འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ ༡༢ ལྷག་འཛིན་བཟུང་བྱས།

རྒྱ་ནག་གཞུང་གིས་ལོ་གསར་སོགས་བྲེལ་ཟིང་གི་དུས་དང་བསྟུན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིམས་རྩོད་པ་དང་ལས་འགུལ་བ་ ༡༢ ལྷག་འཛིན་བཟུང་བྱས་འདུགཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༢ པའི་ཟླ་དཀྱིལ་ཙམ་ལ་རྒྱ་ནག་གཞུང་གིས། རྒྱ་ནག་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་དང་ལས་འགུལ་བ་ ༡༢ ལྷག་འཛིན་བཟུང་བྱས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་ཤེས་རྟོགས་བྱུང་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཙོ་བོར་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས། རྒྱ་ནག་གཞུང་ནས་རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གླེང་སློང་ཙམ་བྱས་པར་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ལྟར་ན། འཛིན་བཟུང་བྱས་པའི་མི་ཚོའི་ཁྲོད་དུ་དེ་སྔོན་རྒྱ་ནག་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱེད་བཞིན་ཡོད་པར་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས་མྱོང་ཞིང་། ཁྲིམས་རྩོད་པའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཏིན་ཞྭ་ཞི་(Ding Jiaxi)དང་། ཧྲན་ཏུང་ནས་ཡིན་པའི་ཁྲིམས་རྩོད་པའི་ཐོབ་ཐང་གི་ཁྲིམས་རྩོད་པ་ལུའོ་ཧྲུ་ཆིན་(Liu Shuqing)། ཁྲིམས་རྩོད་པ་ལུ་ཐིན་ཇི་Lu Tingge)། དེ་བཞིན། དམངས་གཙོའི་ཐོབ་ཐང་ལས་འགུལ་བ་ཞོ་ཀྲི་ཡོང་(Xu Zhiyong)དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲིམས་རྩོད་པ་ (Tang Jingling)། ལས་འགུལ་བ་དེ་ཀྲིན་ཡཱང་(Dai Zhenya)དང་ཀྲང་ཀྲོང་ཧྲིན་(Zhang Zhongshun)བཅས་ཡོད་པ་དང་། ཁོ་ཚོའི་ཁྲོད་ཀྱི་ཁྲིམས་རྩོད་པ་ལུའོ་ཧྲུ་ཆིན་(Liu Shuqing)ལ་འདྲི་གཅོད་བྱས་རྗེས་ཀློད་ཡོད་པ་དང་། ལས་འགུལ་བ་དེ་ཀྲིན་ཡཱང་དང་ཀྲང་ཀྲོང་ཧྲིན་གཉིས་སུ་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་འཛུགས་བྱས་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་ཝང་ཡེ་ཆིས་ལགས་ཀྱིས། འདས་ལོའི་ལོ་མཇུག་གི་དྲག་གནོན་དེ་ནི་རྒྱ་ནག་ཧྥུ་ཅན་(Fujian)ཞིང་ཆེན་ཤཱ་མེན་ (Xiamen)གྲོང་ཁྱེར་ནང་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་ཅིག་འདུ་འཛོམས་ཀྱིས། རྒྱ་ནག་ནང་གི་དམངས་གཙོའི་ཀྱོག་མཚམས་ཞེས་པའི་བརྗོད་གཞིའི་སྐོར་ལ་གླེང་སློང་བྱས་པར་བརྟེན། ཁོང་ཚོ་འཛིན་བཟུང་བྱས་ཡོད་པ་རེད། ཅེས་བརྗོད་འདུག

ཉི་ཧོང་དུས་བབ་ཀྱིས་སྤེལ་བའི་དེའི་སྐོར་གྱི་གནས་ཚུལ་ནང་། རྒྱ་ནག་གི་འགྲོ་སྟངས་ལྟར་ན། རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་དོ་སྣང་ལ་གཡོལ་སླད། ཡེ་ཤུ་འཁྲུངས་སྐར་དང་སྤྱི་ལོ་གསར་ཚེས་སོགས་ཀྱི་ཟིང་ཟིང་གི་དུས་དང་བསྟུན། རྒྱ་ནག་གཞུང་གིས་སྤྱི་དམངས་ཐོབ་ཐབ་དོན་གཉེར་བ་སོགས་བཙོན་འཇུག་བྱེད་བཞིན་ཡོད་པ་དང་། ད་རེས་འཛིན་བཟུང་བྱས་པའི་མི་ཁག་ཅིག་གི་གནས་ཚུལ་གང་ཡང་མཐོང་ཐོས་མེད་པར་ལྷག་ཡོད་འདུག་ལ། རྒྱལ་སྤྱིའི་ཉེ་ཡང་ཚོགས་པའི་ (Amnesty International)ཞིབ་འཇུག་པ་པཱ་ཊི་རེག་པོན་ (Patrick Poon)ལགས་ཀྱིས། རྒྱ་ནག་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ནང་ཁུལ་གླེང་སློང་ཙམ་བྱས་པར་དྲག་གནོན་འཇུ་བཟུང་བྱེད་བཞིན་པ་དེས། རྒྱ་ནག་གཞུང་ནས་གུད་ཡངས་ཏིལ་འབྲུ་ཙམ་ཡང་མེད་པ་བསྟན་ཡོད། ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ནང་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཁྲིན་ཏུའུ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཡེ་ཤུ་ཆོས་ལུགས་ཀྱི་ལྷ་ཁང་(Early Rain Covenant Church)གི་ཆོས་དཔོན་ཝང་ཡེ་(Wang Yi)ལ། རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག ལོ་ ༩ ཡི་བཙོན་འཇུག་ཁྲིམས་ཐག་དང་ལོ་ ༣ ཀྱི་ཆབ་སྲིད་ཐོབ་ཐང་མེད་པ་བཟོས་ཏེ། སྒེར་གྱི་རྒྱུ་དངོས་རྒྱ་སྒོར་ཁྲི་ ༥ གཞུང་བཞེས་བཅས་ཀྱི་ཉེས་ཆད་བཅད་ཡོད་འདུག  ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་དང་རྩོམ་པ་པོ། སྒྱུ་རྩལ་བ་སོགས་འཛིན་བཟུང་བྱས་ཏེ་ངེས་མེད་བཀག་ཉར་བྱས་ཡོད་པ་དང་། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོ་ནས་ད་ལྟའི་བར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཁྱོན་མི་གྲངས་ ༣༠༠ ལྷག་བཀག་ཉར་འོག་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་གནད་དོན་དེ་ལ་ ༧༠༩ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ཉིན་མོ་ཞེས་འབོད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་སོགས་འཛམ་གླིང་གི་ཚོགས་སྡེ་ཁག་མང་པོ་ནས་རྒྱ་གཞུང་གི་དྲག་གནོན་ལ་སྐྱོན་བརྗོད་དང་སྦྲགས། བཀག་ཉར་འོག་ཡོད་པ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༠༤

Leave a Reply

One thought on “འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ ༡༢ ལྷག་འཛིན་བཟུང་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས།

    གསར་འགོད་པས་ལས་འགན་ངོ་མ་དེ་ས་གནས་ས་ཐོག་ལ་ཕྱིན་ནས་དངོས་བདེན་གནས་ཚུལ་མིག་མཐོང་ལག་འཛིན་བྱུང་བ་ཁག་མི་མང་གི་ཤེས་རྟོགས་ཐུབ་པའི་ཆེད་དུས་ཐོག་སྤེལ་དགོས་པ་དེ་གསར་འགོད་པས་ཕྱོགས་ལྷུངས་སྤངས་པའི་གསར་འགོད་པས་འགན་དབང་ལ་ངོས་འཛིན་ཞུ་གི་ཡོད་ལ་རང་གི་མིག་གི་མ་མཐོང་བའི་ཐག་རིང་གི་གནས་ཚུལ་གོ་འཐོས་ཙམ་ལ་ཡིད་ཆེས་རྒྱུད་ནས་གནས་ཚུལ་འགྲེམས་སྤེལ་བྱ་རྒྱུ་དེ་དག་སྤྱི་ཚོགས་གཏན་ལྷིངས་ལ་ནུས་པ་ག་ཚོད་འདོན་ཐུབ་ཀྱི་ཡོད་དེ་ཡང་གསལ་པོ་ཤེས་ཐུབ་མ་སོང།