རྫ་སྨད་དབོན་པོ་རུ་མུ་མཐུད་དམ་དྲག་ཆེན་པོ་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་རྫ་དབོན་པོ་ཁུལ་དུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་དང་བསྟུན་རྗེས་ཕྱོགས་ཆབ་སྲིད་ཀྱི་གནས་ཚུལ་རིགས་མི་བཟོ་བའི་ཁག་ཐེག་བྱེད་དུ་འཇུག་གི་ཡོད་འདུག 

དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་རྫ་སྨད་དབོན་པོ་གྲོང་རྡལ་གྱི་སྲང་ལམ་གང་སར་དྲག་ཆས་སྤྲས་པའི་དམག་དཔུང་གིས་ཁེངས་ཏེ། ས་གནས་ཡུལ་མི་དང་སྡེ་བ་གཞན་ནས་ཡོང་བའི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། དོགས་གནས་བྱུང་ཚེ་ཉེན་རྟོག་ཁང་དུ་འབོད་འགུག་གིས་འདྲི་རྩད་དང་གང་བྱུང་ཁ་པར་ནང་དུ་སྔོག་གཤེར་སོགས་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་གསར་འགོད་པར། ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡༡ ནང་རྫ་སྨད་དུ་རྒྱ་རྒོལ་གྱི་བོད་དོན་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་བ་ནས་བཟུང་སྟེ། རྒྱ་ནག་གཞུང་གི་དམག་མི་མང་པོས་ལག་དུ་མེ་མདའ་དང་། ཉེན་འགོག་འགྱིག་ཕུབ་སོགས་བཟུང་ནས་སྲང་ལམ་དུ་དམག་སྦྱོང་གིས་ཉིན་ལྟར་མི་མང་ལ་འཇིགས་སྐུལ་དང་། མི་མང་ལ་རྗེས་ཕྱོགས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་རིགས་ལྷག་མི་ཆོག་པའི་ཉེན་བརྡ་གཏོང་བ་དང་། ཁྲིམས་འགལ་རིགས་མི་བྱེད་པའི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དུ་འཇུག་པ་སོགས་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། རྒྱ་ནག་གཞུང་ཉེན་རྟོག་པས་བོད་མི་ཚོས་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་བཞིན་ཡོད་པ་དང་ཁྱིམ་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་ཡོད་པ། འདྲི་རྩད་སྐབས་སྐད་ཆ་བཤད་སྟངས་ནོར་བ་སོགས་ཀྱི་ཉེས་འཛུགས་སྣ་ཚོགས་བྱས་ཏེ། ལོ་གསར་རྙིང་གི་མཚམས་སུ་བོད་མི་སེར་སྐྱ་ ༣༠ བརྒལ་བ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། བཀག་ཉར་འོག་བཞག་པ་རྣམས་ལ་འདས་པའི་ཟླ་ཕྱེད་རིང་རྩམ་པ་གཅིག་པུ་ལས་ཟ་མ་གཞན་གང་ཡང་མ་སྤྲད་པར་ཉིན་ལྟར་འདྲི་རྩད་བཙན་སྐུལ་མང་པོ་བྱས་ཡོད་སྐོར་བརྗོད་བྱུང་།

ཕྱི་ཕྱོགས་སུ་བསྐུར་བའི་དྲག་དམག་གི་པར་རིས་སྐོར་ལ་ཁོང་གིས།དམག་མི་ཚོས་དམག་སྦྱོང་དྲག་ཤུགས་བསྟན་ཏེ་མང་ཚོགས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དང་། ས་གནས་བོད་མིས་ཐབས་ཤེས་སྣ་ཚོགས་བྱས་ཏེ་པར་རིས་ཁག་ཅིག་ལག་སོན་བྱུང་། པར་རིས་དེ་དག་ནི་དྲག་པོའི་དམག་གིས་མང་ཚོགས་ལ་འཇིགས་སྐུལ་བྱེད་བཞིན་པའི་སྐབས་ཀྱི་ཟུར་ཙམ་ཡིན་ལ། ཉིན་འདི་དག་ལ་དབོན་པོ་གྲོང་རྡལ་གྱི་སྲང་ལམ་ལ་མི་མང་གི་འགྲོ་འདུག་རྦད་དེ་ཉུང་དུ་ཕྱིན་ཡོད་སྐོར་བརྗོད་བྱུང་།

འདས་ལོའི་ཕྱི་ཟླ་ ༡༡ ནང་འཛིན་བཟུང་བཙན་འཁྲིད་བྱས་པའི་སྐྱ་སེར་ཚོའི་སྐོར་ལ་ཁོང་གིས། ད་ལྟའི་ཆར་རྒྱ་ནག་ཉེན་རྟོག་པས་རྫ་སྨད་དུ་ཁྱོན་དགེ་འདུན་པ་ལྔ་དང་མི་སྐྱ་གཉིས་བཟུང་བྱས་ཡོད་པ་དང་། དགེ་འདུན་པ་ཚོར་འདས་པའི་ཟླ་ཕྱེད་རིང་བསམ་བློའི་སློབ་གསོ་དགོས་སྐོར་བརྗོད་ནས་ཉིན་ལྟར་བསམ་བློ་བསྒྱུར་བཀོད་ཀྱི་སློབ་གསོའི་ཚོགས་འདུ་ཚོགས་ཡོད་པ་དང་། སེར་སྐྱ་དེ་དག་སེར་ཤུལ་རྫོང་ལ་ཁྲིད་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། རྗེས་སུ་ནང་མིར་ཐུག་འཕྲད་བྱུང་ཡོད་མེད་དང་ཁོང་ཚོའི་གནས་སྟངས་ག་འདྲ་ཡོད་མེད་ཤེས་རྟོགས་ཐུབ་མེད་སྐོར་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༡/༠༦

Leave a Reply