སྲིད་དོན་ཚོགས་པ་གསུམ་གྱི་བར་རྩོད་བཞིན་པའི་ཐའེ་ཝན་གྱི་འོས་བསྡུ་ཆེན་མོ།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་ཆབ་སྲིད་དང་ལྟ་གྲུབ། དཔལ་འབྱོར་དང་འཛུགས་སྐྲུན། དེ་བཞིན། རྒྱ་ནག་གི་འབྲེལ་ལམ་དང་ཐའེ་ཝན་གྱི་གནས་བབ་སོགས་ཀྱི་ཐད་ལངས་ཕྱོགས་མི་འདྲ་བའི་སྲིད་འཛིན་འོས་མི་གསུམ་ལངས་ཡོད་པ་ནི།  དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་དང་ད་ལྟའི་སྲིད་འཛིན་ལས་ཐོག་ལྕམ་ཚའེ་ཡེན་ཝུན་དང་། གོང་མིན་ཏང་ཚོགས་པའི་ཚོགས་མི་ཧན་ཀོ་ཡས་(Han Kuo-yu)། གྲངས་ཉུང་མི་རིགས་སྲིད་དོན་ཚོགས་པའི་མགོ་འཁྲིད་ཇམ་སི་སོན (James Soong)བཅས་ཡིན་ལ། སྲིད་འཛིན་རྒྱལ་ཁ་ཐོབ་མཁན་དེས་མ་འོངས་ལོ་བཞིའི་རིང་ཐའེ་ཝན་མཚོ་གླིང་གི་རྒྱལ་སྤྱི་ཅན་དུ་གྱུར་བའི་རྩོད་རྙོག་ཆེ་བའི་གནས་སྟངས་ལ་འགྱུར་བ་ངེས་ཅན་ཞིག་གཏོང་བའི་གོ་སྐབས་ཡོད་པ་རེད།དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལྕམ་ཚའེ་ཡེན་ཝུན།

ལྕམ་ཚའེ་ཡེན་ཝུན་ལགས་ཀྱི་ཆབ་སྲིད་ལངས་ཕྱོགས་ནི། སྤྱི་ཚོགས་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ། ཆབ་སྲིད་དང་དཔལ་འབྱོར་ཐོག་ནས་རྒྱ་ནག་དང་རྦད་དེ་ཁ་བྲལ་གྱི་ལངས་ཕྱོགས་བརྟན་པོ་བཟུང་ཡོད་པ་མ་ཟད། མོས་ཕྱི་ལོ་ ༡༩༩༢ ལོའི་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པར་ནམ་ཡང་ངོས་ལེན་གནང་གི་མེད་པ་དང་། ཐའེ་ཝན་གྱི་གུང་མིན་ཏང་སྲིད་དོན་ཚོགས་པ་དང་རྒྱ་ནག་གཞུང་གཉིས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་བཟུང་སྟེ། ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་དམ་འཛིན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་སྲིད་བྱུས་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལྟ་བུ་ཡིན་ཚུལ་བརྗོད་ཡོད་མོད།  ལྕམ་ཚའེ་ཡེན་ཝུན་ལགས་ཀྱིས་འདས་པའི་ཟླ་ ༦ ལྷག་རིང་ཞི་འཇགས་མ་བྱུང་བའི་ཧོང་ཀོང་གི་གནས་བབ་གཞིར་བཞག་ཐོག རྒྱ་ནག་གཅིག་གི་སྲིད་བྱུས་སམ་རྒྱལ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་གང་ཡང་ངོས་ལེན་གནང་གི་མེད་པ་རེད།

ལྕམ་ཚའེ་ཡེན་ཝུན་ལགས་ཐའེ་ཝན་སྲིད་འཛིན་དུ་འོས་འདེམས་བྱུང་བའི་ལོ་ ༤ རིང་། གཞུང་གི་ལས་བྱེད་ཚོའི་ཕོགས་ཐོབ་སོགས་ལ་འགྱུར་བ་ཤུགས་ཆེན་བཏང་ཡོད་པ་མ་ཟད། གཉེན་སྒྲིག་ཐོབ་ཐང་གཅིག་མཚུངས་དང་ཐའེ་ཝན་གྱི་ཚོགས་སྡེ་ཚང་མར་སྐད་ཡིག་ཐོབ་ཐང་འདྲ་མཉམ་བཟོས་ཡོད། འོས་བསྡུའི་ཐད་ལྕམ་ཚའེ་ཡེན་ཝུན་ལ་ཐའེ་ཝན་གྱི་གཞོན་སྐྱེས་ཚོ་དང་།  ཐའེ་ལྷོ་བརྒྱུད་ཀྱི་ས་ཁུལ་ཁག་གི་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་འདུགལྕམ་ཚའེ་ཡི་དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པ་ནི་ཐའེ་ཝན་གྱི་ལྗང་མདོག་མཉམ་འདུས་སྲིད་དོན་ཚོགས་པའི་(Pan-Green Coalition)[泛綠聯盟]ཆ་ཤས་ཤིག་ཡིན་པ་དང་། ལྗང་མདོག་མཉམ་འདུས་སྲིད་དོན་ཚོགས་པའི་ཁོངས་སུ་ཐའེ་ཝན་རང་བཙན་སྲིད་དོན་ཚོགས་པ་དང་ཐའེ་ཝན་གཅིག་སྒྲིལ་ཚོགས་པ། དེ་བཞིན། སྟོབས་ཤུགས་གསར་པའི་སྲིད་དོན་ཚོགས་པ་བཅས་ཡོད་པ་རེད།

ད་ལྟ་དགུང་ལོ་ ༦༣ ཡིན་པའི་མོ་ཧྲེང་ལྕམ་ཚའེ་ཡེན་ཝུན་ལགས་ནི་ཕྱི་ལོ་ ༡༩༥༦ ལོར་རྒྱལ་ས་ཐའེ་པེ་རུ་སྐྱེས་ཤིང་། མོའི་ཕ་མ་གཉིས་ནི་ཐའེ་ཝན་གྱི་མི་ཡིན་ལ། ཨ་ཕ་ཚའེ་ཁྲི་ཧྲན་(Tsai Chieh-sheng)ལགས་ནི་ཚོང་ལས་གཉེར་མཁན་ཞིག་ཡིན་འདུག ལྕམ་ཚའེ་ཡེན་ཝུན་ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་མཐོ་གསུམ་སོགས་འགྲིམས་ཏེ། ཕྱི་ལོ་ ༡༩༨༤ ལོར་ཨ་ཕའི་རེ་བ་ལྟར་དབྱིན་ཡུལ་གྱི་(London School of Economics)གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་ཐོག་འབུམ་རམས་པ་ཐོན། དེའི་རྗེས་ཐའེ་ཝན་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཁྲིམས་ལུགས་སློབ་འཁྲིད་བྱས། ཕྱི་ལོ་༢༠༠༠ ལོ་ནས་ཐའེ་ཝན་གྱི་ཆབ་སྲིད་ནང་ཞུགས་ཏེ། ད་སྔ་ཐའེ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ལས་དོན་དོ་དམ་ཚན་པའི་འགན་འཛིན་དང་། གྲོས་ཚོགས་འཐུས་མི། དེ་བཞིན། ཕྱི་ལོ་ ༢༠༠༨ ལོ་ནས་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་ལས་འགན་འཁུར་ཏེ། ད་སྔ་བར་ཐའེ་ཝན་གྱི་ཆབ་སྲིད་ཚོགས་པ་ཆེ་གྲས་སྣེ་འཁྲིད་བྱེད་མཁན་བུད་མེད་ཐོག་མ་དང་ཐའེ་ཝན་གྱི་བུད་མེད་སྲིད་འཛིན་དང་པོ་དེའང་ཆགས་ཡོད་པ་རེད།

གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི་ཧན་ཀོ་ཡས།

མཚང་མིང་དུ་ཀླད་དམར་ཞེས་འབོད་པའི་ཧན་ཀོ་ཡས་ལགས་ཀྱི་ཁྱད་ཆོས་ནི་ཚོར་ཤུགས་ལྡན་པའི་གཏམ་བཤད་སྤེལ་ཏེ་མི་མང་གི་ཡིད་དབང་འཕྲོག་ཅིང་། ཆབ་སྲིད་ཀྱི་གོ་གནས་སོགས་འཕེལ་འགྱུར་གཏོང་ཐུབ་ཀྱི་ཡོད་པ་དེ་རེད། ཁོང་ལ་ཆབ་སྲིད་ཀྱི་འབོད་སྒྲ་གཉིས་ཡོད། དེ་ནི་༼ཐའེ་ཝན་གྱི་བདེ་འཇགས་དང་། མི་མང་ལ་དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུ༽ཞེས་པ་དེ་རེད། ཁོང་གིས་ལངས་ཕྱོགས་འདི་གཉིས་རྩ་འཛིན་བྱས་པའི་ཐོག ཆབ་སྲིད་དང་དཔལ་འབྱོར་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་འབྲེལ་ལམ་འཛིན་རྒྱུ་ཡིན་འདུག་ཀྱང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད། ཡིན་ནའང་། ཕྱི་ལོ་ ༡༩༩༢ ལོའི་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་འདུགཧན་ཀོ་ཡས་ལགས་ཀྱི་གོ་མིན་ཏང་སྲིད་དོན་ཚོགས་པས་འདས་པའི་ལོ་ ༥༥ རིང་ཐའེ་ཝན་ནང་གདོང་ལེན་གང་ཡང་མེད་པར་གཞུང་འཛིན་གྱི་དབང་ཆ་བཟུང་ཡོད་སྟབས། ལོ་རྒྱུས་ཀྱི་འགན་དབང་གིས་ཐའེ་ཝན་རྒྱལ་ཡོངས་སུ་ཆབ་སྲིད་ཀྱི་འབྲེལ་ལམ་གཏིང་ཟབ་ཚུགས་ཡོད། རང་ལོ་ ༦༢ ཡིན་པའི་ཧན་ཀོ་ཡས་ལགས་ཀྱི་ཕ་མ་གཉིས་རྒྱ་ནག་ནས་ཡོང་ཞིང་། ཕྱི་ལོ་ ༢༠༡༨ ལོར་ཁོང་ལ་ཐའེ་ཝན་གྱི་གོ་ཤོང་(Kaohsiung)གྲོང་ཁྱེར་སྤྱི་ཁྱབ་ཀྱི་རྒྱལ་ཁ་ཐོབ། གོ་ཤོང་གྲོང་ཁྱེར་ནི་ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་དང་། འདས་པའི་ལོ་ངོ་ ༢༠ རིང་དམངས་གཙོ་ཡར་ཐོན་ཚོགས་པའི་ཆབ་སྲིད་རྒྱབ་བརྟེན་ཆེ་ཤོས་ཤིག་ཡིན་ཡང་། ཧན་ཀོ་ཡས་ལགས་ལ་གོ་ཤོང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་རྒྱལ་ཁ་ཐོབ་པ་དེས་ཐའེ་ཝན་མི་མང་ལ་ཁོའི་ཆབ་སྲིད་ཀྱི་འཇོན་ཐང་གསལ་སྟོན་བྱས་ཡོད་པར་གྲགས།

ཁོང་གི་གོ་མིན་ཏང་སྲིད་དོན་ཚོགས་པ་ནི་སྔོན་མདོག་མཉམ་འདུས་སྲིད་དོན་ཚོགས་པའི་(Pan-Blue Coalition)[泛藍聯盟 ]ཁོངས་ཀྱི་སྣེ་འཁྲིད་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་ཟེར་གྱི་ཡོད་པ་དང་། དེའི་ཁོངས་སུ་མི་མང་གཙོ་འདོན་སྲིད་དོན་ཚོགས་པ་དང་། སྲིད་དོན་གསར་པ་ཚོགས་པ། དེ་བཞིན། ཕྱོགས་ལྷུང་མེད་པའི་མཐུན་སྒྲིལ་མཉམ་འབྲེལ་སྲིད་དོན་ཚོགས་པ་སོགས་ཡོད་པ་རེད། ཧན་ཀོ་ཡས་ལགས་ལ་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ལོ་ན་རྒན་པའི་གྲས་ཡིན་པ་དང་དམིགས་བསལ་ཐའེ་བྱང་ཕྱོགས་ཡིན་པ་རེད། ཧན་ཀོ་ཡས་ལགས་ཕྱི་ལོ་ ༡༩༩༢ ལོ་ནས་ཐའེ་ཝན་གྱི་ཆབ་སྲིད་ནང་ཞུགས་ཤིང་། ད་སྔ་གྲོས་ཚོགས་འཐུས་མི་དང་ཚོང་ལས་སྟངས་འཛིན་པ་སོགས་གཞུང་གི་ལས་གནས་མང་པོར་ཞུགས།

མི་མང་གཙོ་འདོན་སྲིད་དོན་ཚོགས་པའི་འོས་མི་ཇམ་སི་སོན་(James Soong)།མི་མང་གཙོ་འདོན་སྲིད་དོན་ཚོགས་པ་ནི་སྔོན་མདོག་མཉམ་འདུས་སྲིད་དོན་ཚོགས་པའི་ཁྱབ་ཁོངས་ཀྱི་ཚོགས་པ་ཞིག་ཡིན་སྟབས། གོ་མིན་ཏང་སྲིད་དོན་ཚོགས་པ་དང་ཕྱོགས་གཏོགས་གཅིག་གི་སྲིད་དོན་ཚོགས་པ་ཞིག་ཆགས་ཀྱི་ཡོད་ཀྱང་། ཐའེ་ཝན་སྲིད་འཛིན་གྱི་འོས་མི་ཇམ་སི་སོན་ལགས་ནི་གནད་དོན་ཁག་ཅིག་གི་ཐོག་ནས་གོ་མིན་ཏང་སྲིད་དོན་ཚོགས་པ་དང་འགལ་ཟླ་ཡོད་མཁན་ཞིག་ཡིན་པ་རེད། ཁོང་གིས་ནམ་རྒྱུན་ནས་མཉམ་འབྲེལ་སྲིད་དོན་ཚོགས་པ་ཁག་གི་འགལ་ཟླ་ཡི་རྐྱེན་པས་ཐའེ་ཝན་མདུན་སྐྱོད་བྱེད་ཐུབ་ཀྱི་མེད་སྐོར་གླེང་གི་ཡོད་པས། ཐའེ་ཝན་གྱི་མཉམ་འདུས་སྔོན་མདོག་དང་ལྗང་མདོག་སྲིད་དོན་ཚོགས་པ་ཁག་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་གཙུག་ཆེན་འཛིན་བཞིན་ཡོད་འདུག ཁོའི་ཆབ་སྲིད་ལངས་ཕྱོགས་ཀྱང་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་ཚོགས་པ་གཉིས་ཀྱི་ལངས་ཕྱོགས་ནང་ཚུད་ཡོད། གང་ལྟར། ཁོང་གི་སྲིད་དོན་ཚོགས་པ་གོ་མིན་ཏང་ཚོགས་པའི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཞིག་ཡིན་སྟབས། ད་རེས་ཁོང་འོས་མིར་ལངས་བ་དེས་གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་བསྡུའི་གྲུབ་འབྲས་ལ་ཁྱད་པར་བཟོ་རྒྱུ་ཡིན་པ་གཏན་འཁེལ་རེད།

རང་ལོ་ ༧༧ ཡིན་པའི་ཇམ་སི་སོན་ལགས་ནི་ཕྱི་ལོ་ ༡༩༧༤ ལོ་ནས་ཐའེ་ཝན་གྱི་ཆབ་སྲིད་ནང་ཞུགས་ཤིང་། ད་སྔ་བར་ཅང་ཅེ་ཧྲིའི་བུ་རྒན་པ་ཅང་ཅིན་ཀོ་(Chiang Ching-kuo)ཐའེ་ཝན་སྲིད་འཛིན་ཡིན་སྐབས་དང་སྲིད་བློན་སོགས་ཀྱི་དྲུང་ཡིག་གི་འགན་འཁུར་མྱོང་བ་མ་ཟད། ཁོང་གིས་ཐའེ་ཝན་གསར་པ་ཞེས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བཏོན་ཏེ་གོ་མིན་ཏང་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོ་དང་། ༢༠༡༢ དང་ ༢༠༡༦ སོགས་བསྟུད་མར་ཐའེ་ཝན་སྲིད་འཛིན་གྱི་འོས་མིར་ལངས་ཡོད་ཀྱང་ཕམ་ཉེས་བྱུང་ལ། ཐེངས་འདིའི་འོས་བསྡུའི་ཁྲོད་ཇམ་སི་སོན་ལགས་སུ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་རེ་བ་མེད་ཀྱང་། ཁོའི་རེ་བ་ཉག་གཅིག་ནི་རང་ཉིད་ཀྱི་སྲིད་དོན་ཚོགས་པར་ཐའེ་ཝན་གྲོས་ཚོགས་ནང་སྔར་ལྷག་གི་སྲིད་སྟེགས་རག་པར་འབད་འབུང་གིས་སྲིད་དོན་ཚོགས་པ་རྒྱ་སྐྱེད་ལ་དམིགས་ཡུལ་འཛིན་བཞིན་ཡོད།

ཐེངས་འདིའི་ཐའེ་ཝན་རྒྱལ་ཡོངས་འོས་བསྡུའི་ཁྲོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ནི། ལྕམ་ཚའེ་ཡེན་ཝུན་ལགས་ལ་མཚོན་ན་འོས་བསྡུར་རྒྱལ་ཁ་ཐོབ་བྱེད་ཀྱི་གཞི་རྩ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། འདས་ལོར་ཐའེ་རྒྱ་གཉིས་རྒྱ་ནག་གཅིག་གྱུར་ཡོང་སླད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཧོང་ཀོང་དང་ཨོ་མིན་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འགྲོ་བཞིན་པ་དེ་ལྕམ་ཚའེ་ཡེན་ཝུན་ལགས་ནས་ཐའེ་ཝན་ནང་ལག་བསྟར་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། ལྕམ་ཚའེ་ཡེན་ཝུན་ལགས་ཀྱིས་ཧོང་ཀོང་གི་ཛ་དྲག་གནས་སྟངས་གཞིར་བཟུང་། ཐའེ་ཝན་རྒྱ་ནག་གི་ཁོངས་སུ་གནས་ཐབས་མེད་ལ། ཕྱོགས་གཉིས་ཀྱི་འབྲེལ་མོལ་རྣམས་གཞུང་གཉིས་ཀྱི་བར་ཞི་བའི་ངང་ཡོང་ཐབས་དགོས་པ་ལས། བཙན་དབང་གི་སྒེར་གཅོད་བརྒྱུད་ཡོང་ཐབས་རྩ་བ་ནས་མེད་པའི་བསྒྲགས་གཏམ་ངར་ཤུགས་ཆེན་པོས་སྤེལ་ཡོད་སྟབས། ཐའེ་ཝན་གྱི་གཞོན་སྐྱེས་མང་པོ་ཞིག་གིས་ལྕམ་ཚའེ་ཡེན་ཝུན་ལགས་ལ་རྒྱབ་སྐྱོར་སྔར་ལྷག་བྱེད་བཞིན་ཡོད་པ་མ་ཟད། ལངས་ཕྱོགས་འདིའི་ཐོག་ནས་བསྐྱར་དུ་སྐབས་གཉིས་པའི་ཐའེ་ཝན་སྲིད་འཛིན་དུ་འདུག་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་ལྕམ་ཚའེ་ཡེན་ཝུན་ལགས་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་ས་གནས་འོས་བསྡུའི་ཁྲོད་ཕམ་ཁ་ཆེན་པོ་བྱུང་སྟབས། མོས་རང་ཉིད་ཀྱི་རྒྱབ་སྐྱོར་བྱེད་མཁན་མི་མང་ལ་དགོངས་སེལ་ཞུས་པ་དང་སྦྲགས། དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་རྒྱུ་གསལ་བསྒྲགས་གནང་། འོན་ཀྱང་འདས་ལོ་ནས་བཟུང་མོ་དང་མོའི་ཆབ་སྲིད་ལམ་སྟོན་པ་ཚོས། ཐའེ་ཝན་ནང་རྒྱ་ནག་གཞུང་གིས་གོ་མིན་ཏང་སྲིད་དོན་ཚོགས་པ་བེད་སྤྱོད་ཀྱིས་ཐའེ་ཝན་རྒྱ་ནག་གི་དབང་བསྒྱུར་འོག་འཇུག་འདོད་ཡོད་པ་དང་གཅིག རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་བརྒྱུད་དངོས་ཡོད་མིན་པའི་གནས་ཚུལ་མང་པོ་ཞིག་དྲིལ་བསྒྲགས་བྱས་ཏེ་ཐའེ་ཝན་གྱི་ནང་སྲིད་བདེ་འཇགས་ལ་གནོད་སྐྱོན་བཟོ་ཡི་ཡོད་པ་དང་གཉིས། གསུམ་པ་ཐའེ་ཝན་གཞུང་གིས་ཆབ་སྲིད་ཐོག་ནས་གྲ་སྒྲིག་ལེགས་པོ་བྱས་ཏེ། རྒྱ་ནག་གི་ཆབ་སྲིད་གཡོ་བྱུས་ལ་ཁ་གཏད་གཅོག་ཐབས་བྱེད་དགོས་སྐོར་བཅས་ཀྱི་དྲིལ་བསྒྲགས་སྤེལ་ཏེ། ཐའེ་ཝན་མི་མང་གི་བློ་ཡིད་འགུག་ཐབས་བྱས་ཡོད། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཀྱང་། ལྕམ་ཚའེ་ཡེན་ཝུན་ལགས་ཀྱི་ཆབ་སྲིད་ལངས་ཕྱོགས་ཐོག་ནས་“དེ་རིང་གི་ཧོང་ཀོང་། སང་ཉིན་གྱི་ཐའེ་ཝན།”ཞེས་པའི་ཆབ་སྲིད་ཀྱི་འབོད་ཚིག་གྲགས་ཅན་དེས། མོ་ལ་རྒྱལ་ཁ་འཐོབ་ཏུ་འཇུག་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

ཐེངས་འདིའི་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོར་རྒྱལ་སྤྱིའི་གནས་བབ་ཐོག་ནས་བལྟས་པ་ཡིན་ན། གཙོ་བོ་ཨ་རྒྱ་གཉིས་ཀྱི་ཚོང་འཐབ་ཁྲོད། འདས་ལོ་གཙོ་བོར་གྱུར་བའི་ཉེ་བའི་ལོ་འགའི་རིང་ཊོམ་ཕུ་གཞུང་གིས་ལྕམ་ཚའེ་ཡེན་ཝུན་གྱི་གཞུང་ལ་དམག་དོན་དང་ཚོང་འབྲེལ་སོགས་ཀྱི་ཐོག་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་དང་། དེས་ལྕམ་ཚའེ་ཡེན་ཝུན་ལ་གོ་མིན་ཏང་ཚོགས་པའི་འོས་མི་ཧན་ཀོ་ཡས་དང་མི་མང་གཙོ་འདོན་ཚོགས་པའི་ཇམ་སི་སོན་གཉིས་ལས་རྒྱལ་ཐུབ་པའི་གདེང་ཚོད་སྤྲད་ཡོད། འོན་ཀྱང་། གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི་ཧན་ཀོ་ཡས་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ཡོ་ཊོབ་(videos)དང་དྲ་ཚིགས་(websites)གཙོས་པའི་ཐའེ་རྒྱ་གཉིས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ལྕམ་ཚའེ་ཡེན་ཝུན་ལ་གཞི་མེད་སྐྱོན་འཛུགས་མང་པོ་བྱེད་ཀྱི་འདུག སྐྱོན་བརྗོད་ནང་ལྕམ་ཚའེ་ཡེན་ཝུན་ནས་ཐའེ་ཝན་ཉི་ཧོང་དང་ཨ་རིར་བཙོང་གི་ཡོད་པ་དང་། ཐའེ་ཝན་གྱི་གཞོན་སྐྱེས་ཚོར་མགོ་སྐོར་གཏོང་གི་ཡོད་སྐོར་སོགས་བརྗོད་ཀྱི་ཡོད་པ་རེད།

ཉམས་ཞིབ་པ་མང་པོ་ཞིག་གིས་ལྕམ་ཚའེ་ཡེན་ཝུན་ལགས་ལ་འོས་བསྡུའི་ཕམ་ཉེས་འབྱུང་སྲིད་པའི་རྐྱེན་རྩ་གཅིག་ནི། རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་མ་ཁྱབ་བརྡལ་གྱིས་ཐའེ་ཝན་མི་མང་ལ་མགོ་སྐོར་བསླུ་བྲིད་ཐེབས་སྲིད་པའི་སེམས་ཁྲལ་ཡོད་འདུག འོན་ཀྱང་། འདས་ལོའི་ཕྱི་ཟླ་ ༣ ནང་ཐའེ་ཝན་མི་མང་སྟོང་ཕྲག་མང་པོས། དམར་པོའི་བརྒྱུད་ལམ་ཞེས་རྒྱ་ནག་གཞུང་གི་རྒྱབ་སྐྱོར་འོག་དངོས་བདེན་མིན་པའི་གནས་ཚུལ་རྫུན་སྒྲིག་ཁྱབ་བརྡལ་བྱེད་པའི་སྤྱི་ཚོགས་བརྒྱུད་ལམ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་།  འདས་ལོ་ནས་ཐའེ་ཝན་གཞུང་གིས་གནས་ཚུལ་རྫུན་བཟོ་ཁྱབ་བརྡལ་བཀག་སྡོམ་གྱི་སྒྲིག་ཁྲིམས་བརྟན་པོ་བཟོས་ཏེ་མི་མང་གི་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་ངོ་དེབ་དང་གྷུ་གྷུལ། ལེན་(Line)སོགས་ཀྱིས་ཀྱང་ཐའེ་ཝན་གཞུང་ལ་ཐའེ་ཝན་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྫུན་མའི་རིགས་ལ་དམ་དྲག་ཤུགས་ཆེན་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།

བསྐྱར་བཅོས།: ༢༠༢༠/༠༡/༠༨

Leave a Reply

2 thoughts on “སྲིད་དོན་ཚོགས་པ་གསུམ་གྱི་བར་རྩོད་བཞིན་པའི་ཐའེ་ཝན་གྱི་འོས་བསྡུ་ཆེན་མོ།

  1. གཞུང་པ་ཚེ་དབང་བསོད་ནམས་

    དེང་་སྐབས་འཛམ་གླིང་ཤར་ནུབ་ལྷོ་བྱང་ག་འདྲ་ཞིག་ཡིན་ཀྱང་ཁ་ནས་མང་གཙོ་དང་རང་དབང་སྤྱི་ཚོགས་བདེ་འཇགས་སྐོར་བཤོད་ཀྱང་དང་ལག་ལེན་དུ་རང་མཁེ་ཕྱོགས་ལྷུངས་ཁོ་ནའི་འོག་ཏུ་སྤྱི་ཚོགས་བདེ་འཇགས་ལ་ཉམས་ཆགས་གཏོང་མཁན་ལས་གཞན་མ་མཐོང་ངོ།

  2. ཧང་ཀོ་ཡུ་ཡིས་ཚོར་ཤུགས་ལྡན་པའི་གཏམ་བཤད་སྤེལ་ནས་མི་དམངས་ཀྱི་ཡིད་དབང་འཕྲོག་ཚུལ་འདིར་ཐེ་ཝན་ན་གོ་རྒྱུ་ཡེ་ནས་མི་འདུག ཁོས་སྤེལ་བའི་ཚོར་ཤུགས་ལྡན་པའི་གཏམ་བཤད་ཀྱི་འབྲེལ་ཐག་ཡོད་ན་འདིར་འབུལ་རོགས།