འཆད་རྩོམ་གྱི་ཤེས་རབ་གལ་ཆེན་པོ་རེད་དེ་རྩོད་པའི་ཤེས་རབ་ཞེ་དྲགས་གལ་ཆེན་པོ་རེད།

༧གོང་ས་མཆོག་ནས་ནང་གི་མུན་པ་སེལ་ཐབས་ཡག་ཤོས་དེ་གཞུང་ཆེན་ལ་སློབ་གཉེར་བྱས་ཏེ་འགྲོ་བ་ཡིན་ན་ཤེས་རབ་ཆེ་གསལ་མྱུར་ཟབ་ཚང་མ་ཡོང་གི་ཡོད་པའི་བཟོ་ལྟ་བུ་འདུག་པས་ཞེ་དྲགས་གལ་ཆེན་པོ་རེད་ཅེས་བཀའ་བསྩལ།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་གནས་མཆོག་རྡོར་གདན་གྱི་དུས་དབང་གསུང་ཆོས་ར་བའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་རྒྱལ་ཁབ་༦༧ ནས་མི་གྲངས་༡༥༠༠༠ བརྒལ་བ་དང་། བོད་དང་ཧི་མ་ལ་ཡའི་རི་བརྒྱུད་པ། དེ་བཞིན་རྒྱ་གར་བ་སོགས་ཁྱོན་དད་ལྡན་དོན་གཉེར་ཅན་གྱི་སྐྱ་སེར་ཕོ་མོ་གྲངས་ ༣༥༠༠༠ ཡས་མས་ལ་འདས་ལོའི་འཇམ་དབྱངས་ཆོས་སྐོར་གྱི་འཕྲོ་ལས་འཇམ་དཔལ་ནང་སྒྲུབ་རྗེས་གནང་དང་། ནོར་ལྷ་སྒྲོལ་དཀར་གྱི་རྗེས་གནང་བསྩལ་སོང་བ་དང་། སྐབས་དེར་༧གོང་ས་མཆོག་ནས་བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་འདུན་པའི་ཤུགས་དང་། ཕྱོགས་དང་མཚམས་སུ་འཁོད་པའི་དད་ལྡན་མི་མང་ཚོས་བསམ་བློའི་འདུན་པ་རྩེ་གཅིག་པའི་ཐོག་ནས་དྲ་རྒྱ་བརྒྱུད་ནས་བཀའ་ཆོས་ལ་ཉན་པ་ཡིན་ན། དབང་དང་བྱིན་རླབས་འཐོབ་ངེས་ཡིན་པའི་བཀའ་སློབ་བཟང་པོ་བསྩལ་སོང་།

དེ་ཡང་བཀའ་ཆོས་དངོས་གཞི་མ་ཚུགས་གོང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཇམ་དབྱངས་ཆོས་སྐོར་དེ་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེ་ནས་མར་བརྒྱུད་བསྡད་པ་ཞིག་ཆགས་ཡོད་པ་རེད། ཁོང་ཆུང་ཆུང་སྐབས་སུ་ལུག་རྫི་བྱེད་སྐབས་འཇམ་དཔལ་དབྱངས་ཀྱི་སྐུ་ནག་པོ་ཞིག་མདུན་དུ་བཞུགས་བཞུགས་པ་ཞིག་བྱུང་བ་རེད། དེ་ནས་བཟུང་ནམ་སྟོད་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་མཇལ་བསྡད་པ་དེ་འདྲ་བྱུང་བ་ཡིན་པ་རེད། དབུ་མ་པ་དཔའ་བོ་རྡོ་རྗེ་ནས་བཟུང་སྟེ་འཇམ་དབྱངས་ཆོས་སྐོར་བྱུང་བ་རེད། ངོས་ཀྱིས་སྟག་བྲག་རིན་པོ་ཆེ་སྐུ་མདུན་ནས་ཞུས་པ་རེད། ད་གང་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་ཟེར་དུས་ང་རང་ཚོས་ནམ་རྒྱུན་དུ། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་སྒྲོན་མེའི་རབ་ཏུ་རྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་འཇིག་རྟེན་གསུམ་གྱི་མུལ་པ་སེལ་བ་ཟེར་དུས་ཕྱི་ལོགས་ཀྱི་མུན་པ་སེལ་རྒྱུའི་སྐད་ཆ་མ་རེད། ནང་གི་མ་རིག་པ་དང་དེས་བཞག་པའི་བག་ཆགས་ཤེས་སྒྲིབ་ཅན། དེ་ལྟ་བུའི་གང་ལྟར་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་མུན་པའི་ཚོགས་ཚང་མ་ཕར་སེལ་བར་བྱེད་མཁན་ལ་ཟེར། ད་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚོས་དད་པ་གཅིག་པུའི་ཐོག་ནས་སོང་ན་འགྲིག་གི་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཚོས་སོ་སོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ཏེ་སེམས་རྒྱུད་འདུལ་དགོས་པ་ཡིན། རིག་པས་དཔྱད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་དུས། ཤེས་རབ་དེ་ཞེ་དྲགས་གལ་ཆེན་པོ་རེད། དེ་ནས་ཤེས་རབ་ཆེ་བ། གསལ་བ། མྱུར་བ་དང་ཟབ་པ། ང་རང་ཚོ་འདིར་རྩོད་པ་རྩོད་མཁན་ཚོས་ལུང་ཙམ་ལ་བརྟེན་པ་མ་ཡིན་པར་དངོས་གནས་བསམ་བློ་ཡག་པོ་བཏང་བ་ཡིན་ན། ཕལ་ཆེར་ཤེས་རབ་ཆེ་བ། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་བཅས་ཚང་མ་དེའི་སྒང་ལ་སླེབས་སྡོད་ཀྱི་འདུག་ཨ། དེར་བརྟེན་ནང་གི་མུན་པ་སེལ་ཐབས་ཡག་ཤོས་དེ་གཞུང་ཆེན་ལ་སློབ་གཉེར་བྱས་ཏེ་འགྲོ་བ་ཡིན་ན་ཤེས་རབ་ཆེ་གསལ་མྱུར་ཟབ་ཚང་མ་ཡོང་གི་ཡོད་པའི་བཟོ་ལྟ་བུ་འདུག་ཨ། ཞེ་དྲགས་གལ་ཆེན་པོ་རེད། ཅེས་གསུངས།ཡང་རྩོད་པའི་ཤེས་རབ་གལ་ཆེན་ཡིན་སྐོར་ལ་༧གོང་ས་མཆོག་གིས། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཅན་གྱི་མཁན་སློབ་ཆོས་གསུམ་ལས། གཙོ་བོ་མཁན་ཆེན་ཞི་བ་འཚོས་ང་རང་ཚོ་ལ་ལམ་སྟོན་གནང་བ་ནང་བཞིན་ཚད་མ་རིག་པའི་ཐོག་ལ་འགྲོ་རྒྱུ་དེ། དེང་སང་འཛམ་གླིང་འདིའི་སྒང་ལ་ནང་པ་མང་པོ་ཡོད་རེད་དེ། ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་འགྲོ་མཁན་དེ་ཕལ་ཆེར་བོད་གཅིག་པུའི་ནང་མ་གཏོགས་ཡོད་པ་མ་རེད། བོད་དང་སྔ་མོ་ཡིན་ན་སོག་པོ་རེད། བར་སྐབས་སོག་པོ་ཉམས་ཚར་བ་རེད། ད་བོད་གཅིག་པུ་རེད། དེ་འདྲ་ཡིན་དུས་རང་ཉིད་ཀྱི་བློའི་མུན་པ་སེལ་རྒྱུ་དེ་ཡང་གཞུང་ཆེན་སྦྱངས། དེ་ནས་རྟགས་གསལ་བཏང་བའི་ཐོག་ནས་སྦྱོང་རྒྱུ་རེད། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་བ་དེ་འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་བྱེད་དགོས། འཆད་པའི་ཤེས་རབ་དང་རྩོམ་པའི་ཤེས་རབ་ཡག་པོ་ཡོད་ན་ཡང་། དཔྱད་པ་བྱས་ནས་ཡོང་དུས་ཞེ་དྲགས་མེད་པའི་བཟོ་ལྟ་བུ་ཡོད་པ་རེད། དེར་བརྟེན་འཆད་པའི་ཤེས་རབ་དང་རྩོམ་པའི་ཤེས་རབ་གལ་ཆེན་པོ་རེད་དེ། རྩོད་པའི་ཤེས་རབ་ཞེ་དྲགས་གལ་ཆེན་པོ་རེད། ཅེས་གསུངས་སོང་།ཐེངས་འདིའི་གསུང་ཆོས་རྒྱ་སྐད་དང་ཧིན་རྡུའི་སྐད། ཝི་ཊི་ནམ་གྱི་སྐད། ཨུ་རུ་སུའི་སྐད། ཀོ་རི་ཡའི་སྐད། ཉི་ཧོང་གི་སྐད། སི་པིན་གྱི་སྐད། ཨི་ཊ་ལི་ཡི་སྐད་བཅས་སྐད་རིགས་མི་འདྲ་བ་ ༨ ནང་གསུང་སྒྱུར་ཞུ་ཡི་ཡོད་པ་མ་ཟད། སྐད་རིགས་མི་འདྲ་བའི་ནང་ཐད་གཏོང་གནང་བཞིན་ཡོད་པས་༧གོང་ས་མཆོག་གིས། ངས་དབང་དང་རྗེས་གནང་བྱེད་པའི་སྐབས་ལ་དྲ་རྒྱའི་ནང་ནས་ཡུལ་ལུང་མང་པོ་ལ་འགྲོ་བསྡད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། དེ་རིང་འདི་ལ་ཡུལ་ལུང་འདྲ་མིན་ནས་དྲ་རྒྱའི་ནང་དོ་སྣང་བྱས་ཏེ་ཉན་སྡོད་མཁན་ཡོད་སྟབས། བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་ཕན་སེམས་ཀྱི་འདུན་པའི་ཤུགས་དང་། དད་པ་ཅན་ཕྱོགས་དང་ཕྱོགས་དུ་འཁོད་སྡོད་མཁན་གྱི་མི་རིགས་དང་ཡུལ་ལུང་འདྲ་མིན་གྱི་ཁྱེད་རང་ཚོས་བསམ་བློའི་འདུན་པ་རྩེ་གཅིག་པའི་ཐོག་ནས་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་ཁ་ཐུག་དེར་ཡང་། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཞེས་པ་ཞིག་གསུང་གི་ཡོད་པ་རེད། དགག་བྱ་ལྟ་བུ་ཡོད་པའི་རྐྱེན་གྱིས་བསྙེན་རྫོགས་སྒྲུབ་སར་ཡོང་མ་ཐུབ་པའི་གྲས་དེ་ལ་འཕྲིན་གྱི་སྒོ་ནས། དེ་དུས་ཁ་པར་ལྟ་བུ་མེད་སྟབས་ཅུང་འགོར་གྱི་ཡོད་པ་ལས། གང་ལྟར་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་རྒྱུ་དེ་འདྲ་ཡོང་གི་ཡོད་རེད། དེར་བརྟེན་ད་རེས་ཁ་སང་གློག་འཕྲིན་གྱི་ཐོག་ནས་ས་ཆ་ཉེ་རྒྱང་མེད་པར་ཁྱབ་བསྡད་དུས། ཁྱེད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་སྡོད་མཁན་དད་པ་ཅན་ཚང་མར་དབང་དང་སབས་ཐོབ་ཀྱི་རེད། ངས་དེ་ལུགས་སྨོན་ལམ་བརྒྱབ་ཀྱི་ཡིན། གང་ལྟར་སྔར་བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་དེར་འདུལ་བའི་ལག་ལེན་ཏོག་ཙམ་ཞིབ་ཚགས་པོ་ཡོད་པ་རེད། དེ་ལའང་འཕྲིན་གྱི་སྒོ་ནས་བསྙེན་རྫོགས་ཆོག་པ་ཞིག་ཡིན་དུས། ད་རེས་འདིར་ཕལ་ཆེར་དག་སྣང་གི་ཆོས་འཁོར་རེད། དག་སྣང་གི་ཆོས་འཁོར་དེ་སྔགས་བླ་མེད་དང་འབྲེལ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོར་དབང་དང་བྱིན་རླབས་དེ་ཚོའི་གྲས་དེ་ངེས་པར་དུ་ཐོབ་ཀྱི་རེད། དེ་ལུགས་བསམ་བློ་གཏོང་ཤོག་ཨང་། ཞེས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་སོང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་པ་སངས་ཚེ་རིང་གིས་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༢༠/༠༡/༠༤

Leave a Reply