སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་སྐུ་གྲོངས།

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་དོན་དྲུང་ཆེ་ཟུར་པ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་རིན་པོ་ཆེ་མཆོག་མཁལ་མའི་སྙུན་གཞི་ཡི་རྐྱེན་པས་དགུང་གྲངས་ ༩༡ ཐོག་དགོངས་པ་རྫོགས་ཏེ་སྐུ་ཐུགས་དམ་ལ་བཞུགས་འདུགཁ་སང་ཕྱི་ཚེས་ ༨ བཞུགས་སྒར་དྷ་རམ་སའི་ལའི་ཉེ་འགྲམ་དུ་ཡོད་པའི་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དགོན་པའི་ཡིག་ཚང་ནས་གསལ་བསྒྲགས་གནང་བ་ལྟར་ན། སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༡ སྟེང་། མཁལ་མའི་སྙུན་གཞི་ཞིག་ལ་རྐྱེན་བྱས་ཏེ་རྒྱ་གར་རྒྱལ་ས་ལྡི་ལིའི་མེག་སི་སྨན་ཁང་དུ་དགོངས་པ་རྫོགས་ཡོད་པ་དང་། ད་ལྟ་སྐུ་ཐུགས་དམ་ལ་བཞུགས་ནས་ཉིན་གྲངས་ ༡༡ འགྲོ་བཞིན་འདུག

འཆི་མེད་དགའ་ཚལ་གླིང་དགོན་པའི་སྤྲུལ་སྐུ་ཨ་བན་ལགས་ཀྱིས་འདི་གའི་གསར་འགོད་པར། ལོ་ཤས་ནས་རིན་པོ་ཆེར་མཁའ་མ་སྙུན་བཞིན་ཡོད་པས་ལོ་རེ་བཞིན་མཁལ་མ་གཙང་སེལ་དང་བརྟག་དཔྱད་རིགས་བྱ་དགོས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ དང་བོད་ཟླ་ ༡༡ ཚེས་ ༤ ཉིན་སྙུན་གཞི་དེའི་རྐྱེན་གྱིས་རིན་པོ་ཆེ་དགོངས་པ་རྫོགས་ཡོད་པ་དང་། དེ་ནས་བཟུང་སྐུ་ཐུགས་དམ་ལ་བཞུགས་ཡོད་པས་མགྱོགས་པོ་ཡར་དྷ་རམ་ས་ལའི་དགོན་པར་སྐུ་གདུང་གདན་འདྲེན་ཞུས་ཡོད་ལ། ཁ་སང་ནས་དད་ལྡན་སློབ་འབངས་ཚོས་སེམས་འཚབ་སོགས་ལ་བརྟེན་ནས་གསང་རྒྱ་གྲོལ་བ་ལས་ཐུགས་དམ་ལ་མུ་མཐུད་བཞུགས་ཡོད་པ་དང་། ཉིན་གྲངས་ ༡༡ འགོར་ཡོད་ཀྱང་སྐུ་ཤ་ཅུང་ཙམ་སྐམ་རུ་སོང་ཡོད་པ་ལས་གཞན་སྐུ་མདོག་སོགས་མ་ཤོར་བར་དེ་ག་རང་བཞུགས་ཡོད་པ་དང་། ག་དུས་ཐུགས་དམ་གྲོལ་ན་དེ་དུས་སྐུ་གདུང་མཇལ་ཁ་གནང་རྒྱུ་ཡིན་སྐོར་གསུངས་བྱུང་།

དེ་རིང་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཞིང་གཤེགས་དམ་པ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་མཆོད་འབུལ་སྨོན་ལམ་དང་ཤུལ་ལུས་སློབ་འབངས་སོགས་འབྲེལ་ཡོད་ཚང་མར་གདུང་སེམས་མཉམ་སྐྱེད་གནང་སོང་།འཆི་མེད་དགའ་ཚལ་གླིང་དགོན་པའི་ཡིད་སྐྱོའི་གསལ་བསྒྲགས་ནང་། བོད་རྒྱལ་ལོ་ ༢༡༤༦ ཟླ་ ༡༡ ཚེས་ ༤ སྤྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ ཉིན་ ༧སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་རིན་པོ་ཆེ་མཆོག་གི་ཕྱི་གསལ་གྱི་བཀོད་པ་མཐའ་དག་ནང་གསལ་གདོད་མའི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏེ་ཐུགས་དམ་ལ་བཞུགས་པ་བཞིན་ད་བར་གསང་རྒྱ་ཞུས་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་གསང་རྒྱ་ལས་གྲོལ་ཏེ་དཔལ་རྡོ་རྗེ་སེམས་དཔའི་ཆོ་གའི་སྒོ་ནས་ཚོགས་ཀྱི་མཆོད་པ་ཕུལ་བཞིན་པ་ལགས་ན་དད་ལྡན་སློབ་འབངས་ཡོངས་ནས་རང་གི་དམ་ཚིག་ཉམས་ཆག་དག་ཕྱིར་དང། ༧སྐྱབས་རྗེ་བདེ་བར་གཤེགས་པ་གང་གི་ས་ལམ་གྱི་བར་ཆད་ཞི་ནས་སླར་ཡང་སྤྲུལ་པའི་ཟླ་ཞལ་མྱུར་དུ་བཞད་དེ་རང་གཞན་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐུགས་སྨོན་གནང་སྐྱོང་ཡོང་བར་ཞུ། ཞེས་བཀོད་འདུག

ཞིང་གཤེགས་དམ་པ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༢༧ ལོའི་བོད་ཟླ་ ༡༢ ཚེས་ ༡༩ ཉིན་བོད་ལི་ཐང་གི་གདོང་འགོ་ཨ་དྲུང་ཚང་གི་ཡབ་ངག་དབང་ལེགས་གྲུབ་དང་ཡུམ་བསོད་ནམས་དབྱངས་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་དང་། ༧སྐྱབས་རྗེ་རྡོ་བཞེངས་རིན་པོ་ཆེའི་སྐུ་མདུན་དུ་དབུ་སྐྲ་གཙུག་ཕུད་འབུལ་བཞེས་སྐབས་འཇམ་དབྱངས་དོན་གྲུབ་ཞེས་པའི་མཚན་གསོལ་ཞིང་། དགུང་གྲངས་བརྒྱད་སོན་སྐབས་སྤྲུལ་སྐུ་འགྱུར་མེད་རྡོ་རྗེ་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ། བྲག་དཀར་སྤྲུལ་སྐུ་ཐུབ་བསྟན་འཇམ་དབྱངས་རྣམ་རྒྱལ་སོགས་འདུས་པ་གྲངས་ཚང་བའི་དབུས་སུ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ། རྟ་མགྲིན་མགོན་པོའི་མདུན་ཆོས་སྤྱོད་ཁག་ལ་སློབ་གཉེར་དང་ཕྱིས་སུ་སྒ་རྗེ་དགོན་དུ་སྒྲུབ་འཕྲིན་ཕྱག་བཞེས་སོགས་ལ་བྱང་ཆུབ་པར་མཛད་ཡོད་འདུག

ཕྱིས་སུ་རིན་པོ་ཆེ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ཕྱི་ལོ་ ༡༩༧༢ ཟླ་ ༡༢ ཚེས་ ༠༡ ནས་བོད་གཞུང་ཆོས་དོན་དྲུང་གཞོན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་༡༩༨༠ ཟླ་ ༠༢ ཚེས་ ༢༥ ནང་ཆོས་དོན་དྲུང་ཆེར་བསྐོ་གཞག་གནང་།  ཕྱི་ལོ་ ༡༩༨༣ ནས་ ༡༩༨༥ བགྲེས་ཡོལ་ཕར་འགྱངས་ཐོག་ཆོད་དོན་དྲུང་ཆེའི་ཕྱག་ལས་གནང་སྟེ། ཕྱི་ལོ་ ༡༩༨༦ ཟླ་ ༠༡ ཚེས་ ༠༡ ནས་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད།

ཁམས་སྤྲུལ་རིན་པོ་ཆེ་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་སྐུ་ཚེ་ཧྲིལ་པོར་ལུགས་གཉིས་གང་ཐད་ནས་མཛད་པ་རྒྱ་ཆེན་པོ་བསྐྱངས་གནང་ཡོད་པ་ལྟར།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་དང་དམིགས་བསལ་ལས་འབྲེལ་ཡོད་པའི་སྐྱེ་སྤྲུལ་ཞིག་ཏུ་ངེས་པ་ལྟར་གངས་ལྗོངས་བསྟན་འགྲོའི་བདེ་དོན་སླད་ཆོས་ཕྱོགས་ཀྱི་གནང་སྒོ་དུས་འགྱུར་མི་ཟད་པའི་སྐབས་སུ་བཟློག་ཐབས་རིམ་གྲོ་གང་ནུས་གནང་བ་དང་། སྲིད་ཕྱོགས་ནས་མི་མང་གི་འགོ་ཁྲིད་དེ་གང་ལ་གང་འོས་ཀྱིས་གདོང་ལེན་འཐབ་རྒོལ་བགྱིས་མཐར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། དེ་ནས་བཙན་བྱོལ་གཞུང་གི་བཀོད་སྒྲིག་དང་ལེན་གྱིས་བསྟན་སྲིད་ཞབས་རིམ་སྣ་མང་ལ་ཧུར་བསྐྱེད། ངོས་ནས་སྐབས་འཕྲལ་སྔ་འགྱུར་ཆོས་སྡེའི་སྐོར་དྭོགས་གཅོད་བློ་འདྲི་དྭང་ལེན་ཐོག དེ་མིན་ལས་དོན་ཁག་ལ་གཡས་གཞོགས་གཡོན་འདེགས་ཀྱིས་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུངས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༠༩

Leave a Reply

One thought on “སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་སྐུ་གྲོངས།

  1. གཞུང་པ་ཚེ་དབང་བསོད་ནམས

    སྐྱབས་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་སྒྲུབ་མཆོག་དགོང་པ་གཞན་དུ་ཕེབས་པར་བློ་ཕམ་དང་བཅས་དམ་པ་ཁོང་ལ་མྱ་ངན་གུས་བཏུད་ཞུ་གི་ཡོད་ལ་དམ་པ་ཁོང་གི་སྐུ་ཟླ་བུ་ཕྲུག་སྲས་དང་སྲས་མོ་ཉེ་འབྲེལ་གཉེན་འཁོར་དང་གྲཱ་ཚང་འདུས་པ་རྒྱ་མཚོ་དང་བཅས་པར་ཐུགས་གསོ་ཞུ་གི་ཡོད་ལ་རིན་པོ་ཆེ་དམ་པ་ཁོང་དེ་སྔོན་ཀོ་ལི་གྷལ་གཞིས་ཆགས་སུ་བཞུགས་སྐབས་ཆོས་འབྲེལ་དམ་གཙང་གི་འབྲེལ་བ་ཟབ་པ་མ་ཟད་ཕྱི་ལོ་1991ལོར་གུས་པའི་ཨ་ཁུ་དམ་པ་དེ་ཉིད་རྡ་སར་འདས་གྲོངས་སྐབས་ཤི་བོའི་རྔས་མགོ་དང་འཕོ་བ་གནང་མཁན་རིན་པོ་ཆེ་དམ་པ་དེ་ཉིད་ཡིན་པ་དད་དམ་གཡོ་བ་མེད་པ་བཅས་དམ་པ་ཁོང་གི་སྐུ་སྐྱེས་ཡང་སྲིད་བོད་མིའི་བསོད་ནམས་ཀྱི་རྒྱན་དུ་ཕེབས་པའི་མྱུར་བྱོན་གསོལ་འདེབས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོའི་འདེབས་པ་དེ་དེ་བཞིན་དུ་འགྲུབ་པ་ཤོག།