གནས་མཆོག་རྡོ་རྗེ་གདན་གྱི་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་ལེགས་པར་གྲུབ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་བྱོལ་ཉམ་ཐག་ཚོར་ལྟ་སྐྱོང་གི་སྒྲིག་འཛུགས་ལ་ཁྱོན་ཧིན་སྒོར་བྱེ་བ་ ༡ ཞལ་འདེབས་སུ་འབུལ་གཏན་ཁེལ་བ་གསལ་བསྒྲགས་གནང་།དེ་རིང་སྔ་དྲོའི་ཆུ་ཚོད་༩ པའི་ཐོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོར་གདན་གྱི་དུས་དབང་གསུང་ཆོས་ར་བའི་ནང་འཇམ་དབྱངས་ཆོས་སྐོར་ལས་ཆོས་རྒྱལ་གྱི་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བསྩལ་ཏེ་ཉིན་གྲངས་ལྔའི་རིང་གི་བཀའ་ཆོས་ལེགས་པར་གྲུབ་སོང་བ་དང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སྐྱེད་སྐོར་གསུངས་སྐབས། དེང་སང་མིས་བཟོས་པའི་དཀའ་ངལ་གྱི་ཐོག་ལ་འཛམ་གླིང་ནང་རང་བྱུང་གི་འཇིགས་པ་མང་པོ་ཡོང་གི་ཡོད་པ་དང་། ད་ལྟའི་ཆར་ཨོ་གླིང་དུ་མེ་སྐྱོན་ཚབས་ཆེན་འབྱུང་བཞིན་པའི་རྐྱེན་གྱིས་མི་དང་བདག་མེད་སེམས་ཅན་ས་ཡ་ཁ་ཤས་ཀྱི་ཚེ་སྲོག་ཤོར་ཡོད་སྐོར་གསུངས་ནས་ཐུགས་ཕམ་པོ་མཛད།

དེ་ཡང་༸གོང་ས་མཆོག་གིས། དེ་རིང་གི་ཆོས་སྐོར་དེ་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཟེར་བའི་ནང་ནས་གང་ཟག་སྒོས་བཙན་གི་ཆོ་ག་ཆགས་ཡོད་པ་རེད། བསྟན་པ་སྤྱི་བཙན་བྱས་ནས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་དེ་དག་སངས་རྒྱས་ཀྱི་ཆོས་འཛམ་གླིང་སྤྱི་ཁྱབ་ལ་འགྲོ་ཐུབ་རྒྱུ་ཞིག་ཡིན་པ་རེད། གང་ཟག་སྒོས་བཙན་ཟེར་དུས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དབང་ལས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པ་ལ་ཤར་ནས་གང་ལ་གང་གདུལ་གྱིས་ཡི་དམ་ལྷ་ཡི་རྣམ་པ་འདྲ་མི་འདྲ་དང་། དེའི་སྒྲུབ་ཐབས་འདྲ་མི་འདྲ་བྱས་ནས་སླེབས་བསྡད་ཀྱི་ཡོད་པ་རེད། དེ་ནས་བླ་མེད་བརྒྱུད་ཆ་བཞག་ན་མང་ཐག་ཆོད་ཡོད་པ་རེད། ང་ཚོ་བོད་ལ་མཚོན་ན་མང་པོ་ཞིག་ཡོད་རེད་ལ། མ་བསྒྱུར་བ་ཏན་ཏན་མང་པོ་ཡོད་རེད། གང་ལྟར་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་ཡོད་པ་ཡིན་དུས། བཅོམ་ལྡན་འདས་ཀྱིས་གང་ལ་གང་གདུལ་གྱིས་སྤྲུལ་པའི་རོལ་གར་བསྟན་ནས་གསུང་བསྡད་རྒྱུ་ཞིག་དང་། དག་སྣང་གི་ཆོ་གའི་གྲས་དེ་བཅོམ་ལྡན་འདས་མྱ་ངན་ལས་འདས་ཟིན་པ་ཡིན་ན་ཡང་། བཅོམ་ལྡན་འདས་ཀྱི་རྗེས་འབྲང་གྲུབ་ཆེན་ཀླུ་སྒྲུབ་ལ་སོགས་པ་དེ་དག་གིས་ཁ་ཐུག་ཁ་ཐུག་ལ་ལྷག་པའི་ལྷ་ཡི་ཞལ་གཟིགས་ནས་གནང་བསྡད་རྒྱུ་ལྟ་བུ། དཔེར་ན་མཁའ་འགྲོའི་ལུང་བསྟན་ཤར་ཕྱོགས་གྲོང་ཁྱེར་དུ། །ཤིན་ཏུ་བྱ་དཀའི་སྤྱོད་པ་དུ་མ་སྤྱད། །སྒྱུ་མ་ལྟ་བུའི་ཏིང་འཛིན་ཐུགས་ལ་འཁྲུངས། །ནཱ་རོ་ཏ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ནང་བཞིན་རེད། ༧པཎ་ཆེན་ན་རོ་པ་ན་ལནྡྲའི་བྱང་སྒོ་སྲུང་མཁན་རེད། དེ་ནས་རིམ་པས་སྔགས་ཀྱི་ཉམས་བཞེས་གནང་རྒྱུའི་དུས་ལ་སླེབས་དུས་ན་ལནྡྲ་ནས་ཐོན་ཕེབས་ཏེ། བྱ་བྲལ་རང་ལ་བཞུགས་ནས་ཏེ་ལོ་པ་མཇལ། ཏེ་ལོ་པའི་དྲུང་ནས་འབད་པ་དོན་ལྔའི་སྒོ་ནས་གསང་སྔགས་ཀྱི་ཆོ་ག་དེ་ཚོ་གསན་བཞེས་གནང་ནས་མངོན་པར་རྫོགས་པར་སངས་རྒྱས་པ་རེད། ཅེས་དང་། སྐབས་སུ་བབ་པ་དམ་ཆེན་ཆོས་རྒྱལ་ལ་ཆ་བཞག་ན་ཞེ་དྲགས་ཡོད་བསྡད་པ་དེ་གང་ཟག་དགོས་མཚན་རེད་འདུག དེ་འདྲ་ཡིན་དུས། ང་ཚོ་བོད་ལ་གང་ཟག་སྒོས་བཙན་གྱི་གསང་སྔགས་ཀྱི་ཆོས་སྐོར་དེ་ཤུགས་ཆེན་པོ་ཞེ་དྲགས་དར་བ་རེད། ཡག་པོ་ཞེ་དྲགས་རེད། རེད་དེ་དངོས་གནས་བསྟན་པ་སྤྱི་བཙན་གྱི་ཐུན་མོང་གི་ལམ་དེ་དག་ཐོས་བསམ་སྒོམ་གསུམ་བྱས་ནས་གང་ལ་གང་འཚམ་ཉམས་མྱོང་རྩེར་ཟིན་པ་དང་། ལྷག་པར་དུ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གང་འཚམ་ཡོད་བསྡད་པ་དེ་འདྲ་ཞིག་གིས་སྟོང་ཉིད་ཀྱི་གཟུགས་སྟོང་ལྷར་ཤར་བའི་ལྷ་ཡི་རྣལ་འབྱོར་ཡོང་གི་ཡོད་པ་རེད། ཅེས་གསུངས་སོང་།

དེང་སྐབས་ཨོ་གླིང་དུ་མེ་སྐྱོན་ཚབས་ཆེན་འབྱུང་བཞིན་པའི་སྐོར་ལ་༧གོང་ས་མཆོག་གིས། དེ་རིང་ཁ་སང་འཛམ་བུ་གླིང་གི་ཚ་དྲོད་ཡར་འཕར་ནས་བར་སྐབས་ལྷོ་ཨ་མེ་རི་ཁའི་བྷར་ཛིལ་ཁུལ་དུ་མེ་ཞེ་དྲགས་ཤོར་སོང་ཨ། དེ་ནས་ཨོ་སི་ཊོ་ལི་ཡའི་ནང་མེ་མཆེད་ནས་ཀང་གྷ་རུ་ཟེར་རྒྱུ་དེ་དང་། ཨོ་སི་ཊོ་ལི་ཡའི་སེམས་ཅན་སྙིང་རྗེ་མོ་ཆུང་ཆུང་ཞིག་ཡོད་པ་དེ་ཚོའི་གྲས་དེ་ཞེ་དྲགས་འཚིག་འགྲོ་ཡི་འདུག་ཨ། དེ་ནས་མི་ཡང་འགའ་རེ་འཚིག་འདུག་ཨ། ད་ཉི་མའི་ཚ་དྲོད་དེ་ཡར་ཆེ་རུ་ཕྱིན་ཏེ། དངོས་གནས་འཛམ་བུ་གླིང་འདིར་མིས་བཟོས་པའི་རྙོག་དྲའི་སྒང་ལ། རང་བཞིན་གྱིས་ཚ་དྲོད་ཡར་འཕར་ནས་དཀའ་ངལ་ཞེ་དྲགས་འདུག་ཨ། འཛམ་གླིང་ཚ་དྲོད་ཆེ་རུ་ཡོང་བསྡད་པའི་དཀའ་ངལ་ལ་ང་ཚོས་ཐད་ཀར་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། ང་ཚོས་ཁོར་ཡུག་ཐོག་ལ་དོ་སྣང་བྱས་ནས་ཕྲན་བུ་ཕྲན་བུ་བྱ་རྒྱུ་ལས་གཞན་མང་པོ་བྱེད་ཐུབ་ཀྱི་ཡོད་པ་མ་རེད། གང་ལྟར་ཡང་འཛམ་བུ་གླིང་འདི་གོ་ལ་ཚ་དྲོད་ཀྱི་རྐྱེན་པས་རྙོག་དྲ་མང་པོ་ཞིག་ཡོང་གི་འདུག  ཨ་ཧྥེ་རི་ཁའི་ལུང་པ་མང་པོ་ཞིག་ལ་ནི་ཆུ་མང་དྲགས་པའི་རྐྱེན་གྱིས་ཆུ་ལོག་གི་སྡུག་བསྔལ་དང་། ཡང་ས་ཆ་མང་པོ་ཞིག་ལ་ཚ་དྲོད་ཀྱི་རྐྱེན་པས་དཀའ་ངལ་འབྱུང་གི་ཡོད་པ་རེད། ཨོ་སི་ཊོ་ལི་ཡའི་ནང་མེ་འབར་ནས་བདག་ཏུ་མ་བཟུང་བའི་སེམས་ཅན་ས་ཡ་ཁ་ཤས་ཀྱིས་སྡུག་བསྔལ་མྱོང་ནས་སྡོད་ཀྱི་འདུག་ཨ། དེ་བཞིན་མི་ཡང་གང་ལ་གང་འཚམ་མེར་བསྲེགས་ཐེབས་ཏེ་སྐྱོན་བྱུང་འདུག དེ་འདྲ་ཡིན་དུས་རང་བཞིན་འབྱུང་བའི་གནོད་པ་དེ་ཡང་ཤུགས་ཆེ་རུ་ཆེ་རུ་འགྲོ་ཡི་འདུག ཅེས་གསུངས་སོང་།མཇུག་ཏུ་༧གོང་ས་མཆོག་གིས། དེ་རིང་ང་ཚོ་ཚང་མས་དཀའ་ལས་ལྟ་བུ་བརྒྱབ། དེ་བཞིན་དྲ་རྒྱ་ནས་ཉན་མཁན་ཁྱེད་རང་ཚོ་ཡིན་ན་ཡང་དགེ་བའི་བློ་ལྟ་བུ་སྐྱེས་པ་དང་དོན་གཉེར་བྱས་པ་དེས། གང་ལྟར་ཚོགས་ཆེན་པོ་བསགས་ཡོད་པ་རེད། དེ་འདྲའི་ཚོགས་བསགས་པ་དེས་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་ལྟར་གསུངས་པ་ནང་བཞིན། འཕགས་པ་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལ་སོགས་པ་དེ་དག་གིས་སྨོན་ལམ་ཇི་ལྟར་མཛད་པ་ནང་བཞིན་གྲུབ་པར་ཤོག་བསམ་པའི་སྨོན་ལམ་བརྒྱབ་ཤོག་ཨང་། ཞེས་དང་། དེ་སྔ་བཤད་པ་ལྟར་རྒྱུན་དུ་ཉམས་ལེན་ཡག་པོ་བྱེད་དགོས་ཀྱི་ཡོད་པ་རེད། ཉམས་ལེན་ཟེར་དུས་ཌ་མ་རུ་བཀྲོལ་ལྟ་བུའི་སྐད་ཆ་མ་རེད། ཉམས་ལེན་ཟེར་དུས་སེམས་རྒྱུད་མ་ཞི་བ་དེ་ཕར་རིམ་པས་རིམ་པས་ཞི་བར་བཟོ་རྒྱུ་དང་། དེ་འདྲ་བྱས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད། ཁ་སང་ཞུས་ཟིན་པ་ནང་བཞིན། མགོ་དང་པོ་དེ་རིང་འདི་ནས་འཛིན་ཐུབ་པ་བྱས་ཏེ་རིམ་པས་ཤེས་རབ་སྙིང་པོའི་ནང་། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་གསུངས་པ་ནང་བཞིན། ས་ལམ་གྱི་རྟོགས་པ་རིམ་གྱིས་བགྲོད་དེ། གོམ་པ་དང་པོའི་ཚུལ་དུ་རྡོ་རྗེ་གདན་དུ་མཐར་ནམ་མཁའ་མཐར་གཏུག་པའི་སེམས་ཅན་མཐའ་དག་གི་དོན་ལ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུར་སྨོན་ལམ་བརྒྱབ་སྟེ། དགེ་སེམས་ཁྱད་པར་ཅན་སྐྱེ་བར་ཐོག་མའི་རྨང་གཞི་ལྟ་བུ་བཏིང་ནས་འགྲོ་རྒྱུར་ཚང་མས་སྨོན་ལམ་རྒྱོབས། ཅེས་སོགས་གསུངས་སོང་།

དེ་རིང་གི་བཀའ་ཆོས་ཉིན་མཐའ་མའི་གོ་སྐབས་དང་བསྟུན། འདི་ལོར་རྗེ་ཙོང་ཁ་པ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་སྲུང་གཙིའི་ཆེད་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། དགའ་ལྡན་ཁྲི་ཐོག་ཁང་ནས་གོ་སྒྲིག་གནང་བའི་དཔྱད་རྩོམ་དང་སྙན་རྩོམ་འགྲན་བསྡུར་གྱི་རྩེ་ཕུད་རྣམས་ལ་ཕྱག་འཁྱེར་གནང་སོང་བ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༤ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགའ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གོ་སྒྲིག་ཚོགས་ཆུང་ངོས་ནས་བྷང་ལ་དྷེ་ཤི་དང་ཨ་ཧྥེ་རི་ཁའི་ནང་ཡོད་པའི་བཙན་བྱོལ་བ་ཉམ་ཐག་རྣམས་ལ་ལྟ་རྟོག་བྱེད་མཁན་གྱི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལ་ཞལ་འདེབས་འབུལ་ཐུབ་ན་ཡག་པོ་ཡོང་སྐོར་གྱི་བཀའ་སློབ་ཕེབས་པ་བཞིན། དེ་རིང་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ནས་དད་ལྡན་མི་མང་གི་ཞལ་འདེབས་གྱི་ས་བོན་ཐོག གོ་སྒྲིག་ཚོགས་ཆུང་ངོས་ནས་ཁ་སྣོན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེར་ཁྱོན་ཧིན་སྒོར་བྱེ་བ་ ༡ ཞལ་འདེབས་སུ་འབུལ་གཏན་ཁེལ་ཡོད་སྐོར་གྱི་གསལ་བསྒྲགས་གནང་སོང་།

གཞན་ཡང་འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། དེ་རིང་གནས་མཆོག་རྡོ་རྗེ་གདན་གྱི་བཀའ་ཆོས་ལེགས་པར་གྲུབ་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༦ བར་དུ་སྐུ་ངལ་གསོ་ཆེད་རྡོ་རྗེ་གདན་རང་དུ་ལྷོད་བཞུགས་མཛད་རྗེས། ཕྱི་ཚེས་ ༡༧ ཙམ་ལ་པད་ནཱ་(Patna)གྲོང་ཁྱེར་དུ་ཆིབས་ཐོན་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༨ ནས་ལྡི་ལིར་ཕེབས་ཐོན་མཛད་དེ།  ཕྱི་ཚེས་ ༢༢ ཡས་མས་ལ་བཞུགས་སྒར་དྷ་རམ་ས་ལར་ཆིབས་བསྒྱུར་སྐྱོང་འཆར་ཡོད་འདུག

གནས་མཆོག་རྡོ་རྗེ་གདན་ནས་པ་སངས་ཚེ་རིང་གིས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༢༠/༠༡/༠༧

Leave a Reply

One thought on “གནས་མཆོག་རྡོ་རྗེ་གདན་གྱི་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་ལེགས་པར་གྲུབ།

  1. དྲིན་ཆེན་པོ།

    ཡིན་ངོ་མ་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་རེད། དེང་སྐབས་མང་པོ་ཞིག་གིས་བསྟན་པ་སྤྱི་མཚན་དང་གང་ཟག་དགོས་མཚན་ཟེར་བ་ནི་མ་དག་རྒྱུན་འབྱམས་ཟེར་བ་དེ་རེད་ལགས།