ཕྱི་ལོ་གསར་ཚེས་དང་བསྟུན་བོད་ནང་དྲག་ཆས་དམག་གི་སྦྱོང་བརྡར་མགོ་བཙུགས།

རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་དམག་འཐབ་ནུས་པར་ཤུགས་གནོན་རྒྱག་པའི་ཆེད་དུ་ཡིན་སྐོར་བསྒྲགས་ཏེ་ཐོན་གསར་པའི་དྲག་ཆས་འབོར་ཆེན་ཞིག་རྒྱལ་ས་ལྷ་ས་དང་བོད་ཧིན་ས་མཚམས་སུ་དབོར་འདྲེན་བྱེད་ཀྱི་ཡོད་འདུགདེ་རིང་རྒྱ་གར་(Press Trust of India)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༠ ལོ་མགོ་ཚུགས་པ་དང་བསྟུན། རྒྱ་ནག་མི་མང་བཅིངས་འགྲོལ་དམག་ཟེར་བས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་དང་རྒྱ་གར་ས་མཚམས་ཁུལ་དུ། ས་མཐོའི་དམག་འཐབ་ལ་ཆེད་དུ་དམིགས་ནས་བཟོ་སྐྲུན་བྱས་པའི་འཐབ་འཁོར་(15 light battle tank)དང་སྐྱེལ་འདྲེན་རླངས་འཁོར་ཐོན་གསར་ཤོས་(155-MM vehicle-mounted howitzer)འབོར་ཆེན་འགྲེམས་འཇོག་གིས་དམག་སྦྱོང་བྱེད་མགོ་བཙུགས་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་ལོ་གསར་པའི་འཐབ་འཁྲུག་དམག་སྦྱོང་དེ་ནི་རྒྱལ་སྲུང་བདེ་འཇགས་དང་ས་མཚམས་སྲུང་སྐྱོབ་ཆེད་དང་། རྒྱ་ནག་མི་མང་བཅིངས་འགྲོལ་དམག་གིས་མཐོ་སྒང་དུ་དམག་འཐབ་ཀྱི་ནུས་བ་ཐོན་ཐབས་སོགས་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་དེ་དང་འབྲེལ་གྱི་གནས་ཚུལ་ནང་། ཐེངས་འདིའི་དམག་སྦྱོང་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་དང་། བོད་དང་རྒྱ་གར་ཀྱི་ས་མཚམས་བར་དྲག་ཆས་མཚོན་ཆ་དང་། མཚོན་ཆ་སྐྱེལ་འདྲེན་ཡོ་ཆས་ཐོན་གསར་ཤོས་ཤ་སྟག་བཀོལ་གྱི་ཡོད་སྐོར་བརྗོད་འདུགལོ་གསར་པ་མགོ་ཚུགས་པ་དང་བསྟུན་ས་མཚམས་ཁུལ་དུ་དབོར་འདྲེན་བྱས་པའི་དྲག་ཆས་དེ་དག་འདི་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་ཉིན་ཐོག་མར་ཕྱི་ལ་བཏོན་ཡོད་པ་དང་། ས་མཐོར་དམིགས་པའི་མེ་སྒྱོགས་ཐོན་གསར་པ་དེ་རྒྱང་ཐག་རིང་པོར་འཕེན་ཐུབ་པ་མ་ཟད། རླུང་ཁམས་ཀྱི་གནོད་པ་ཐེབས་མི་ཐུབ་པ་སོགས་ཀྱི་ཁྱད་ཆོས་དང་། དྲག་ཆས་སྐྱེལ་འདྲེན་རླངས་འཁོར་དེར་མགྱོགས་ཚད་དང་སྐྱེལ་འདྲེན་གྱི་ནུས་པ་ཆེན་པོ་ཡོད་པ་མ་ཟད། གྲང་ངར་ཁྲོད་དང་རི་ཁུལ་ལམ་མེད་ས་སོགས་གང་དུ་ཡང་འགྲོ་སྐྱོད་ཐུབ་པའི་ནུས་པ་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྒྱལ་སྤྱིའི་ཆེད་མཁས་པ་འགའ་རེས་ཐེངས་འདིར་རྒྱ་ནག་གཞུང་གིས་གློ་བུར་དམག་སྦྱོང་མགོ་བཙུགས་དགོས་དོན་ནི། ཉེ་སྔོན་རང་རྒྱ་གར་རྒྱལ་ཡོངས་དམག་སྤྱི་གཞོན་པ་སྐུ་ཞབས་མོ་ནོ་ཇི་མུ་ཁུན་དྷི་ནཱ་རཱ་ཝན་(Manoj Mukund Naravane)ལགས་དམག་སྤྱི་ཆེན་མོར་བསྐོ་བཞག་གནང་བའི་མཛད་སྒོའི་ཐོག དམག་སྤྱི་ཁོང་གིས་རྒྱ་གར་གཞུང་ནས་ད་བར་ནུབ་ཁུལ་ས་མཚམས་གཙོ་གནད་དུ་བཟུང་ནས་དོ་སྣང་བྱས་ཡོད་ཀྱང་། ད་ལྟ་རྒྱ་ནག་དང་ས་མཚམས་དུ་ཁེལ་བའི་བྱང་ཕྱོགས་ཁུལ་ལ་གཅིག་གྱུར་གྱི་དོ་སྣང་སྤྲོད་དགོས་པ་དང་། རྒྱ་གར་གྱིས་བོད་ཀྱི་གནད་དོན་ཞི་འགྲིག་མ་ཡོང་བར་དུ་རྒྱ་ནག་མཉམ་དུ་ས་མཚམས་གནད་དོན་ལ་འཐབ་རྩོད་དགོས་སྐོར་གྱི་གཏམ་བཤད་སྤེལ་བས་ཡིན་སྐོར་བརྗོད་འདུགམཛད་སྒོ་དེར་སྐུ་ཞབས་མུ་ཁུན་དྷི་ནཱ་རཱ་ཝན་ལགས་ཀྱིས་པ་ཀི་སི་ཐན་དང་རྒྱ་ནག ཀ་ཤི་མེར་སོགས་ཀྱི་གནད་དོན་གཙོ་བོར་གྱུར་བའི་རྒྱ་གར་གྱི་ས་མཚམས་དཀའ་ངལ་ཁག་གླེང་སློང་གནང་ཡོད་པ་དང་འབྲེལ། བོད་དང་རྒྱ་གར་ས་མཚམས་སུ་ཁེལ་བའི་བྱང་ཕྱོགས་ས་ཁུལ་དུ་དོ་སྣང་བྱེད་དོན་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་ཙམ་གྱི་ཆེད་མིན་པར་ཕྱོགས་ཡོངས་ནས་ཁེ་ཕན་ཡོད་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག གནད་དོན་དབྱེ་ཞིབ་པ་ཚོས་དམག་སྤྱི་གསར་པའི་མགོ་འཁྲིད་སྐབས་རྒྱ་གར་བྱང་ཁུལ་དུ་དོ་སྣང་བྱེད་འཆར་ཡོད་ན་ཡང་། བོད་དང་རྒྱ་གར་གྱི་ས་མཚམས་རྩོད་རྙོག་དེ་དག་བོད་ཀྱི་གནད་དོན་མ་སེལ་བར་འགྲིག་འཇགས་ཡོང་ཐབས་ཁག་པོ་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོ་བཙན་བཟུང་བྱས་རྗེས། རྒྱ་དཀར་ནག་གཉིས་ཀྱི་བར་ཕྱི་ལོ་ ༡༩༦༢ ལོར་ཆེས་ཐོག་མར་ས་མཚམས་དམག་འཁྲུག་བྱུང་ཡོད་པ་དང་། དེ་ནས་བཟུང་ཡུལ་གཉིས་བར་ཡང་ཡང་གདོང་ཐུག་བྱུང་ཡོད་པ་ལྟར། ཕྱོགས་གཉིས་ནས་ལོ་ལྟར་ས་མཚམས་ཁག་ཏུ་དམག་གི་འགྲོ་གྲོན་ཤུགས་ཆེ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། ས་མཚམས་ཁག་ལ་ཆེད་དམིགས་དྲག་ཆས་མཚོན་ཆ་དང་ལམ་དང་ཟམ་པ་སོགས་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། རྒྱ་དཀར་ནག་གཉིས་ནས་བོད་ཀྱི་ས་མཚམས་གནད་དོན་ཐོག་ཐེངས་མང་གྲོལ་མོལ་བྱས་ཡོད་ཀྱང་ངེས་གཏན་གྱི་གྲུབ་འབྲས་གང་ཡང་སོན་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༠༦

Leave a Reply

3 thoughts on “ཕྱི་ལོ་གསར་ཚེས་དང་བསྟུན་བོད་ནང་དྲག་ཆས་དམག་གི་སྦྱོང་བརྡར་མགོ་བཙུགས།

  1. གཞུང་པ་ཚེ་དབང་བསོད་ནམས།

    སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་མཁན་བོད་ཀྱི་ནང་པ་གཞན་ཕན་གྱི་བསམ་བློ་ཡོད་མཁན་ཞིག་གི་ངོས་ནས་བལྟས་ན་ཨ་རི་དང་ཨི་རན་གྱི་དམག་འཁྲུགས་ཞི་འཇགས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད།

  2. གཞུང་པ་ཚེ་དབང་བསོད་ནམས

    བོད་ནང་རྒྱ་མིའི་དམག་གི་གྲ་སྒྲིག་བྱེད་བཞིན་པ་དང་ཨ་རི་དང་ཨི་རན་དམག་གི་གདོང་ཐུག་ཡོང་ཉེན་སོགས་གནས་ཚུལ་འདི་ཚོ་ཡག་རྟགས་ཞིག་ཨ་ཡིན་ན།

  3. བོད་ནང་རྒྱ་མི་དམ་དྲག་བྱེད།བཙན་བྱོན་ནང་གཞུང་ཁྲིམས་ལ་བསྐྱེལ།ཁྲིམསཐོབ་བྱུང་ཟེར་ནས་ནས་དཔའརྩལ་ངམ་ནསའུར་སྒྲོགས།དེ་བོད་པའི་ལས་དབང་རེད།