ལྕམ་ཚའེ་ཡེན་ཝུན་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐེངས་གཉིས་པ་ཐོབ། 

ཐའེ་ཝན་གྱི་སྲིད་འཛིན་ལས་ཐོག་ལྕམ་ཚའེ་ཡེན་ཝུན་མཆོག་ལ་འདི་ལོའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་འདུག

དེ་རིང་ཐའེ་ཝན་སྲིད་འཛིན་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། ཡུལ་དེའི་འོས་བསྡུ་ལྷན་ཁང་ནས་གྲུབ་འབྲས་ཡོངས་བསྒྲགས་གནང་བ་ལྟར་ན། འདི་ལོའི་སྲིད་འཛིན་འོས་བསྡུར་འོས་འཕེན་ཐོ་འགོད་བྱེད་མཁན་ས་ཡ་༡༩་ལྷག་བྱུང་ཡོད་པའི་ཁྲོད་ནས། གྲངས་ཉུང་མི་རིགས་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཇམ་སི་སོན (James Soong)ལགས་ལ་འོས་གྲངས་ ༦.༠༨.༥༩༠ སྟེ་འོས་ཀྱི་བརྒྱ ཆ་ ༤.༣། གོང་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་ཧན་ཀོ་ཡས་(Han Kuo-yu)་ལགས་ལ་འོས་ཤོག་གྲངས་ ༥༥.༢༢.༡༡༩་སྟེ་འོས་ཀྱི་བརྒྱ་ཆ་ ༣༨.༦་དང་། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་ཡེན་ཝུན་མཆོག་ལ་འོས་གྲངས་༨༡.༧༠. ༢༣༡ དང་འོས་ཀྱི་བརྒྱ་ཆ་ ༥༧.༡་ཐོབ་སྟེ་ཡང་བསྐྱར་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག

རྒྱལ་ཁ་ཐོབ་རྗེས་ལྕམ་ཚའེ་ཡེེན་ཝུན་མཆོག་གིས། འོས་བསྡུ་རེ་རེའི་སྐབས་ལ་ཐའེ་ཝན་མི་མང་གིས་འཛམ་གླིང་མི་མང་ལ་ང་ཚོས་དམངས་གཙོའི་རང་དབང་གི་འཚོ་བ་དང་ང་ཚོའི་རྒྱལ་ཁབ་ལ་ཇི་ཙམ་གཅེས་སྤྲས་བྱེད་ཀྱི་ཡོད་པ་གསལ་བཤད་བྱེད་ཀྱི་འདུག་ཅེས་དང་། དེ་རིང་ཐའེ་ཝན་མི་མང་ནས་དམངས་གཙོ་ཡར་སྐུལ་ཚོགས་པས་མུ་མཐུད་སྲིད་དབང་སྐྱོང་བར་འོས་བླུགས་ཡོད་པ་མ་ཟད། ཁྲིམས་བཟོ་ལྷན་ཁང་ནང་དུའང་ཞབས་བཀྱག་མང་པོ་ཐོབ་ཡོད་པ་དེས། འདས་པའི་ལོ་བཞི་ཡི་འགྲོ་ཕྱོགས་འགྲིག་ཡོད་པ་ར་སྤྲོད་བྱས་ཡོད་སྐོར་དང་། མ་འོངས་པར་མུ་མཐུད་བཅོས་བསྒྱུར་བྱས་ཏེ་དབུལ་ཕྱུག་ཧེ་བག་སྙོམ་སྒྲིག་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་ཤུགས སྣོན་རྒྱག་རྒྱུ་ཡིན་སྐོར་གསུངས་འདུག

སྲིད་འཛིན་འོས་མི་ཧན་ཀོ་ཡས་ལགས་ཀྱིས་ལྕམ་ཚའེ་ཡེན་ཝུན་མཆོག་ལ་འཚམས་འདྲི་ཞུས་པ་དང་བསྟུན། སྲིད་འཛིན་མཆོག་ནས་ཐའེ་ཝན་མི་མང་ལ་བདེ་སྐྱིད་བསྐྲུན་དགོས་པའི་འབོད་སྐུལ་ཞུས་འདུག

དེ་རིང་གི་འོས་བསྡུའི་ཁྲོད་སྲིད་གཞུང་གསར་པའི་ཁྲིམས་བཟོ་ལྷན་ཁང་གི་ཁྱོན་ཞབས་བཀྱག་༡༡༣ ལས་དམངས་གཙོ་ཚོགས་པར་ཞབས་བཀྱག་ ༦༡་དང་། གོ་མིན་ཏང་ཚོགས་པར་ཞབས་བཀྱག་ ༣༨ ཐོབ་ཡོད་འདུག་ལ། རྒྱ་ནག་གཞུང་གིས་ལྕམ་ཚའེ་ཡེན་ཝུན་མཆོག་དང་དམངས་གཙོ་ཚོགས་པ་ཕམ་པར་གཏོང་ཆེད་དྲིལ་བསྒྲགས་རྫུན་མ་སྤེལ་བ་དང་། རྒྱ་ནག་སྐམ་སའི་ནང་དམངས་གཙོ་ཚོགས་པའི་སྐད་སྒྲ་ཙམ་ཡང་ཐོས་མི་ཐུབ་པ་བཟོ་ཐབས་བྱས་ཡོད་ཀྱང་བསྐྱར་དུ་ཕམ་ཉེས་བྱུང་ཡོད་འདུག

བསྐྱར་བཅོས།: ༢༠༢༠/༠༡/༡༡

Leave a Reply

2 thoughts on “ལྕམ་ཚའེ་ཡེན་ཝུན་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐེངས་གཉིས་པ་ཐོབ། 

  1. གཞུང་པ་ཚེ་དབང་བསོད་ནམས

    ཐེ་ཝན་གྱི་སྲིད་འཛིན་ལ་སུ་སླེབས་ཀྱང་ང་ཚོར་དགོས་རྒྱུ་དེ་ཞི་བདེ་ལྷིངས་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་གསར་འཛུགས་གནང་རྒྱུ་དེ་རེད།