གནས་ཆུང་ཆོས་སྐྱོང་དང་གནས་ཆུང་སྐུ་རྟེན། ད་དུང་གནས་ཆུང་ཕྱག་ནས།

ཀླུ་སྨྱོན་སྣ་ཚོགས་རང་གྲོལ།

བོད་ཡུལ་ནི་གནའ་ནས་བཟུང་སྟེ་ལྷ་འདྲེའི་ཡུལ་ཁམས་ཤིག་ཡིན་པ་དང་། ལྷ་འདྲེ་དེ་དག་གི་གཏམ་རྒྱུད་ཀྱང་ཕལ་མོ་ཆེ་ཞིག་ནི་སྙན་ལ་མཚར་ཞིང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་རེ་ཡོད་པ་ཤ་སྟག་རེད། དཔེར་ན་རྗེ་ཡི་མགུར་ལྷ་བཅུ་གསུམ་དང་བོད་སྐྱོང་བརྟན་མ་བཅུ་གཉིས། སྨན་མོ་ཚེ་རིང་མཆེད་ལྔ་དང་སྒེའུ་ལྷ་མོ་སྤུན་གསུམ་སོགས་ལྟ་བུ་བརྗོད་ཀྱིས་མི་ལངས་པ་ཞིག་འདུག་པ་དང་། བོད་ཀྱི་གཞི་བདག་དེ་ཚོིའི་ཐད་ཞིབ་འཇུག་གམ་དོ་སྣང་ཡོད་མཁན་ཚོས་ཁོ་བོས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་སྟེང་སྒྲོག་སྦྱང་བྱས་པའི་<<བོད་ཀྱི་གཞི་བདག་རིག་གནས་དང་དེའི་ཁྱད་ཆོས་>>ཞེས་པའི་ཆེད་རྩོམ་དེར་ཟུར་ལྟ་གནང་ན་ཕན་ཐོགས་ཕྲན་བུ་རེ་འབྱུང་ཡང་སྲིད་པར་སྙམ།

འདིར་སྐབས་སུ་བབ་པའི་བརྗོད་བྱ་སྟེ་གནས་ཆུང་ཆོས་སྐྱོང་ཆེན་པོའི་སྐོར་གླེང་ན། གནས་ཆུང་ངམ་པེ་ཧར་འདི་ཧོར་གྱི་ནོར་སྲུང་ནས་བོད་ཀྱི་གཙུག་ལག་ཁང་གི་སྲུང་མ། དེ་ནས་བོད་ཀྱི་ཆོས་སྐྱོང་ཆེན་པོའི་གོ་སར་ཕེབས་པའི་ལོ་ངོ་སྟོང་གི་བརྒྱུད་རིམ་ཀྱག་ཀྱོག་ཅན་འདི་ལ་བསམ་གཞིག་ནན་ཏན་དུ་གཏོང་དགོས་པ་ཞིག་འདུག་ལ། དེར་མ་ཟད། སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་<<བསྟན་སྲུང་རྒྱ་མཚོའི་ལོ་རྒྱུས>>་སུ། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་པེ་ཧར་ཞེས་གྲགས་པ་འདི་ནི་ངེས་པའི་དོན་དུ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་བཞུགས་ཀྱང་། ཐུན་མོང་བ་གདུལ་བྱའི་སྣང་ངོར་རྒྱལ་པོ་ཆེན་པོ་སྐུ་ལྔའི་རྣམ་འགྱུར་སོགས་སྡེ་བརྒྱད་ཀྱི་བཀོད་པ་ཇི་ལྟ་ཇི་སྙེད་དུ་སྟོན་པར་མཛད་པ་ལས། ཞེས་པ་ནས། གནས་ཆུང་གི་འདི་ཉིད་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཡུལ་ཨ་སུ་རར་རྒྱལ་པོར་འཁྲུངས་ཤིང་རབ་ཏུ་བྱུང་རྗེས་མཛེས་མར་ཆགས་ནས་བསླབ་པ་ལས་ཉམས་ཏེ་དམྱལ་བར་ལྷུང་ཚུལ་དང་། དེ་ནས་ཚེ་འཕོས་ཏེ་ཆུ་མིག་བྱང་ཆུབ་འབར་ཞེས་པར་སྐྱེས་ཚུལ་དང་། དེ་ནས་གླན་མི་དབང་འབར་བྱ་བར་སྐྱེས། དེ་ནས་བཛྲ་གུ་ཧྱ་ས་མ་ཏི་བྱ་བར་སྐྱེས། དེ་རྗེས་ཡབ་བདུད་དང་ཡུམ་ཀླུའི་སྲས་སུ་གསུམ་པ་དམུ་བདུད་བྲང་དཀར་བྱ་བར་འཁྲུངས་དུས། སྔོན་གྱི་རབ་བྱུང་གི་སློབ་དཔོན་དེ་གྲུབ་པ་བརྙེས་ནས་མགོན་པོ་ལེགས་ལྡན་ནག་པོར་གྱུར་པ་ལ་བར་ཆད་བརྩམས་ཀྱང་མ་ཚུགས་པར་ཚུར་དམ་ལ་བཞག་ནས་གསང་བའི་བདག་པོ་ལ་སྐྱབས་སུ་སོང་། ལེགས་ལྡན་ནག་པོས་དགྲ་ལྷ་ཁྱུང་གཤོག་འབར་བ་ཞེས་མཚན་གསོལ་ཅིང་གསང་བདག་གིས་<<གནོད་སྦྱིན་ནོར་ལྷ་ནག་པོའི་རྒྱུད་ལེའུ་ང་དགུ་བ>>གསུངས། དེ་ནས་སློབ་དཔོན་རིན་པོ་ཆེ་ཨ་སུ་རའི་བྲག་ཕུག་ཏུ་བཞུགས་དུས་ཉམས་སད་པར་དམ་བཞག་མཛད་དེ་རྒྱལ་པོ་གཡུ་ཕྲེང་ཅན་དུ་མཚན་གསོལ་ནས་<<གཡུ་ཕྲེང་སྔོན་པོའི་རྒྱུད་ལེའུ་བདུན་པ>>གསུངས། ཡང་སློབ་དཔོན་ཆེན་པོ་བྷ་ཏ་ཧོར་གྱི་ཡུལ་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ན་བཞུགས་པའི་སྐབས་ཤིག་རྒྱལ་པོ་འདིས་བར་ཆད་བརྩམས་ཀྱང་མ་ཚུགས་པར་དགེ་བསྙེན་གཞོན་ནུ་ཤེལ་ཕྲེང་དཀར་པོ་ཐོགས་པ་ཞིག་ཏུ་བསྟན་ནས་བཟོད་གསོལ་ཞུས། སློབ་དཔོན་གྱིས་ལག་ཏུ་རྡོ་རྗེ་གཏད། མནའ་ཆུ་བླུད། <<ཤེལ་ཕྲེང་དཀར་པོའི་རྒྱུད་ལེའུ་ཉི་ཤུ་བ>>གསུངས། ཐང་ཡིག་ལས་སྐབས་འདིའི་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཅེས་པ་དེ་ཡར་ལུང་ཤེལ་བྲག་ཡིན་པར་གསུངས།

ཝེ་ཁེ་རིག་མཛོད་ཆེན་མོར་དྲངས་པའི་ལོ་རྒྱུས་ཕྲན་བུ་དེ་ནི། “བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ། སྔར་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་ཟིན་རྗེས་ལྷ་ཁང་འདི་ཉིད་སྲུང་སྐྱོབ་བྱེད་མཁན་གི་སྲུང་མ་གཉིས་པོ་ཞིག་དགོས་པར་བསམས་ནས་སློབ་དཔོན་པདྨ་ལ་ཞུས་པས་སློབ་དཔོན་གྱིས་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་མང་པོ་ཞིག་ལ་བཀའ་ཕབས་སྐབས་ཁོ་ཚོས་ཞུས་དོན། ང་ཚོས་ལྷ་ཁང་འདི་སྲུང་སྐྱོབ་བྱེད་མི་ནུས། དེ་བས་བྱང་ཕྱོགས་བྷ་ཏ་ཧོར་གྱི་སྒོམ་གྲྭ་ཟེར་བ་ན་དམུའི་རིགས་ལས་བྱུང་བའི་མི་མ་ཡིན་རྒྱལ་པོ་པེ་ཧར་ཟེར་ཞིག་ཡོད་ཅིང། དེ་ནི་ནོར་རྒྱ་ཁབ་ཙམ་གྱི་རྗེས་ལ་བྱ་རྒོད་པའི་ཉིན་ལམ་བཅོ་བརྒྱད་ཀྱི་བར་རྗེས་འདེད་བྱེད་ཐུབ་པ་ཞིག་ཡིན་པས་དེ་ལྷ་ཁང་འདིའི་སྲུང་མར་བསྐོས་ན་ཞེས་ཞུས། དེ་ནས་སློབ་དཔོན་གྱིས་རྒྱལ་པོར་དེ་ལྟར་གསུངས་པས་རྒྱལ་པོས་རང་གི་སྲས་མུ་ཏིག་བཙན་པོ་དམག་དཔུང་ཁྲི་ཕྲག་མང་པོའི་དཔུང་དང་བཅས་མངགས་ཏེ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེའི་ནང་དུ་ཡོད་པའི་རྒྱུ་ནོར་རིན་ཐང་ཆེ་བ་ཐམས་ཅད་བོད་དུ་དྲངས། དེ་དང་མཉམ་དུ་རྒྱལ་པོ་པེ་ཧར་ཡང་རྗེས་འབྲངས་བྱས་ཏེ་བོད་དུ་ཕེབས་པ་སློབ་དཔོན་པདྨས་དམ་ལ་བཏགས་ཏེ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས། གནས་ཆུང་ནི་དེའི་ལས་བྱེད་བློན་པོ་རྡོ་རྗེ་གྲགས་ལྡན་ཞེས་པ་དེ་ཡིན་ཅིང། ཐོག་མར་ལྷ་ས་ཚལ་གུང་ཐང་གི་སྲུང་མར་ཡོད་པ་ལ་བོད་ཀྱི་རབ་བྱུང་དགུ་པའི་མེ་རྟ་(༡༥༤༦)ལོར་ཚལ་གུང་ཐང་གི་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་སྐབས་དགོན་པ་དེའི་མཁན་པོས་སྡུག་འདྲེ་ཁྱོད་ཀྱིས་དགོན་པ་འདི་ཙམ་སྲུང་མི་ཐུབ་ན་ང་ཚོས་བསྟེན་མཆོད་བྱས་པར་དགོས་པ་མེད་ཟེར་ནས་གནས་ཆུང་བཀུག་ཐོག་ཕུག་རོན་གྱི་རོ་ཞིག་ལ་བསྟིམས་ནས་སྒམ་གྱི་ནང་བླུགས་ཏེ་ལྷ་ས་སྐྱིད་ཆུའི་ནང་དོར། དེ་སྐབས་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་མཁན་པོ་ལྕོག་པོ་བྱང་ཆུབ་དཔལ་པ་ཡིན་པས་ཁོང་གིས་ཉེ་གནས་ལ། དེ་རིང་འབྲས་སྤུངས་མདུན་གྱི་གཙང་པོའི་འགྲམ་དུ་སྒུགས་ཏེ་གཙང་ཆུའི་ནང་ནས་དངོས་པོ་བླུགས་པའི་སྒམ་ཆུང་ཞིག་ཁྱེར་ཡོང་བ་ཡོད་པས་དེ་ཁྱོད་ཀྱིས་བཟུང་ནས་ཁ་མ་ཕྱེ་བར་ངའི་མདུན་དུ་ཁྱེར་ཤོག་ཅེས་གསུངས། ཉེ་གནས་ཀྱིས་ཆུའི་ནང་ནས་དངོས་པོ་བླུགས་པའི་སྒམ་ཆུང་དེ་ལག་ཏུ་ཁྱེར་ནས་འབྲས་སྤུངས་དགོན་པོའི་མདུན་གཤམ་ལ་སླེབས་སྐབས་བསམ་པར། དེ་རིང་ངའི་བླ་མས་སྒམ་འདི་ཆེད་མངགས་ལེན་པར་བཏང་བ་འདིའི་ནང་རིན་ཐང་ཆེ་བའི་དངོས་པོ་ཇི་འདྲ་ཞིག་ཡོད་དམ་སྙམ་ནས་ཁ་ཕྱེ་བས་དེ་ཡི་ནང་ནས་ཕུག་རོན་ཞིག་འཕུར་སོང་བ་དང། དགོན་པའི་གཤམ་གྱི་སྦྱར་སྡོང་ཆེན་པོ་ཞིག་གི་རྩེར་བབས། དེའི་གནས་ཚུལ་བླ་མར་ཞུས་པས་བླ་མས་ཁྱོད་ཀྱིས་དེ་རིང་གོ་མ་ཆོད། སྒམ་ཆུང་དེ་ཁ་མ་ཕྱེ་པར་ངའི་མདུན་དུ་འཁྱེར་ཡོང་ན་སྲུང་མ་འདི་ཉིད་དགོན་པའི་ནང་དུ་གནས་རྒྱུ་ཡིན་པ་ལ་ཞེས་གསུངས་ནས་ཕུག་རོན་བབས་པའི་ཤིང་སྡོང་དེའི་འགྲམ་དུ་རྟེན་མཁར་ཆུང་ངུ་ཞིག་བརྩིགས། དེ་ནས་བཟུང་ཆོས་སྐྱོང་དེར་གནས་ཆུང་ཞེས་མིང་དུ་ཆགས་ཤིང་འབྲས་སྤུངས་དགོན་པའི་སྲུང་མར་གྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱི་སྲུང་མར་བསྟེན་ཅིང་དེ་སྔའི་བོད་ས་གནས་སྲིདགཞུང་ཚུགས་རྗེས་སྲིད་གཞུང་གིས་བསྟེན་གསོལ་བྱེད་པའི་སྲུང་མའི་གཙོ་བོར་གྱུར་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནས་ཆུང་གི་རྟེན་མཁར་ཆུང་ངུ་དེར་གཞི་བྱས་ནས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་པའི་དགོན་པ་དེ་བཏབ་པ་ཡིན།”གལ་སྲིད་གོང་དུ་དྲངས་པའི་ལུང་དེའི་ནང་གི་གནས་ཆུང་ཆོས་སྐྱོང་སྤྱན་འདྲེན་ཡུལ་དེ་དངོས་ཡོད་ཡིན་ཚེ། གནས་ཆུང་གི་ཕ་ས་མ་ཡུལ་ནི་ཆེན་པོ་ཧོར་གྱི་ཡུལ་ལམ་སོག་པོའི་ཡུལ་ཁམས་ཤིག་ཡིན་དགོས་ཤིང་། གནས་ཆུང་གི་འབྱུང་ཁུངས་ཡིན་པའི་ཆ་ནས་སོག་ཡུལ་གྱི་དད་ལྡན་པ་ཚོས་གནས་ཆུང་སྐུ་རྟེན་རིམ་བྱོན་དང་ཁྱད་པར་དེང་སང་གི་སྐུ་རྟེན་འདིི་ལ་དད་གུས་དང་བརྩི་བཀུར་བླ་ལྷག་ཏུ་བྱས་དང་བྱེད་བཞིན་པ་མཁྱེན་གསལ་བཞིན་ནོ།། དེ་བཞིན་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༠༨ ཚེས་༡༢ ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཆུང་སྐུ་བསྟེན་སྐུ་ངོ་ཐུབ་བསྟན་དངོས་གྲུབ་མཆོག་ལ་བཀའ་འདྲི་ཞུས་པའི་ལན་དུ། བྷ་ཏ་ཧོར་གྱི་ཡུལ་དེ་སོག་ཡུལ་ལས་ཕྱི་སོག་ཡིན་པ་དང་། ཉེ་ཆར་གནས་ཆུང་སྤྱན་འདྲེན་ས་ཡང་གསར་དུ་ངོས་འཛིན་བྱུང་སོང་། སོག་ཡུལ་ནས་ཤར་ཏིར་ཀི་སི་ཐན་དང་ཐག་ཉེ་བའི་ས་ཆ་ཞིག་ཏུ་གནས་ཆུང་གི་བླ་མཚོ་ཡང་འདུག་ཅེས་གསལ་བོར་གསུངས་འདུག ཡིན་ན་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་པེ་ཧར་རྒྱལ་པོ་གདན་འདྲེན་དུས་ཀྱི་སོག་པོའི་ས་ཁྱོན་དང་ད་ལྟའི་སོག་ཡུལ་གྱི་རྒྱ་ཁྱོན་གཉིས་ཀྱི་ཆེ་ཆུང་བསྡུར་ཐབས་མེད་པས། པེ་ཧར་རྒྱལ་པོའི་བླ་རི་དང་གནས་ཆུང་གི་བླ་རི་གཉིས་གཅིག་ཡིན་མིན་དང་བླ་རི་དེ་གནའ་བོའི་སོག་ཡུལ་གྱི་ས་གནས་གང་ཞིག་ཏུ་ཡོད་པ་དང་། དེང་གི་བོད་རྒྱའི་ས་མཚམས་གང་ཞིག་ཏུ་ཡོད་པ་སོགས་གཤམ་གྱི་རྩོམ་ཡིག་འདི་ལ་གཟིགས་ན་མཁས་པའི་བཞེད་ཚུལ་མི་མཐུན་པ་ཡོད་པ་ཙམ་མཐོང་ཐུབ་པར་འདོད།

བྷ་ཏ་ཧོར་གྱི་སྒོམ་གྲྭ་བོད་དམག་གིས་བཅོམ་པའི་ཚུལ་ནི་ <<ཆོས་འབྱུང་མཁའ་པའི་དགའ་སྟོན་>>ལས། དེ་ཚེ་གནམ་ཐེ་དཀར་པོའི་སྤྲུལ་པ་ཡི།།ཧོར་གྱིས་བོད་ཁམས་དབང་བྱེད་སྡུག་བསྔལ་འགོད།། དེ་བས་ཧོར་གྱི་ཕོ་ལྷ་ཤིང་བྱ་ཅན།།གནམ་ལྷ་བྱང་ཆུབ་སྲུང་མར་བསྐོས་པ་ན།།འཇིག་མི་ནུས་པས་དེ་ཉིད་དགུག་གོ་གསུངས།།པེ་ཧར་གླིང་དུ་རྒྱལ་པོའི་རྟེན་བཅས་ཏེ།།ཏ་ར་ཀླུ་གོང་ལ་སོགས་དམག་དཔུང་གིས།།ཧོར་གྱི་སྒོམ་གྲྭ་བཅོམ་ནས་རྟེན་རྣམས་ཁྱེར།། ཞེས་གསུངས་པ་ནང་བཞིན་དུ་ཕྱི་ལོའི་དུས་རབས་བརྒྱད་པར་བོད་རྒྱལ་ཁྲི་སྲུང་ལྡེ་བཙན་གྱི་དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་པ་ལ་ནག་ཕྱོགས་ཀྱི་ས་བདག་ཀླུ་གཉན་ཐམས་ཅད་ཁྲོས་ནས་ལྷ་ཁང་ཉིན་མོ་བཞེངས་པ་ཐམས་ཅད་མཚན་མོ་བསྒྱེལ། རི་རྡོ་ཀླུངས་ལ་ཕབ། ཀླུངས་རྡོ་རི་ལ་བསྐྱལ། རྩི་ཤིང་མེ་ལ་བསྲེགས། ནད་དང་གནོད་པ་སོགས་བྱུང་བས་སློབ་དཔོན་པདྨ་འབྱུང་ནས་གྱིས་ལྷ་ཀླུ་གཉན་གསུམ་དམ་ལ་བཏགས་ནས་བསམ་ཡས་གཙུག་ལག་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་ནས་སྲུང་མ་ཇི་ལྟར་བསྐོ་བའི་སྐོར་རྒྱལ་བློན་ཐམས་ཅད་ཀྱིས་བཀའ་བགྲོས་པ་ན། མཁན་པོའི་ཞལ་ནས་བདུད་ནི་སྲོག་གཅོད་ལ་དགའ་བས་མི་རུང་། གཟའ་ནི་གཏུམ། ཀླུ་ནི་གདུག བཙན་ནི་གནོད་པ་ཚ། དམུ་ནི་འཇམ་དྲགས། མ་མོ་ནི་འཇིགས་པས་དེ་མ་ཡིན་པ་སུ་འཐད་གསུངས་པས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཧོར་ཡུལ་གནམ་ཐེའུ་དཀར་པོའི་རྒྱལ་པོ་འོང་།།བོད་ཁམས་ཐམས་ཅད་ཧོར་གྱི་མངའ་འོག་འཇུག།ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན།།རྒྱལ་པོ་ཤིང་བྱ་ཅན་ནི་སྤྱན་དྲངས་ནས།།དེ་ལ་གཏད་ན་གཙུག་ལག་ཁང་མི་འཇིག།།བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན།།པེ་ཧར་ཀ་ཅའི་ཕྱི་ལ་འབྲངས་ནས་འོང་།།ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས།།དེ་ནས་བྷ་ཏར་དམག་བརྒྱབས། སྒོམ་གྲྭ་བཅོམ།།ཟས་ནོར་མང་པོ་དྲངས་ནས་འོངས་པ་ལས།། ལ་ལ་སྨྱོར་བཅུག་ལ་ལ་འབིག་ཏུ་བཅུག། ཅེས་པ་ལྟར་སྤྱི་ལོ༧༩༠ཡས་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲས་མུ་ནེ་བཙན་པོ་དམག་སྤྱི་དང་དམག་དཔོན་སྟག་སྒྲ་ཀླུ་གོང་སོགས་ཀྱིས་བྷན་ད་ཧོར་གྱི་སྒོམ་གྲྭ་བཅོམ་པ་དང་། བསེ་འགག་སྨུག་པོ། གཡུ་ཡི་ཐུབ་པ། ཟ་ཧོར་རྒྱལ་རྒྱུད་དྷརྨ་པ་ལ། དུང་གི་སེང་གེ གསེར་གྱི་འཁར་རྔ་སོགས་ནོར་རྩ་ཆེན་འཕྲོག་ནས་སོང་བ་ན་པེ་ཧར་རྗེས་སུ་འབྲངས་ནས་བསམ་ཡས་སུ་ཐོན།

ཀྲུང་གོའི་བོད་ལྗོངས་དྲ་བར་བཀོད་པའི་རྩོམ་ཡིག <<པེ་ཧར་རྒྱལ་བོའི་བླ་རི་དང་བྷན་ད་ཧོར་གྱི་སྒོམ་གྲྭའི་གནས་བཤད་>> ཅེས་པ་དེ་ལས།    “དེ་ཡང་བྷན་ད་ཧོར་གྱི་སྒོམ་གྲྭ་ཞེས་པ་དེ་ཉིད་ད་ལྟ་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་མཱ་ཐིས་བོད་རིགས་ཤང་གི་རྒྱབ་རྩེ་སྡེ་བ་ན་ཡོད། ཅེས་དང་། དེ་ཡང་དབུས་ཕྱོགས་ཐུགས་ཀྱི་རྒྱལ་བོ་སྐུ་མདོག་མཐིང་ནག་གླང་ཆེན་སྣ་རིང་ལ་བཅིབས་པ་ཡུམ་ཤནྟི་རོ་ཟན་དང་བློན་ཆེན་སྲོག་བདག་ཡང་ལེའི་འཁོར་ཚོགས་དང་། ཤར་ཕྱོགས་སྐུ་ཡི་རྒྱལ་བོ་སྐུ་མདོག་ནག་པོ་སེངྒེ་དཀར་མོ་ལ་བཅིབས་པ་བདུད་མོ་རོ་ལངས་དཀར་མོ་ཡུམ་དང་བློན་པོ་བྱ་ཁྲིད་མིག་གཅིག་ཚོགས་འཁོར་དང་བཅས་པ། ལྷོ་ཕྱོགས་ཡོན་ཏན་རྒྱལ་བོ་སྐུ་མདོག་ནག་པོ་རྟ་ནག་རྟིང་དཀར་ལ་བཅིབས་པ་ཡུམ་གསེར་གྱི་སྤུ་གྲི་དང་བློན་པོ་བྱ་རྒོད་ཐང་ནག་སོགས་ཀྱིས་བསྐོར་བ། ནུབ་ཕྱོགས་གསུང་གི་རྒྱལ་བོ་སྐུ་མདོག་དམར་མོ་དྲེལ་ནག་རྐང་དཀར་ལ་བཅིབས་པ་མཛེས་བྱེད་པདྨ་དམར་མོའི་བཙུན་མོ་དང་བློན་པོ་རྡོ་རྗེ་གྲགས་ལྡན་ཚོགས་འཁོར་གྱིས་བསྐོར་བ། བྱང་ཕྱོགས་འཕྲིན་ལས་རྒྱལ་བོ་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དཀར་པོ་སེངྒེ་ལ་བཅིབས་པ་ཡུམ་བདུད་གཟའ་སྨིན་དཀར་དང་བུ་ཏ་ནག་པོ་སོགས་བློན་འཁོར་གྱིས་བསྐོར་བ་སོགས་ཡོད་པར་གསུངས་ལ། ད་ལྟའི་མདོ་ལ་རྫོང་གི་མངའ་ཁོངས་ན་ཡུ་གུར་བྱ་རྒོད་ལ་ཟེར་བའི་རྫ་རི་མཐོན་པོ་ཞིག་ཡོད་ལ་དེ་ནི་ངག་རྒྱུན་དུ་བློན་པོ་བྱ་རྒོད་ཐང་ནག་གི་བླ་རི་ཡིན་པར་བཤད་པ་དང་ཉེ་འཁོར་ན་བློན་པོ་གཞན་བཞི་བོའི་བླ་རི་ཡང་ཡོད་པར་བཤད།

པེ་ཧར་རྒྱལ་བོའི་བླ་རི་དངོས་ནི་རྫ་རི་མཐོན་པོ་ཞིག་མིན་ལ་སྤང་རི་འོག་ན་ཆུ་མིག་དང་། ཉིན་ཕྱོགས་ལ་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། སྲིབ་ཕྱོགས་ན་སོམ་ཤིང་གིས་མཛེས་པ་ཕར་བལྟས་ཚོད་ལ་མཐོ་རྒྱུ་མེད་པར་སྣང་ཡང་རྩེར་སོན་ན་མཐའ་བསྐོར་གྱི་རྫ་རི་ཁ་བ་ཅན་མཐོན་པོ་ཐམས་ཅད་ཀྱི་མཐོ་དམན་དང་མཉམ་ལ་ཕྱོགས་བཞི་མཚམས་བརྒྱད་ལ་པདྨའི་འདམ་མ་ལྟར་དུ་རི་ཚོགས་ཀྱིས་བསྐོར་བ་མིག་རྒྱང་ཧ་ཅང་རིང་བ་ཡོད། བླ་རྡོ་གནས་སའི་བྲག་ཁྱད་པར་བ་དང་ཤུག་སྡོང་སོགས་ཀྱང་ཡོད། རི་རྩེ་མཐོན་པོ་གཅིག་དང་དེའི་འོག་ན་རི་རྩེ་དམའ་བ་ཆུང་ཆུང་བཞི་བསྒྲིགས་ནས་ཡོད་པ་ནི་རྒྱལ་བོ་རིགས་ལྔའི་སྲོག་བླ་རིམ་པ་བཞིན་གནས་ས་ཡིན་པར་བཤད། དེའི་འོག་གི་ནུབ་བྱང་མཚམས་ཀྱི་ལུང་བའི་ནང་དུ་ས་འབུར་ཁ་ཤས་ཡོད་པ་ནི་བྷན་ད་ཧོར་གྱི་སྒོམ་གྲྭའི་ཤུལ་ཡིན་པར་བཤད་ལ་མིང་གཞན་ལ་ཧོར་འདུལ་དགོན་པའམ་ཧོར་འདུག་དགོན་པ་ཡང་ཟེར། དེ་ལ་བྷན་ད་ཧོར་གྱི་ཡུལ་ཟེར་བ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་ནག་ཐང་གི་རྒྱལ་བོ་ཀོང་ཇོ་སློང་མཁན་བྷན་ད་ཧོར་གྱི་རྒྱལ་བོ་ཟེར་བ་དེའི་རྒྱུད་པ་ཡིན་ལ་ཐུ་བྷོད་རྒྱལ་རབས་འཇིག་པ་ནས་བཟུང་རྨ་ནུབ་ཁྱམས་རིང་དུ་ལོ་ངོ་ཉི་ཤུ་ཡས་མས་ལ་རྒྱལ་སྲིད་བསྐྱང་བར་བཤད་ཡང་མཐར་རྒྱལ་རབས་འཇིག་གོ།”

པེ་ཧར་རྒྱལ་པོ་དང་གནས་ཆུང་རྡོ་རྗེ་གྲགས་ལྡན་གཉིས་སྐབས་རེར་གཙོ་འཁོར་གྱི་རྣམ་པ་དང་སྐབས་རེར་ཆོས་སྐྱོང་གཅིག་ཡིན་པའི་གསུང་སྒྲོས་སམ་བཤད་སྲོལ་སྣ་ཚོགས་ཤིག་འདུག་ལ། དེ་ཡང་པེ་ཧར་སྐུ་ལྔ་སྟེ་ཤར་ལྷོ་ནུབ་བྱང་དང་དབུས་ཀྱི་རྒྱལ་ཆེན་བཅས་རྒྱལ་པོ་སྐུ་ལྔར་གྲགས་པའི་བྱང་ཕྱོགས་འཕྲིན་ལས་རྒྱལ་པོའི་བཀའ་ཉན་བློན་པོ་གཙོ་བོ་ཞིག་ཡིན་ཚུལ་གནས་ཆུང་གསོལ་མཆོད་ལས་གསལ་བོར་གསུངས་ཤིང་། <<རྩ་རྒྱུད་བརྟག་གཉིས་>> ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་།། གསུངས་པ་བཞིན་པེ་ཧར་དང་བློན་པོ་རྡོ་རྗེ་གྲགས་ལྡན་གཉིས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་ཤར་བ་ཞིག་ཡིན་པར་ཡང་ངེས་སོ།། དེ་ཡང་རྒྱས་ཙམ་དྲངས་ན། རྒྱལ་པོ་སྐུ་ལྔ། ཡུམ་ལྔ།  བློན་པོ་ལྔ།  རུ་འདྲེན་ལྔ།  བཤན་པ་ཡང་ལེ་ཝེར་རམ་གནོད་སྦྱིན་ཙིའུ་དམར་པོ་རྣམས་སོ། སྐུ་ལྔ་ནི། སྐུ་མོན་བུ་བུ་ཊ། གསུང་དགྲ་ལྷ་སྐྱེས་གཅིག ཐུགས་བརྒྱ་བྱིན་རྒྱལ་པོ། ཡོན་ཏན་གནོད་སྦྱིན་ཤིང་བྱ། འཕྲིན་ལས་པེ་ཧར་རྒྱལ་པོ་དང་། ཡུམ་ལྔ་ནི། སྐུ་བདུད་མོ་རོ་ལངས། གསུང་མཛེས་བྱེད་པདྨ་སྐྱེས། ཐུགས་ཤན་ཏིང་རོ་ཟན། ཡོན་ཏན་གསེར་གྱི་སྤུ་གྲི་མ། འཕྲིན་ལས་བདུད་བཟང་སྨིན་དཀར། བློན་པོ་ལྔ་ནི། སྐུ་བྱ་ཁྲིད་མིག་གཅིག གསུང་རྡོ་རྗེ་གྲགས་ལྡན། ཐུགས་དཀའ་ཡི་བྱ་ར་བ། ཡོན་ཏན་བྱ་རྒོད་ཐང་ནག འཕྲིན་ལས་པུ་ཏྲ་ནག་པོ་བཅས་ཡིན་ལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིས་བརྩམས་པའི་<<གནས་ཆུང་པེ་ཧར་ལྕོག་གི་དཀར་ཆག་ས་གསུམ་གཡོ་བའི་ང་རོ>>་ཞེས་པར་བལྟས་ན། གནས་ཆུང་དང་པེ་ཧར་རྒྱལ་པོའམ་རྒྱལ་པོ་པེ་དཀར་གཉིས་ངོ་བོ་གཅིག་དང་རྣམ་པ་གཅིག་རང་དུ་ངོས་འཛིན་བྱས་པ་ཙམ་དུ་མ་ཟད། གནས་ཆུང་གི་སྐུ་གསུང་ཐུགས་ཀྱི་ནུས་པ་དེ་ཡང་ས་གསུམ་གཡོ་བར་བྱེད་པའི་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པ་དེ་ལྡེབས་གྲངས་བཅུ་གསུམ་ཙམ་ལས་མེད་པའི་དཔེ་ཆ་འདིའི་ཞལ་བྱང་ལས་ཀྱང་གསལ་བར་བསྟན་འདུག་བསམས། གཞན་ཆོས་བརྒྱུད་གཞན་པའི་བླ་མ་རེ་ཟུང་གི་རྣམ་ཐར་ནང་རྒྱལ་པོ་པེ་དཀར་གྱི་ཆོ་འཕྲུལ་ཞེས་བརྗོད་དུས་བར་ཆད་ཀྱི་རྣམ་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་པ་ཡང་འདུག་ཅིང་། རྒྱལ་དབང་ལྔ་པའི་ <<གནས་ཆུང་གསོལ་ཁའི་>> ནང་། ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །སྐུ་ལྔའི་རྣམ་རོལ་གཅིག་ཏུ་མ་ངེས་པ། །སྟོན་མཛད་སྤྲུལ་པའི་ཆོས་རྒྱལ་གནས་འདིར་གཤེགས། །ཞེས་གནས་ཆུང་དང་རྡོ་རྗེ་གྲགས་ལྡན་གཉིས་པེ་ཧར་སྐུ་ལྔའི་རྣམ་རོལ་གཅིག་ཏུ་བསྡུས་པའི་ཆོས་སྐྱོང་ཞིག་ཏུ་ཞལ་བཞེས་གནང་འདུག་ལ། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་མཛད་པའི་ <<གནས་ཆུང་གསོལ་བསྡུས་>> ཀྱི་མཇུག་རྩོམ་དུ། འབྲས་སྤུངས་ཆོས་སྐྱོང་དུ་གྲགས་པ་པེ་ཧར་རྒྱལ་པོ་ཞེས་གནས་ཆུང་དང་པེ་ཧར་རྒྱལ་པོ་གཉིས་ཆོས་སྐྱོང་གཅིག་ཏུ་ངོས་འཛིན་གནང་འདུག གུང་ཐང་བསྟན་པའི་སྒྲོན་མེའི་ <<གནས་ཆུང་གསོལ་བསྡུས་>> སུ། བདེ་གཤེགས་ཡེ་ཤེས་རང་མདངས་སྐུ་ལྔ་ལས། །གནས་ཆུང་སྤྲུལ་པའི་ཆོས་རྒྱལ་བེ་ཧ་ར། །ཞེས་རྒྱལ་པོ་སྐུ་ལྔ་ལས་བརྒལ་ཏེ་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་རང་མདངས་ལས་སྤྲུལ་པ་ཞེས་ཚད་མཐོའི་བསྟོད་བསྔགས་མཛད། དེ་བཞིན་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཨ་རིའི་ཧ་ཝ་ཡི་གནས་ཆུང་ཆོས་ཚོགས་སུ་མཛད་པའི་ <<གསོལ་བསྡུས་>> སུ། མེ་ལོང་ཡེ་ཤེས་རང་མདངས་དྲག་(དྲེགས་མིན་ནམ་སྙམ) པའི་རྗེ། །གནས་ཆུང་རྒྱལ་པོ་འཁོར་དང་ཡང་འཁོར་བཅས། །ཞེས་གསུངས། ཁལ་ཁ་རྗེ་བཙུན་དམ་པའི་ <<གནས་ཆུང་གསོལ་བསྡུས་>> སུ། རྒྱལ་ཆེན་སྐུ་ལྔ་འཁོར་བཅས་བསང་། །ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་བསང་། །ཞེས་རྒྱལ་ཆེན་སྐུ་ལྔ་དང་གནས་ཆུང་ཐ་དད་ཡིན་པ་འདྲ་ཞིག་འདུག

དགེ་ལུགས་པའི་གྲྭ་ས་སེ་འབྲས་དགེ་གསུམ་ལ་མཚོན་ན་འབྲས་སྤུངས་སུ་གནས་ཆུང་སྲུང་མའི་གཙོ་བོ་ཞིག་ཏུ་མཆོད་བསྟོད་བྱེད་སྲོལ་ཡོད་པ་དང་། དེ་ནི་ཕལ་ཆེར་རྒྱལ་བ་དགེ་འདུན་རྒྱ་མཚོ་ནས་དབུ་བརྩམས་པ་ཞིག་ཡིན་ཚོད་འདུག་ལ། རྒྱལ་དབང་ལྔ་པ་ཆེན་པོ་བོད་སྤྱིའི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་མངའ་གསོལ་མཛད་པ་ནས་བཟུང་སྟེ་དགེ་ལུགས་པའི་ཕྱོགས་སུ་མཆོད་བཀུར་བྱེད་སྲོལ་དར་ཁྱབ་ཆེན་པོ་བྱུང་བར་མངོན། གོང་ས་སྐུ་ཕྲེང་རིམ་བྱོན་སྤྱི་དང་ཁྱད་པར་ལྔ་བ་ཆེན་པོ་དང་བཅུ་གསུམ་པ་དང་བཅུ་བཞི་པའི་སྐུ་ཚེའི་ལོ་རྒྱུས་ནང་གནས་ཆུང་ཆོས་སྐྱོང་ཆེན་པོས་མཛད་རྗེས་ཆེན་པོ་བཞག་གནང་ཡོད་པ་རེད། དཔེར་ན་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་རྒྱལ་ཚབ་དེ་མོ་བླ་བྲང་གིས་རྒྱལ་བ་ཐུབ་བསྟན་རྒྱ་མཚོར་མནན་གཏད་བརྒྱབ་པ་གནས་ཆུང་གིས་གསལ་འདོན་གནང་བ་དང་། བཅུ་གསུམ་པ་ཞིང་དུ་གཤེགས་རྗེས་བཅུ་གཞི་པ་གང་དུ་འཁྲུངས་ཡོད་མེད་ཀྱང་གནས་ཆུང་གིས་བཀའ་ལུང་ཧ་ཅང་གསལ་བོ་ཕེབས་འདུག མདོ་སྨད་ལ་མཚོན་ན་བླ་བྲང་བཀྲ་ཤིས་འཁྱིལ་བར་གནས་ཆུང་སྲུང་མའི་གཙོ་བོ་ཞིག་ཏུ་བཀུར་བའི་ལུགས་སྲོལ་ཞིག་གནའ་ནས་ཡོད་འདུག་ཅིང་། བདག་གི་རིགས་བདག་ལ་མོའི་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་མཚོན་ན་བླ་བྲང་དུ་སློབ་གཉེར་བ་ཚོས་གནས་ཆུང་ཅི་ཙམ་ཞིག་མཆོད་མིན་ལ་མ་ལྟོས་པར་མང་རའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ཕྱག་བཏབ་རྗེས་སུ་གྲྭ་ཚང་གི་སྲུང་མའི་གྲས་སུ་གནས་ཆུང་འཇོག་གནང་མཛད་མི་འདུག དེའི་རྒྱུ་མཚན་གསལ་བོ་ཞིག་མ་ཤེས་ཀྱང་། བོད་ཡུལ་གྱི་ས་ཆ་ལ་ལར་རྒྱལ་པོ་བསྟེན་ཞེས་པའི་རྒྱལ་པོ་དེ་འཇིག་རྟེན་པའི་སྲུང་མ་མ་རུངས་པ་ཞིག་ལ་གོ་བ་ལེན་སྲོལ་ཡང་ཡོད་པས། ཁོང་གིས་ང་ཚོའི་ས་གནས་ཡུལ་མི་ཚོས་སྲུང་མའི་གཙོ་བོ་དཔལ་ལྡན་ལྷ་མོ་རང་ལ་བྱེད་པའི་སྲོལ་རྒྱུན་ལ་ཐུགས་སྣང་མཛད་པ་ཞིག་ཡིན་ནམ་གསལ་བོ་ཞིག་ཞུ་རྒྱུ་མེད། བླ་བྲང་བཀྲ་ཤིས་འཁྱིལ་དུ་དཔེ་ཆ་བ་ང་རྒྱལ་ཅན་ཚོར་གནས་ཆུང་ཐུགས་མི་མཉེས་པའི་བཤད་རྒྱུན་ཡང་ཡོད་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བླ་བྲང་ལ་བསྐུར་བའི་ཀ་རྩོམ་ལས། ཀ་ཡེ་ཁོ་བོ་གཞན་དུ་སོང་ཤུལ་ནས། །
ཁ་ནས་ཅི་བཤ ཨད་མེད་པའི་ཨ་ཁུ་འགས། །
ག་ཡང་གནས་ཆུང་འཕྲིན་ལས་རྒྱལ་པོ་ཡིས། །
ང་རྒྱལ་ཆེ་བས་སྡོད་དུ་མ་བཅུག་ཟེར། །
ཞེས་པ་ལས་རྟོགས་ནུས་ལ། བླ་བྲང་དགོན་པར་གང་འདོད་དུ་ཀུན་མཁྱེན་ཡིག་ཆ་སོགས་ལ་ལུང་དོན་བཞག་རྗེས་གནས་ཆུང་ལ་བསྐང་གསོ་མ་ཕུལ་ན་འཁུ་ལྡོག་ཡོང་བའི་བཤད་སྲོལ་ཡང་ཡོད་ཚུལ་ཐོས།
སླེ་ལུང་བཞད་པའི་རྡོ་རྗེའི་<<བསྟན་སྲུང་དམ་ཅན་རྒྱ་མཚོའི་རྣམ་པར་ཐར་པའི་>> ནང་དུ་གནས་ཆུང་ཆོས་སྐྱོང་འདིའི་ལོ་རྒྱུས་དེ་སྲུང་མའི་ལོ་རྒྱུས་རྒྱས་ཤོས་སུ་སྣང་ལ། བོད་ཀྱི་ཆོས་སྐྱོང་སྤྱིའི་ཁྲོད་ནས་ཀྱང་སྲུང་མ་བསོད་ནམས་ཆེ་ཤོས་ཏེ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་སློབ་དཔོན་ཆེན་པོ་ཆེ་པདྨ་སམྦྷ་ཝའི་ཞལ་མཇལ་དམ་བཞག་མཛད་པ། སྲུང་མ་མཛད་རྗེས་ཆེ་ཤོས་ཏེ་བོད་ཀྱི་མདོ་སྔགས་བསྟན་པའི་ཆུ་མགོ་ཐུག་ས་དཔལ་བསམ་ཡས་གཙུག་ལག་ཁང་གི་བདག་པོར་བཞེངས་པ། སྲུང་མ་རྒྱབ་རྟེན་ཆེ་ཤོས་ཏེ་རྒྱལ་དབང་རིམ་བྱོན་དང་དགའ་ལྡན་ཕོ་བྲང་གི་སྲུང་མའི་གཙོ་བོར་གྱུར་པ། སྲུང་མ་སྐྱིད་ཤོས་ཏེ་བོད་ཡུལ་གྱི་སྲུང་མ་ཞིག་ལ་གཞུང་སྒེར་གཉིས་ཀས་གསོལ་མཆོད་བྱེད་པ་མ་ཟད་སྲུང་མ་རང་གི་མཚན་ལྡན་གྲྭ་ཚང་ཚད་ལྡན་ཞིག་ཀྱང་བཞུགས་པ། སྲུང་མ་བརྟན་ཤོས་ཏེ་འབྱུང་ཁུངས་རྒྱལ་བ་ཀུན་གྱི་སྤྲོ་བསྡུའི་བྱེད་པོ་རྒྱལ་བ་རིགས་ལྔར་གཏུག་རྒྱུ་ཡོད་པ། སྲུང་མ་གཟི་བརྗིད་ཆེ་ཤོས་ཏེ་གྲུབ་མཐའ་རིས་མེད་ཀྱི་བླ་མ་སྤྱི་དང་ཁྱད་པར་རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་ཕལ་མོས་སྲུང་མ་འདིའི་གསོལ་བསྟོད་ཀྱི་ཆོ་ག་རིང་ཐུང་ཅི་རིགས་བརྩམས་གནང་མཛད་ཡོད་པ་ལགས་སོ།། དེ་བཞིན་སྔ་འགྱུར་རྙིང་མ་པར་མཚོན་ན་དགོན་སྡེ་ཆེན་པོ་དྲུག་ཏུ་སྐུ་ལྔ་མཉམ་དུ་གསོལ་མཆོད་བྱེད་པའི་ལུགས་སྲོལ་ཡོད་མོད། གནས་ཆུང་ཟུར་དུ་ཕྱུངས་ནས་མཆོད་བསྟོད་བྱེད་སྲོལ་རྙིང་མ་མི་སྒེར་ལ་མ་གཏོགས་དགོན་པ་ཚོར་དེ་ཙམ་ཁྱབ་ཆེན་པོ་མི་འདུག་ལ། གནས་ཆུང་དང་གནོད་སྦྱིན་ཙིའུ་དམར་པོ་གཉིས་ངོ་བོ་གཅིག་ལ་རྣམ་འགྱུར་ཐ་དད་དུ་དགོངས་ནས་གསོལ་མཆོད་གནང་མཁན་རྙིང་མ་པ་ཧ་ཅང་མང་། ས་སྐྱ་པར་གུར་ལྷ་བརྒྱད་སྲུང་མའི་གཙོ་བོ་དང་། བཀའ་བརྒྱུད་པར་དང་པོ་གུང་ཐང་བླ་མ་ཞང་གི་དགོན་པ་ཚལ་གུང་ཐང་དུ་བསྟེན་གསོལ་བྱུང་བ་མ་གཏོགས་རྗེས་ཀྱི་མི་རབས་ལ་མཚོན་ན། མགོན་པོ་ཕྱག་དྲུག་ཕྱག་བཞི་ཕྱག་གཉིས་ཚེ་རིང་མཆེད་ལྔ་དུད་སོལ་མ་སོགས་སྲུང་མའི་གཙོ་བོ་ཞིག་ཏུ་སྣང་ལ། འབྲི་གུང་བཀའ་བརྒྱུད་པར་མཚོན་ན་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་ཨ་ཕྱི་སྲུང་མར་འཕོས་པ་ཨ་ཕྱི་ཆོས་ཀྱི་སྒྲོན་མ་ཞུ་བ་དེ་སྲུང་མའི་གཙོ་བོ་ཞིག་ཡིན་པར་སྣང་།

གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཁག་ཅིག་ནི་རྒྱལ་དབང་ལྔ་པ་ཆེན་པོ་མཛད་པའི་<<གནས་ཆུང་དཀར་ཆག>>དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་<<གནས་ཆུང་དཀར་ཆག་ས་གསུམ་གཡོ་བའི་ང་རོ>> བྱེས་ཀྱི་གནས་ཆུང་གྲྭ་ཚང་གི་དགེ་སློང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་ <<གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་ཆོས་འབྱུང་ཀུན་གསལ་ཆུ་ཤེལ་དབང་པོ>> ཞེས་པའི་དེབ་དེའི་ནང་དུ། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་བྱུང་བ་དང་། དགའ་ལྡན་ཕོ་བྲང་གིས་གནས་ཆུང་དགོན་དར་རྒྱས་སུ་མཛད་ཚུལ། འབྲས་སྤུངས་དགོན་དང་གནས་ཆུང་ཆོས་རྒྱལ་བར་གྱི་འབྲེལ་བའི་འཕེལ་རིམ། གནས་ཆུང་དགོན་པའི་སྐྱབས་རྗེ་རྣམ་གཉིས་ཀྱི་བྱུང་རིམ། འཕགས་ཡུལ་གནས་ཆུང་གྲྭ་ཚང་གི་བྱུང་བ། གནས་ཆུང་དང་འབྲེལ་བའི་བོད་དུ་ལོ་འཁོར་གཅིིག་གི་མཛད་རིམ་བཅས་ཁུངས་ལྡན་ལོ་རྒྱུས་དག་ལ་གཞི་བཅོལ་ནས་བྲིས་འདུག་པས། གནས་ཆུང་རིག་པ་འདིའི་སྤྱི་དང་བྱེ་བྲག་རིགས་གཅིག་རྐང་འཛིན་གྱི་ཞིབ་འཇུག་བྱེད་མཁན་དག་གིས་དེབ་དེར་ངེས་པར་དུ་གཟིགས་དགོས་ཤིང་། དེབ་འདིའི་ནང་དུ་གནས་ཆུང་སྐུ་རྟེན་ཁག་ཅིག་གི་ཐང་ཀ་དང་ལྡེབས་རིས། སྐུ་འབག་དང་འདྲ་པར། རྒྱལ་པོ་པེ་ཧར་གྱི་བླ་ཤིང་སྒྲོ་བའི་སྡོང་པོའི་འདྲ་པར་དང་རྒྱལ་སྲས་མུ་ནེ་བཙན་པོས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་རྒྱལ་པོ་པེ་ཧར་གྱི་སྐུ་རྟེན་བསེ་འབག་སྨུག་ཆུང་སོགས་གདན་འདྲེན་པའི་བྲིས་རིས་སོགས་ཀྱང་འདུག་ལ། གཞན་ཆོས་རིག་ལས་ཁུངས་ནས་རྩོམ་སྒྲིག་གནང་བའི་ <<རྒྱལ་བའི་བསྟན་སྲུང་གནས་ཆུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་རྟོགས་བརྗོད་ལྷ་ཡི་རོལ་མོ་དམ་ཅན་དགྱེས་པའི་སྒྲ་དབྱངས་>> ཞེས་པ་དེར་ཡང་རྒྱལ་དབང་ན་རིམ་དང་གནས་ཆུང་བར་གྱི་འབྲེལ་བའི་སྐོར་ཁུངས་ལྡན་གྱི་ལུང་འདྲེན་མང་པོ་ཞིག་འདུག་པས་གཟིགས་རྟོག་གནང་བར་ཞུ། དེབ་དེར་དྲངས་པའི་རྒྱལ་དབང་དགེ་འདུན་རྒྱ་མཚོའི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་དགེ་སློང་དཀོན་མཆོག་སྐྱབས་ཀྱིས་མཛད་པའི་ནང་དུ། ཞབས་འབྲིང་འགའ་ཞིག་གིས། དེ་རིང་ཕེབས་ལམ་ཤིན་ཏུ་སྤྲོ་ཞིང་ནམ་དཔྱད་ཡ་མཚན་ཅན་ལེགས་པ་རང་ཞིག་བྱུང་ཞུས་ཚེ། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། དེ་ཀ་འདུག སྔར་ནས་བསམ་ཡས་ངོས་ལ་ཡོང་ཚེ་དབྱར་དགུན་གང་ལའང་ནམ་དཔྱད་ལེགས་པ་སོགས་ཆོས་རྒྱལ་ཆེན་པོ་མཉེས་པའི་རྣམ་འགྱུར་སྟོན་པ་ཞིག་ཡོང་གི་ཡོད། དེ་རིང་ཡང་ཐུགས་མཉེས་པའི་གཞི་ལེན་གྱི་ཚུལ་གང་ཡང་ཡོད་རིགས་ན་འདུག་གསུང་། སླར་གསོལ་བ། འོ་ན་ཆོས་རྒྱལ་ཆེན་པོ་འདི་ཡེ་ཤེས་པ་ཡིན་མིན་གྱི་དཔྱད་གཞི་སྣ་ཚོགས་ཤིག་འདུག་པ་དེ་ཇི་ལྟར་ལགས་ཞུས་ཚེ། བཀའ་སྩལ་པ། རྡོ་རྗེ་སློབ་དཔོན་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་སངས་རྒྱས་དངོས་དེས་ཆོས་རྒྱལ་ཆེན་པོ་ལྟ་བུའི་དབང་པོ་རྣོན་པོའི་རྡོ་རྗེའི་སློབ་མ་ཁྱད་པར་ཅན་དེ་ལ་གསང་སྔགས་ཀྱི་དབང་བསྐུར་དམ་ལ་བཞག དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་སློབ་མ་ཁྱད་པར་ཅན་འདི་ལྟ་བུ་ཡེ་ཤེས་པ་ཡིན་ནམ་བསམ། དེའི་རྒྱུ་མཚན། མ་སྒོམ་གྱུར་ཀྱང་ལྟུང་མེད་ན།།སྐྱེ་བ་བཅུ་དྲུག་དག་ལ་འགྲུབ།། གསུངས་པ་འདི་སྙིགས་དུས་ཀྱི་ཚེ་ཐུབ་བཅུ་དྲུག་པ་ལ་དགོངས་པ་ཡིན་གསུང་། ཞེས་པ་ལྟ་བུ་གནས་ཆུང་ཆོས་སྐྱོང་ཆེན་པོ་སྐྱེ་འཕགས་གང་ཡིན་གྱི་ཚད་གཞིར་འཛིན་ཆོག་པའི་རྡོ་རྗེའི་གསུང་ཚིག་ཀྱང་འདི་རུ་སྣང་། གཞན་གནས་ཆུང་དྲུང་ཡིག་ཡེ་ཤེས་ཡར་འཕེལ་ཞུ་བས་བརྩམས་པའིི་<<གནས་ཆུང་དཀར་ཆག>>ཅེས་པ་ཞིག་ཀྱང་ཡོད་འདུག་མོད་བདག་གིས་མ་མཇལ། གྲ་བཞི་མིག་དམར་ཚེ་རིང་གིས་བརྩམས་པའི་དབང་དྲག་རོལ་བའི་དགའ་ཚལ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་དཀར་ཆག་མཐོང་བ་དོན་ལྡན་ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༢༠༡༠ ལོར་དཔར་སྐྲུན་བྱས་པའི་དེབ་སྤུས་ལེགས་ལོ་རྒྱུས་དང་འདྲ་པར་ཤན་སྦྱར་མ་ཧ་ཅང་ཡག་པོ་ཞིག་ཀྱང་འདུག

གནས་ཆུང་ཆོས་སྐྱོང་ཆེན་པོའི་གསོལ་མཆོད་ཆོ་ག་རྒྱུས་བསྡུས་ཅི་རིགས་བརྩམས་གནང་མཛད་པའི་སྐྱེས་ཆེན་ཁག་ཅིག་གི་མཚན་ཐོ་གཤམ་གསལ།
སློབ་དཔོན་རིིན་པོ་ཆེ་པདྨ་འབྱུང་།
རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ།
པཎ་ཆེན་དཔལ་ལྡན་ཡེ་ཤེས།
ཁལ་ཁ་རྗེ་བཙུན་དམ་པ།
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
རྟ་ཚགས་བསྟན་པའི་མགོན་པོ།
གུང་ཐང་བསྟན་པའི་སྒྲོན་མེ།
མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས།
བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས།
སོག་པོ་བློ་བཟང་རྟ་དབྱངས།
རིག་འཛིན་པདྨ་བཞད་པའི་རྡོ་རྗེ།

བདུན་ཕྲག་ཁ་ཤས་སྔོན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་ཁོག་ཞུགས་གནང་བའི་ཡུལ་དངོས་ཀྱི་གནས་ཚུལ་ཞིག་ངོ་དེབ་བརྒྱུད་དེ་ཐད་གཏོང་གནང་སོང་ལ། ཐོག་མར་སྐུ་རྟེན་ལ་ལྷ་ཆས་བསྒྲོན་ནས་བཞུགས་ཁྲིར་སྤྱན་འདྲེན་དང་། དེ་རྗེས་མགོན་ཁང་བ་སོགས་ཀྱིས་སྤྱན་འདྲེན་གྱི་ཆོ་ག་ཁྱད་པར་བ་དག་རྒྱུན་རིང་ཙམ་གསུངས་ཤིང་། དེ་རྗེས་ག་ལེར་སྐུ་རྟེན་གྱི་སྐུ་ལུས་འདར་བ་དང་དབུ་གཡུག་པ། ཕྱག་གིས་གར་སྟབས་མཛད་པ་སོགས་ཆོས་སྐྱོང་སྐུ་ཕེབས་ཀྱི་རྣམ་འགྱུར་སྟོན་གནང་མཛད། དེ་ནས་སྐུ་ཕེབས་དངོས་གཞིའི་སྟབས་སུ་མ་འོངས་ལུང་ཞུ་དང་བདེ་སྡུག་སྙན་ཞུ་སོགས་ཀྱི་བཀའ་ལན་བསྩལ་རྗེས། གནས་ཆུང་ཕྱག་ནས་ཞེས་པའི་དམ་རྫས་སྐད་གྲགས་ཅན་དེར་བྱིན་འབེབས་གནང་གྲུབ་པ་དང་བསྟུན་ཡར་བཞེངས་ཏེ་རབ་གནས་གནང་ཡུལ་ཁག་ལ་གར་སྟབས་ལང་ལིང་གིས་ཕེབས་པ་སོགས་ཧ་ཅང་གཟི་རྔམ་བྱིན་རླབས་དང་ལྡན་པ་ཞིག་མཇལ་རྒྱུ་བྱུང་བ་ཡང་ངོ་མཚར་ཆེ་ལ་རྩོམ་ཡིག་འདི་ལྟ་བུ་འབྲི་མཁན་ཞིག་ལ་མཚོན་ན་རིན་ཐང་བྲལ་བའི་དངོས་ཡོད་ཀྱི་རྒྱུ་ཆ་ཚད་ལྡན་ཞིག་ཀྱང་རེད།
གནས་ཆུང་ཆོས་རྒྱལ་ཆེན་པོ་བསྟེན་མཁན་ནི་གཞི་རྩའི་ཆ་ནས་དགོན་སྡེ་ཁག་ཅིག་ཡིན་ཞིང་། དམངས་ཁྲོད་དུ་དཔལ་ལྡན་ལྷ་མོ་ལྟ་བུ་བསྟེན་མཁན་གྲངས་འབོར་དེ་ཙམ་མང་པོ་ཡོད་མེད་མ་ངེས། ཡོངས་གྲགས་སུ་གནས་ཆུང་བསྟེན་མཁན་གྱི་དགེ་ལུགས་པའི་དགོན་སྡེ་ཁག་ཅིག་ནི། འབྲས་སྤུངས་སྒོ་བློ་གཉིས། སེ་ར་སྨད། གནས་ཆུང་གྲྭ་ཚང་། བླ་བྲང་བཀྲ་ཤིས་འཁྱིལ། ཏྲེ་ཧོར་དཀར་མཛེས་དགོན། ཏྲེ་ཧོར་དར་རྒྱས་དགོན། བྲག་ཡབ་གླ་དགོན། བལ་ཡུལ་འཕགས་ཤིང་ཐུགས་རྗེ་ཆོས་གླིང་། ཁམས་དབུས་སྔ་འགྱུར་སྨིན་གྲོལ་བྱང་ཆུབ་གླིང་། འབྲུག་པ་བཀའ་བརྒྱུད་ཐུབ་བསྟན་གསང་སྔགས་ཆོས་གླིང་། གོང་གསལ་དགོན་སྡེ་ཁག་ཅིག་གི་མཚན་བྱང་<<གནས་ཆུང་རྟོགས་བརྗོད་དམ་ཅན་དགྱེས་པའི་སྒྲ་དབྱངས>>སུ་གསལ་བ་གཞིར་བཞག་པ་ཡིན།

གནས་ཆུང་སྐུ་རྟེན།
གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་བསྟེན་ནམ་སྐུ་རྟེན་བཅུ་བདུན་རིམ་བྱོན་གྱི་མཚན་ཐོ་གཤམ་གསལ།
༡ བློ་བཟང་དཔལ་ལྡན། དུས་ཚོད་མ་ངེས།
༢ བྱམས་པ་རྒྱ་མཚོ། རིན་སྒང་པ། ཕལ་ཆེར་རྒྱལ་དབང་ལྔ་པ་སྐུ་ན་གཞོན་དུས་སུ་ཡིན་སྙམ།
༣ ནང་སོ་དགོས་ནོར། རྒྱལ་དབང་ལྔ་པའི་སྐུ་དུས་ཡིན་པ་དུ་ཀྰུ་ལའི་གོས་བཟང་དུ་གསལ།
༤ སྲས་པོ་བསོད་ནམས། རྒྱལ་དབང་ལྔ་པའི་སྐུ་དུས།
༥ ཚེ་དབང་དཔལ་འབྱོར། སྤྱི་ལོ ༡༦༧༩ ལོར་སྐུ་རྟེན་གནང་། རྒྱལ་དབང་ལྔ་པའི་སྐུ་དུས།
༦ བློ་བཟང་ལེགས་འབྱོར། ༡༦༩༠ ལོར་སྐུ་རྟེན་གནང་།
༧ ཚངས་དབྱངས་རྟ་མགྲིན་ནམ་བློ་བཟང་བཀྲ་ཤིས། ༡༧༢༥ ལོར་སྐུ་རྟེན་གནང་། རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས།
༨ ངག་དབང་རྒྱ་མཚོ། ༡༧༤༧ ལོར་སྐུ་རྟེན་གནང་། རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས།
༩ གཡུ་ལོ་བཀོད་པ། ༡༨༢༢ ལོར་སྐུ་རྟེན་ཡིན་པར་གསལ། རྒྱལ་དབང་སྐུ་ཕྲེང་བཅུ་པའི་སྐབས།
༡༠ བསྐལ་བཟང་ཚུལ་ཁྲིམས། ༡༨༣༧ ལོར་སྐུ་རྟེན་གནང་། རྒྱལ་དབང་སྐུ་ཕྲེང་བཅུ་པའི་སྐབས།
༡༡ ཤྰཀྱ་ཡར་འཕེལ། ༡༨༦༢ ལོར་སྐུ་རྟེན་གནང་། སྐུ་རྟེན་འདིའི་སྐབས་སུ་སྐུ་རྟེན་ལ་གཞུང་ས་ནས་ཏྰ་བླ་མའི་གོ་གནས་བསྩལ། རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པའི་སྐབས།
༡༢ བློ་བཟང་བསོད་ནམས། ༡༩༠༡ ལོར་སྐུ་རྟེན་གནང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས།
༡༣ རྒྱལ་མཚན་མཐར་ཕྱིན། ༡༩༡༣ ལོར་སྐུ་རྟེན་གནང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས།
༡༤ བློ་བཟང་བསོད་ནམས། ༡༢ པ་ཡང་སྐྱར། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས།
༡༥ བློ་བཟང་རྣམ་རྒྱལ། ༡༩༣༦ ལོར་སྐུ་རྟེན་གནང་། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ངོས་འཛིན་གནང་བར་མཛད་རྗེས་བླ་མེད་འཇོག་གནང་མཛད།
༡༦ བློ་བཟང་འཇིགས་མེད། ༡༩༤༥ ལོར་སྐུ་རྟེན་གནང་། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་སྐབས།
༡༧ ཐུབ་བསྟན་དངོས་གྲུབ། ༡༩༨༧ ལོ་ནས་བཟུང་སྐུ་རྟེན་གནང་།

དེང་སྐབས་འཚོ་བཞུགས་ཀྱི་གནས་ཆུང་སྐུ་བསྟེན་ཁོང་ནི་ཁོ་བོས་དངོས་སུ་མཇལ་མ་མྱོང་ཡང་། ཡོངས་གྲགས་སུ་མཁས་བཙུན་བཟང་གསུམ་འཛོམས་པ། སྒྲུབ་པ་ཉམས་ལེན་ལ་གཞོལ་ཞིང་ཀུན་དང་འགྲོག་བདེ་བ། གཞན་ཕན་གྱི་ཕྱག་ལས་ལ་དུས་རྟག་ཏུ་བརྩོན་གནང་བ་ཞིག་ཅེས་ཐོས་པས། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན། དེ་བཞིན་བོད་ཀྱི་འབྲས་སྤུངས་དགོན་པའི་ཞོལ་དུ་ཆགས་པའི་གནས་ཆུང་གྲྭ་ཚང་དང་རྒྱ་གར་རྡ་སའི་གནས་ཆུང་གྲྭ་ཚང་། གནས་ཆུང་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་སོགས་གནས་ཆུང་ཆོས་སྐྱོང་གི་མཚན་གནས་དང་འབྲེལ་བའི་དགོན་པ་དང་བླ་མ་ཚད་ལྡན་ཡང་མཇལ་དུ་ཡོད་པ་ལགས།

གནས་ཆུང་ཕྱག་ནས།

ང་ཚོ་ནང་པ་སངས་རྒྱས་པའི་ལུགས་སྲོལ་ལ་བླ་མ་མཁས་གྲུབ་དམ་པ་དག་གི་ཕྱག་ནས་འོངས་པའི་འབྲུ་རིགས་དང་སྐུ་གསུང་ཐུགས་རྟེན་གྱི་རིགས། ཁ་བཏགས་དང་ཕྱག་མདུད་སོགས་ལ་ཧ་ཅང་དད་གུས་ཆེན་པོ་ཞུ་སྲོལ་ཞིག་ཡོད་པ་དང་། བོད་ཀྱི་ཆོས་སྐྱོང་ཁག་གི་རྟེན་རྫས་ཀྱི་ཁྲོད་ནས་གནས་ཆུང་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་སྐབས་སུ་བྱིན་རླབས་མཛད་དེ་གཏོར་གནང་བའི་ནས་འབྲུ་དག་ལ་གནས་ཆུང་ཕྱག་ནས་ཞེས་དད་གུས་ཡིད་ཆེས་ཚད་མཐོན་པོ་ཞིག་བྱས་དང་བྱེད་བཞིན་པ་རེད། སྐུ་བསྟེན་སྔོན་མ་ཚོའི་སྐབས་སུ་ཕྱག་ནས་ལ་དེ་ཙམ་གྱི་བྱིན་རླབས་ཆེན་པོ་ཐོན་པའི་ལོ་རྒྱུས་ཁ་གསལ་མ་མཇལ་ཡང་། དེང་སྐབས་ཞལ་བཞུགས་པའི་སྐུ་བསྟེན་འདིར་གནས་ཆུང་སྐུ་ཕེབས་བྱུང་བའི་སྐབས་སུ་བྱིན་གྱིས་བརླབས་གནང་བའི་གནས་ཆུང་ཕྱག་ནས་ཀྱི་ཕན་ནུས་ཡ་མཚན་ཅན་དེ་ནི་བོད་པ་དང་སོག་པོ་ནང་ཆོས་དད་ལྡན་པ་ཙམ་དུ་མ་ཟད། ཕྱི་རྒྱལ་བ་ནང་ཆོས་ཀྱི་ཕན་ཡོན་དེ་ཙམ་མི་ཤེས་པ་བརྒྱ་སྟོང་མང་པོར་མངོན་སུམ་ཚད་མར་གྱུར་པའི་སྒྲུང་རིང་ཐུང་མང་པོ་ཞིག་བརྗོད་རྒྱུ་འདུག་ཅིང་། ང་ཚོའི་ས་གནས་སུ་གནས་བཞུགས་སྐུ་ངོ་བཀྲིས་རྣམ་གྱི་སྐུ་ཟླས་གསུངས་གསལ་ལ། ལོ་མང་སྔོན་སྐབས་ཤིག་ཁོང་བོད་པ་གྱོན་ཆས་འཚོང་མཁན་ཁག་ཅིག་དང་མཉམ་དུ་རྒྱ་གར་མེ་འཁོར་ནང་སྐྱོད་སྐབས། བོད་པ་ཚོང་པ་ཕལ་མོ་ཆེར་དངུལ་དམར་ཕོན་ཆེན་མཉམ་འཁྱེར་བྱ་རྒྱུ་འདུག་ཀྱང་གནས་ཆུང་ཕྱག་ནས་ཡོད་པས་རྐུན་མར་དེ་ཙམ་སྐྲག་གི་མི་འདུག་ལ། གྲྭ་སའི་གྲྭ་པ་ཞིག་ལ་དངུལ་དམར་མང་ཙམ་འདུག་ཀྱང་གནས་ཆུང་ཕྱག་ནས་ལ་དེ་ཙམ་ཡིད་ཆེས་མེད་པའི་བཟོ་ལྟ་འདུག མཚན་མོར་ཚང་མ་གཉིད་ཤུལ་དུ་རྒྱ་གར་རྐུན་མ་བསླེབས་ནས་གྲྭ་པ་དེའི་དངུལ་ཚང་མ་བརྐུས་སོང་བ་མ་གཏོགས་བོད་པའི་ཚོང་པ་གཞན་དག་གི་དངུལ་བརྐུས་མེད་པའི་དངོས་སྒྲུང་ཞིག་བརྗོད་སོང་། གོང་གསལ་བཅར་འདྲི་དེའི་ནང་དུ་སྐུ་ངོ་གནས་ཆུང་སྐུ་བསྟེན་གྱིས་ཁོང་ལ་འཕྲད་པའི་ཕྱི་རྒྱལ་བ་ཚོས་རླངས་འཁོར་བརྡབས་སྐྱོན་ལས་བསྐྱབས་པ་དང་མེ་ཡིས་མ་ཚིག་པ་སོགས་གནས་ཆུང་ཕྱག་ནས་ཀྱི་ཕན་ནུས་བརྗོད་པ་དག་ལ་ཡང་གསན་འཚལ། སྤྱིར་གནས་ཆུང་ཆོས་རྒྱལ་ཆེན་པོ་ཧོར་ཡུལ་ནས་གདན་འདྲེན་དུས། ཧོར་ལྷ་གནམ་ཐེལ་དཀར་པོ་ཞེས་པ་དངོས་རྫས་ཁབ་ཙམ་གྱི་རྗེས་སུ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ཙམ་རེར་རྗེས་དེད་ནས་བསླེབ་ཡོང་བ་ཞིག་ཡིན་ལུགས་ལོ་རྒྱུས་ཡིག་ཆ་ཁག་ཏུ་འཁོད་པར་གཞིགས་ན། གནས་ཆུང་ཕྱག་ནས་ཀྱིས་ཆོས་མཐུན་གྱི་དངོས་རྫས་ཡོ་བྱད་དག་ལ་སྲུང་སྐྱོབ་མཛད་པ་འདི་ལ་ཡིད་ཆེས་བླ་ལྷག་ཏུ་འཕེལ་ལོ།། དེ་བཞིན་བླ་མ་བདག་ཉིད་ཆེན་པོ་ཆེན་པོ་མཆོག་གིས་རྟག་པར་ང་ལ་རྒྱུས་ཆེ་ཤོས་དེ་གནས་ཆུང་ཆོས་སྐྱོང་དང་གནས་ཆུང་ཆོས་སྐྱོང་ལ་རྒྱུས་ཆེ་ཤོས་དེ་ང་རང་ཡིན་ཞེས་གསུངས་པར་བརྟགས་ན་ཡང་། གནས་ཆུང་ཆོས་སྐྱོང་ཆེན་པོ་འདི་ཉིད་ནི་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་སུ་ཟིན་ཀྱང་བསྟན་དང་བསྟན་འཛིན་བསྟན་པའི་གནས་གཞི་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་འཇིག་རྟེན་དྲེགས་པའི་ལྷ་མཆོག་ཏུ་བཞེངས་ཏེ་འཕྲིན་ལས་རྣམ་བཞིའི་རྣམ་འགྱུར་ཆུ་ཟླའི་རོལ་གར་བཞིན་བསྒྱུར་དང་སྒྱུར་བཞིན་པའི་བསྟན་སྲུང་ཀུན་གྱི་ཡང་རྩེ་ཞིག་ཏུ་བཞུགས་པར་འདོད་དོ།། །།

བསྐྱར་བཅོས།: ༢༠༢༠/༠༡/༠༦

Leave a Reply

5 thoughts on “གནས་ཆུང་ཆོས་སྐྱོང་དང་གནས་ཆུང་སྐུ་རྟེན། ད་དུང་གནས་ཆུང་ཕྱག་ནས།

  1. ཐོག་མ་དང་པོ་ནས་ཧོར་གྱི་སྒོམ་གྲྭ་དང་རྒྱུ་ནོར་ནི་བསྲུངས་ཐུབ་མི་འདུག ཕན་ཐོགས་པོ་ཞིག་མིན་པ་ནི་ཟུར་ལྟས་ལེབ་མཐོང་རེད་འདུག ད་དུང་བདག་པོ་རྒྱག་མ་འོངས་ལུང་བསྟན་འདྲ་ཞུ།། ལུང་བསྟན་རྫུན་མ་འདྲ་བཤད་། ད་ཡིན་ན་ཐབས་སྐྱོ་པོ་རེད་།
    ་ ོ

  2. ངག་གི་དབང་ཕྱུག།

    འབྲོམ་སྟོན་པ་ཡིན་ནམ་སྙམ་པ་ཞིག་གིས་བཀའ་གདམས་གླེགས་བམ་དུ་པེ་ཧར་སོགས་འདྲེ་ཡིན་པས་བསྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་གསུངས་འདུག་དྲན། མ་གཞི་སྐྱེས་བུ་དམ་པར་གྲགས་པ་སོགས་ཀྱིས་སྣ་ཚོགས་གསུངས་པས་ལུང་ཙམ་གྱིས་ཕུག་ཆོད་དཀའ་མོ་འདུག།

  3. རྟ་བདུན་དབང་བོ

    ཧོར་གྱི་སྒོམ་གྲྭ་ཞིག་བཅོམས་ནས་དེའི་རྒྱུ་ནོར་ཐམས་ཅད་འཁྱེར་དུས་གནས་ཆུང་དེའི་རྗེས་སུ་འབྲངས་ནས་སླེབས་པ་རེད་ཟེར། ད་དེ་འདྲ་ཞིག་དངོས་གནས་ཡིན་དུས་དཀོར་བདག་ཟེར་བ་ཞིག་དགོས་དོན་གཏན་ནས་མི་འདུག་སྙམ། ཁོང་གིས་དཀོར་སྲུང་མ་ཐུབ་པར་མ་ཟད་ཁོང་ཡང་དེའི་རྗེས་སུ་འགྲོ་ཚར་འདུག །