེར་དོ་སྣང་བྱེད་མཁན་མ་བྱུང་བ་དང་། སྐབས་ ༡༧ སྨན་སློབ་ཁོངས་ནས་སྨན་པ་དྲག་གྲས་ཤིག་གིས་དོ་སྣང་བྱུང་ཡང་ཆ་རྐྱེན་མ་འདང་བས་ལས་འགུལ་རྩོམ་ཐུབ་མེད། སྐབས་ ༡༨ ཁོངས་སྨན་པ་པ་སངས་རྡོ་རྗེ་ལགས་དང་། ཁོང་གི་ཕྱག་རོགས་ཉི་མ་ཞུ་བ་གཉིས་ནས་ལས་གཞི་དེར་དོ་སྣང་གནང་དོན་ལྟར་རྩ་འཛིན་ཡིག་ཆ་ལྟར་སྨན་རྩིས་ཁང་གི་བརྒྱ་ཆ་ ༥༡ ཡོད་པའི་ཐོག་ལས་འགུལ་བརྩམ་རྒྱུ་ཡིན་པ་སྨན་པ་པ་སངས་རྡོ་རྗེ་ལགས་ནས་ལྡི་ལི་ཉེ་འགྲམ་(Ghaziabad)དུ་སྨན་ཁང་གསར་འཛུགས་ཀྱིས་ཐབས་ལམ་སྟོན་འདུག་པ་རིང་མིན་ཚེས་བཟང་དང་བསྟུན་སྒོ་འབྱེད་བྱ་རྒྱུ་ཡིན། སྨན་རྩིས་ཁང་མ་འོངས་ཕྱོགས་གང་སར་རྒྱ་སྐྱེད་འགྲོ་ངེས་པར་བརྟེན། སྨན་རྩིས་ཁང་ནས་ཐོན་པའི་སྨན་པ་དང་སྐར་རྩིས་པ་ཚོས་ཟུང་འབྲེལ་(Principal Partner)དང་བོད་རིགས་ཁ་ཤས་མཉམ་འབྲེལ་(Joint Venture Clinic)ཐོག་འཛིན་རྒྱུར་གང་ཅིའི་དགེ་ཕན་མཐོང་བས་སྐབས་ ༡༩ ཁོངས་ནས་སྨན་པ་རེ་ཟུང་ནས་སྨན་པ་པ་སངས་རྡོ་རྗེ་ལགས་དང་འདྲ་མཚུངས་བྱེད་ཐུབ་པའི་རེ་བ་ཞུ་ཡི་ཡོད། ཅེས་བརྗོད་འདུག

མཇུག་ཏུ་བོད་ཀྱི་གསོ་བ་རིག་པའི་བདག་དབང་དེ་བོད་ཀྱི་སྨན་རྩིས་ཁང་རང་ལ་ཡོད་པའི་སྐོར་ལ་གསལ་བསྒྲགས་ནང་། བོད་ཀྱི་གསོ་བ་རིག་པ་དང་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཉིས་ཡོང་ཐབས་མེད་པ་ཞིག་རེད། མཁྱེན་གསལ་ལྟར་ལོ་མང་སྔོན་ལ་དྭགས་ཁུལ་ནས་ཨམ་ཅིའི་ལུགས་(Amchi System) ཞེས་པ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་ཐབས་ཞུས་པ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེ་ནས་ཀ་རུ་ན་བྱམས་བརྩེ་ཞེས་དེབ་སྐྱེལ་བྱེད་ཐབས་བྱས་པ། ཝ་ན་མཐོ་སློབ་ནས་(Tibetan Ayurved)ཞེས་དེབ་སྐྱེལ་འབད་བརྩོན་བྱས་པ། སྨན་རྩིས་ཁང་ནས་བོད་སྨན་ཞེས་དེབ་སྐྱེལ་བྱེད་རྒྱུའི་འབད་བརྩོན་བྱས་པའི་ཐོག་རྒྱ་གར་གཞུང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་མཐར་གསོ་བ་རིག་པ་ཞེས་པའི་ཐ་སྙད་འདིའི་ཐོག་གཏན་འབེབས་གནང་བ་འདི་ནི་གཙོ་བོ་སྨན་རྩིས་ཁང་ནས་དུས་ད་ལྟའི་བར་བྱེད་བཞིན་པའི་ལས་འགུལ་ལ་གོ་ན་ཆོག་པ་ཞིག་ཡིན། གསོ་བ་རིག་པ་ཞེས་ངོས་ལེན་གནང་བ་དེ་ཡང་སྨན་རྩིས་ཁང་གི་སློབ་འཁྲིད་དང་སྨན་སྦྱོར་ཁང་སྤྱན་ལྟར་ཞུས་ཏེ། ཚོགས་ཆུང་གི་ཚོགས་མི་རྣམས་ཡིད་རངས་པའི་གནས་ཚུལ་བྱུང་བ་ལས་གཞན་གང་ཡང་མེད། ད་ཆ་བོད་སྨན་ལ་གསོ་བ་རིག་ཞེས་པའི་ཐ་སྙད་ཡོད་མུས་ཀྱང་རྒྱལ་སྤྱིའི་ནང་མང་པོས་བོད་ཀྱི་གསོ་བ་རིག་པ་ཞེས་འབོད་ཀྱི་ཡོད་པས་དེ་ནི་འོས་ཤིང་འཚམ་པ་རེད། གསོ་བ་རིག་པ་དེ་བོད་པས་བདག་པོ་བརྒྱབས་པར་བརྟེན་བོད་སྨན་(Tibetan Medicine)འབོད་པའི་རྒྱུ་མཚན་དེ་ཡིན། ད་ཆ་བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་ལྟ་བུ་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཙོ་བོ་ལ་དྭགས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་ནས་འབད་བརྩོན་དང་རྒྱ་གར་ཨ་ཡོ་ཤི་(AYUSHནས་ཁ་ཡ་བྱེད་ཀྱི་ཡོད་དེར་མཐའ་གཅིག་ཏུ་བློ་ཕམ་དང་ངོ་རྒོལ་ཡོད། གལ་ཏེ་སྨན་རྩིས་ཁང་ནས་བྱེད་བཞིན་པ་དེ་བོད་ཀྱི་གསོ་བ་རིག་པ་དང་། སྨན་རྩིས་ཁང་གི་ལས་དོན་མ་ཡིན་པའི་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་པ་ཞིག་མཛུབ་སྟོན་བྱ་རྒྱུ་ཡོད་ན་དེ་ལྟར་གནང་དགོས་པ་ལས་དེ་མིན་ཁུངས་གཅིག་ལ་རོགས་རམ་རག་ཐབས་དང་། ཁུངས་གཅིག་ལ་རོགས་རམ་འགྲོ་མ་དགོས་པའི་འབད་བརྩོན་བྱེད་པ་སོགས་མི་འགྲིག སྨན་རྩིས་ཁང་འདི་རྩ་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁོངས་ཡིན་པ་སྨོན་མ་དགོས་གཤིས། འོན་ཀྱང་དགོས་དངུལ་སྒྲིག་འཛུགས་ནས་གནང་གི་མེད་པ་སྔོན་རྩིས་སོགས་ནས་མཁྱེན་ཐུབ། ཅེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༠༣

Leave a Reply

3 thoughts on “བོད་ཀྱི་གསོ་རིག་བདག་དབང་ལ་ཁ་ཡ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

  1. བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མ་ཡིན་སྟེ། རྒྱ་བོད་གཉིས་ཀྱི་ཐུན་མོང་བའི་རིག་གཞུང་ཡིན་པའི་ཕྱིར།
    རྒྱ་བོད་གཉིས་ཀྱི་ཐུན་མོང་བའི་རིག་གཞུང་ཡིན་སྟེ།
    བོད་ཀྱི་རིག་གཞུང་འདི་རྒྱ་གར་ནས་བྱུང་བ་ཡིན་པའི་ཕྱིར།

  2. སྨནཔ་བློ་བཟང་བསྟན་པ་

    གསོ་བ་རིག་པ་ཞེས་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་གྱི་གཞུང་རྒྱུད་བཞི་འདི་ཡིནའང་དེ་ལ་བོད་ཀྱི་གསོ་རིག་ཞེས་པ་གཅིག་དང་གཞན་ཧི་མ་ལ་ཡས་གསོ་རིག་ཞེས་དབྱེ་བ་གཉིས་ཡོང་མ་སྲིད་གལ་ཏེ་ཡོད་ན་ཁྱད་པར་སྟོན་དགོས་པ་ལས་གཞན་གསོ་བ་རིག་པ་ཞེས་པ་རྒྱ་གར་གཞུང་ནས་ཁས་བླངས་ཟིན་པ་འདི་བོད་ཀྱི་གསོ་རིག་གི་གཞུང་རྒྱུད་བཞི་མཁོ་ན་ལས་གཞན་མེན་ནའང་དཔལ་འབྱོར་གྱི་ཐོབ་ཐང་སྐབས་གོང་གསལ་ལྟར་དབྱེ་བ་གཉིས་གཅོད་ནས་འདྲ་མཉམ་གྱི་དཔལ་འབྱོར་མི་ཐོབ་པ་ནི་ཧ་ཅང་གི་བློ་ཕམ་གྱི་གནས་ཚུལ་ཞིག་རེ་བསམ་མོ།

  3. གཞུང་པ་ཚེ་དབང་བསོད་ནམས་

    སྔ་དུས་བོད་ཀྱི་གསོ་དཔྱད་རིག་པའི་གཞུང།
    གཡུ་ཐོག་མཁས་པས་རིག་པའི་གཞུང་ལུགས་བསྟན།
    ནད་ཀྱི་བཅིང་པའི་གྲངས་མང་ནད་པ་ལ།
    སུ་ཡིས་ཕན་ཀྱང་དཀར་པོ་དགེ་བའི་ལས།