ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་ཕུལ།

དེ་རིང་སྔ་དྲོར་ཆོས་རིག་དྲུང་ཆེ་ཟུར་པ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་དུ་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་ཕུལ།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། བོད་ཐོག་ཁང་ཆེན་མོའི་སྲིད་སྐྱོང་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བདམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན། སྲིད་ཚབ་དང་བཀའ་བློན་རྣམ་པ།  དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་བོའི་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་སོགས་འཛོམས་འདུག

མཛད་སྒོའི་ཐོག་མར་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་འདེམས་ཐོན་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་རྣམ་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། འདེམས་ཐོན་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་སོང་།

གསར་འགོད་པས་བསྟན་འཛིན་ལུང་རྟོགས་ལགས་སུ་འདས་པའི་ལོ་ ༢༥ རིང་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་ཞུས་པའི་ཉམས་མྱོང་བརྒྱུད། མ་འོངས་པར་གདོང་ལེན་གནང་དགོས་ས་དང་འཆར་གཞི་ག་རེ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། དྲང་མོ་ཞུས་ན། ད་ལྟ་ཁྲིམས་ཞིབ་པའི་དམ་འབུལ་ཞུས་ཙམ་ཡིན་སྟབས། དམིགས་བསལ་གྱིས་བསམ་བློ་གང་ཡང་གཏོང་རྒྱུ་མ་བྱུང་། ཡིན་ནའང་། འདས་པའི་ལོ་ངོ་ ༢༥ རིང་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་ཞུས་ནས་བསྡད་པ་ཡིན། ཁ་སང་ནས་སྲི་ཞུ་ནས་ཐོན་པ་དང་དེ་རིང་ནས་ཁྲིམས་ཞིབ་པའི་དམ་འབུལ་ཞུས་ཏེ་ཁྲིམས་ཞིབ་པ་ཆགས་འགྲོ་ཡི་ཡོད་པས། མ་འོངས་པའི་ལས་དོན་བྱེད་ཕྱོགས་གཙོ་བོ་བཅའ་ཁྲིམས་རིན་པོ་ཆེ་དང་བཅའ་ཁྲིམས་འོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཡིག དེ་བཞིན། དཔལ་ལྡན་བོད་མི་མང་སྤྱི་འཐུས་བརྒྱུད་གཏན་ལ་ཕབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་བཅས་གཞིར་བཟུང་གིས་ལས་ཀ་བྱས་ནས་འགྲོ་དགོས་རེད་བསམ་གྱི་ཡོད། རྩ་བའི་ད་ལྟའི་བར་དུ་སྲི་ཞུ་ཞུས་པ་དང་དཀྱིལ་འཁོར་འདི་ཁོ་ནའི་ནང་སྡོད་དགོས་ཀྱི་ཡོད་པས་དམིགས་བསལ་གྱི་ཚོར་བ་གང་ཡང་ཞུ་རྒྱུ་མེད། དཀྱིལ་འཁོར་འདིའི་ནང་འདུག་གི་ཡོད་སྟབས། ངས་དེ་སྔོན་བཤད་མྱོང་། ཞབས་རྗེས་ཞུ་སྐབས་གཙོ་བོ་ང་ཚོ་སྲི་ཞུའི་ལས་བྱེད་ཚང་མས་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཞུ་རྒྱུ་དེ་ལས་འགན་ཆེ་ཤོས་རེད། དེ་ནས་ལས་ཀ་ག་འདྲ་ཞིག་བྱས་པ་ཡིན་ནའང་དྲང་བདེན་དང་ལྷག་བསམ་རྣམ་དག་ཐོག་ནས་བྱ་རྒྱུ་དེ་ངས་གལ་ཆེ་ཤོས་མཐོང་གི་ཡོད། ཅེས་གསུངས་བྱུང་།

ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོ་ནས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ཕྱག་ལས་གནང་བ་དང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་སུ་བསྐོས།  ཕྱི་ལོ་ ༡༩༩༦ ལོར་ཤེས་རིག་ལས་ཁུངས་སུ་དྲུང་གཞོན་དུ་གནས་སྤོ་དང་། ཕྱི་ལོ་ ༢༠༠༢ ལོར་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོ་གནང་། ཕྱི་ལོ་ ༢༠༠༥ ལོར་ཟུང་དྲུང་དུ་གནས་སྤོ་གནང་། ཕྱི་ལོ་ ༢༠༡༦ ལོར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཏུ་བསྐོ་བཞག ཕྱི་ལོ་ ༢༠༡༧ ལོ་ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་བཅས་མི་ལོ་ ༢༤ ལྷག་ཙམ་རིང་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་ཞུས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༡༠

Leave a Reply

One thought on “ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་ཕུལ།

  1. གཞུང་པ་ཚེ་དབང་བསོད་ནམས།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་གཞུང་ཟེར་བའི་ཐ་སྙད་དེ་ཕྱི་བསྡུ་གནང་ནས་དབུས་བོད་མིའི་སྒྲིག་་འཛུགས་ལ་ཁ་་ཕྱོགས་ནས་མི་ལོ་དགུ་ལ་ཉེ་བའི་སྐབས་འདིར་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུགས་བཤེར་འགྲོ་ལུགས་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་རེ་བདུན་པ་བོད་གཞུང་དང་འབྲེལ་ཆགས་ཀྱི་ཁ་མཆུ་ཟེར་བའི་བོད་གཞུང་འཁོད་པ་དེ་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཕྱོགས་མཐུན་མི་དགོས་པ་ཡིན་ནམ།