ཨོ་གླིང་མི་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།

ཨོ་གླིང་ནང་མཐའ་འཁོབ་མེ་སྐྱོན་བྱུང་སྟེ་མི་རྒྱུ་གཉིས་ལ་གོད་ཆག་དང་སེམས་ཅན་མང་པོར་སྲོག་སྐྱོན་ཚབས་ཆེན་བྱུང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་ཕམ་ཆེན་པོས་གསུང་འཕྲིན་བསྩལ་འདུགཁ་སང་ཕྱི་ཚེས་ ༨ ཉིན་དཔལ་ལྡན་སྐུ་སྒེར་དྲ་བའི་སྟེང་གནས་ཚུལ་སྤེལ་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་ནས། ཨོ་གླིང་ནང་མཐའ་འཁོབ་མེ་སྐྱོན་གྱིས་ཡུལ་དེའི་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཐད། ཨོ་སི་ཊོ་ལི་ཡའི་(Australia)སྲིད་བློན་སི་ཁོ་ཊི་མོ་རི་སོན(Scott Morrison)ལགས་ཀྱི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཏེ། ཨོ་གླིང་ནང་མེ་སྐྱོན་བྱུང་སྟེ་གོད་ཆག་ཆེན་པོ་བྱུང་བར་ཐུགས་ཕམ་ཆེན་པོ་གནང་བ་དང་སྦྲགས་ཡུལ་དེའི་སྲིད་བློན་དབུས་པའི་མི་མང་ཡོངས་ལ་ཐུགས་གསོ་མཛད་འདུག

དེ་ཡང་གསུང་འཕྲིན་ནང་༧གོང་ས་མཆོག་གིས། ངོས་ནས་གདུག་རྩུབ་ཆེ་བའི་མེ་སྐྱོན་མཐོང་སྐབས་བློ་ཕམ་ཆེན་པོ་བྱུང་ཡང་།  མི་སྒེར་མང་པོ་ཞིག་གིས་བློ་ཁོག་ཆེན་པོས་དྭང་དུ་བླངས་ཏེ་མེ་གསོད་རོགས་རམ་བྱེད་བཞིན་ཡོད་པ་མཐོང་སྐབས་དགའ་འོས་པ་ཞིག་འདུག ངོས་ནས་ཐེངས་འདིའི་མེ་སྐྱོན་ཁྲོད། ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་རྣམས་དང་། སྡོད་གནས་བྲལ་བའི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་པ་མ་ཟད། ད་ལྟའི་བར་བྱ་བྱེའུ་དང་སེམས་ཅན་གྲངས་ལས་འདས་པ་ཞིག་གི་སྲོག་ཤོར་ཡོད་པ་ཁ་གསལ་ཆགས་ཀྱི་འདུག་པས། སེམས་ལ་སྐྱོ་སྣང་ཆེན་པོ་ཡོང་གི་འདུག ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ངོས་ནས་ཨོ་གླིང་གི་དབུས་དང་མངའ་སྡེ། དེ་བཞིན། ས་གནས་གཞུང་བཅས་ནས་ཕན་ནུས་ལྡན་པའི་མེ་སྐྱོན་མྱུར་སྐྱོབ་དང་། དོ་ཕོག་བྱུང་བའི་མི་རྣམས་ལ་དགོས་ངེས་ཀྱི་རོགས་རམ་གནང་བཞིན་པ་སོགས་མྱུར་སྐྱོབ་ཀྱི་ལས་དོན་ཚགས་ཚུད་སྤེལ་དང་སྤེལ་བཞིན་པ་ལ་བསྔགས་བརྗོད་ཞུ་ཡི་ཡོད་པ་མ་ཟད། ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་མེ་སྐྱོན་ཁྲོད་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་འབྲེལ་ཡོད་མི་མང་ཡོངས་ལ་སྐྱིད་སྡུག་མཉམ་གནས་མཚོན་སླད་གཏོང་ཕོད་ཆེན་པོས་རྒྱབ་སྐྱོར་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།  དེ་ནི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་བྱམས་བརྩེའི་རང་བཞིན་གྱི་དཔེ་མཚོན་ཞིག་ཡིན་པས། ང་ཚོ་མི་སྒེར་ཚང་མས་གོ་ལའི་ཚ་དྲོ་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་ཆེད་འབད་བརྩོན་གནང་རོགས། ཞེས་གསུངས་འདུག

གསུང་འཕྲིན་གྱི་མཇུག་ཏུ། དེ་སྔོན་ངོས་ཨོ་སི་ཊོ་ལི་ཡའི་ནང་ཐེངས་དུ་མར་ཕྱིན་སྐབས། ཨོ་གླིང་མི་མང་གིས་ངོས་ལ་བརྩེ་སེམས་ཆེན་པོ་གནང་བར་སེམས་ཚོར་ཟབ་མོ་བྱུང་བ་མ་ཟད།  ངོས་ནས་སེམས་ཀྱི་ཞི་བདེ་དང་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་བར་འབད་བརྩོན་བྱེད་བཞིན་པའི་ཐད་ཁོང་ཚོས་དགའ་མོས་ཆེན་པོ་གནང་བྱུང་། ཞེས་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨོ་གླིང་ནང་འབྱུང་བའི་གོད་ཆག་ཆེན་པོ་བྱུང་བར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་རྟེན་གཞི་བྱས་པའི་རྣམ་གྲོལ་གླིང་དགོན་པ། དེ་བཞིན་ཨོ་གླིང་སོགས་སུ་ཡོད་པའི་བོད་པའི་ཆོས་ཚོགས་ཁག་ཅིག་ཏུའང་རང་བྱུང་འཇིགས་པ་ལས་མྱུར་ཏུ་གྲོལ་ཐུབ་པའི་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨོ་གླིང་གི་མཐའ་འཁོབ་མེ་སྐྱོན་(Bushfire)ནི་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༡ ཡས་མས་ནས་བྱུང་ཡོད་པ་དང་། འདས་པའི་ཟླ་ ༢ མ་ཟིན་ཙམ་རིང་ས་ཁྱོན་ཨར་ཀ་ཁྲི་ ༥ མ་ཟིན་ཙམ་འཚིགས་ཏེ། མི་གྲངས་ ༢༠ ལྷག་གིས་ཚེ་སྲོག་ཤོར་བ་དང་། གཟན་གཅན་རི་དྭགས་དང་བྱ་བྱེའུ་སོགས་སྲོག་ཆགས་ས་ཡ་ ༥༠༠ ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་དང་། ཡུལ་མི་སྟོང་ཕྲག་མང་པོའི་སྡོད་གནས་ཁང་པ་སོགས་ལ་ཚིག་སྐྱོན་བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༠༩

Leave a Reply