བོད་ནང་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཟེར་བའི་བཅའ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དཔེ་བཟང་ཁུལ་འཛུགས་སྐྲུན་སྲོལ་ཡིག་ཅེས་པའི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབ་བྱས་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟེར་བའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་དཔེ་བཟང་ཁུལ་འཛུགས་སྐྲུན་སྲོལ་ཡིག་ཅེས་པའི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབ་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་སྐོར་བསྒྲགས་འདུག

གཞུང་འབྲེལ་དྲ་རྒྱ་དེས་སྤེལ་བའི་གནས་ཚུལ་ནང་། ད་ལན་བོད་རང་སྐྱོང་ལྗོངས་དམངས་འཐུས་ནས་གཏན་འབེབ་བྱས་པའི་སྲོལ་ཡིག་དེ་ནི། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བ་མཛུབ་ཁྲིད་བྱས་ཏེ། གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་རྩ་འཛུགས། དེ་བཞིན་སྤྱི་དམངས་མི་སྒེར་བཅས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྐུལ་འདེད་བཏང་ཡོད་སྐོར་དང་། སྲོལ་ཡིག་དེ་ཉིད་སྤྱིའི་རྩ་དོན་དང་། ལས་ཀའི་འགན་འཁྲི། སྤྱི་ཚོགས་མཉམ་སྒྲུབ། དྲིལ་བསྒྲགས་སློབ་གསོ། གཟེངས་བསྟོད་གཏོད་པ། རྩ་འཛུགས་ཀྱི་འགན་ལེན། ཁྲིམས་ལུགས་ཀྱི་འགན་འཁྲི། ཞར་བྱུང་བཅས་ས་བཅད་ཆེན་པོ་བརྒྱད་དང་། དེར་ཡང་ནང་གསེས་དོན་ཚན་ ༤༨ ཀྱིས་གྲུབ་ཡོད་སྐོར་ཙམ་ལས། བརྒྱུད་ལམ་དུ་དོན་ཚན་རྣམས་ཁ་གསལ་བཀོད་མི་འདུགའདས་ལོར་ཡུན་ནན་དང་མཚོ་སྔོན་ཞིང་ཆེན་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ལས་འགུལ་བཅའ་ཁྲིམས་ཏུ་གཏན་འབེབ་བྱས་ཟིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཁུལ་དུ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིང་ཐོག་ནས་འདས་པའི་ལོ་མང་རིང་ནས་ལས་འགུལ་འདྲ་མིན་སྤེལ་མུས་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་སྲིད་གཞུང་གིས་ལོ་ལྟར་ཕྱི་ཟླ་ ༩ པ་དེ་མི་རིགས་མཐུན་སྒྲིལ་གྱི་ཟླ་བར་གཏན་འཁེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། ལོ་ལྟར་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང་ཟེར་བ་སོགས་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཚོགས་པ། དེ་ཙམ་དུ་མ་ཟད་མི་རིགས་མཐུན་སྒྲིལ་ཁ་ལ་ཁྱེར་ཏེ་མི་རིགས་ཕན་ཚུན་བར་གཉེན་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།

ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་དེ་འབྲེལ་གྱི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གིས་ཤར་ཊུར་ཀི་སི་ཐན་ནམ་རྒྱ་ནག་གིས་རྗོད་བཞིན་པའི་ཤིན་ཅང་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་ཡིག་ཟེར་བ་གཏན་འབེབ་བྱས་ཏེ། ཁྲིམས་ཡིག་དེ་རྒྱུ་མཚན་དུ་བྱས་ནས་ཁུལ་དེར་གནས་སྡོད་ཁ་ཆེ་ཡུ་གུར་བ་རྣམས་ལ་དྲག་གནོན་བྱས་ཡོད་སྐོར་དང་། ད་ལན་བོད་རང་སྐྱོང་ལྗོངས་ནང་གསར་དུ་གཏན་འབེབ་བྱས་པའི་སྲོལ་ཡིག་དེའི་ནང་། གཞུང་གི་ལས་ཁུངས་མཐོ་འབྲིང་དམའ་གསུམ་ནས་བརྩིས་པའི་བཟོ་ཚོང་ཁང་དང་། སྤྱི་ཚོགས་ཀྱི་སྒྲིག་འཛུགས། གྲོང་བརྡལ། སློབ་གྲྭ། དམག་དོན་སྡེ་ཁག ཆོས་ལུགས་ཀྱི་ལྟེ་གནས་བཅས་ཚང་མར་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུའི་འགན་འཁྲི་ཡོད་སྐོར་དང་། གཞུང་དང་སྤྱི་ཚོགས་ངོས་ནས་མི་རིགས་མཐུན་སྒྲིལ་ཐད་བྱེད་དགོས་པ་དང་བྱེད་མི་ཆོག་པའི་བྱ་འགུལ་རིགས་ཀྱང་བགྲངས་ཡོད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༩ ཉིན་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་སྐབས་ ༡༢ པའི་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༢༠ པའི་ཐོག་གཏན་འབེབ་བྱས་པའི་<<ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་སྐུལ་སློབ་གསོའི་སྲོལ་ཡིག>>་ཅེས་པའི་ནང་དུ། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་མང་གི་ཚེ་སྲོག་ཡིན་ལ། རྒྱ་མི་རིགས་ནམ་ཡང་གྲངས་ཉུང་མི་རིགས་དག་དང་ཁ་འབྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་དག་ཀྱང་རྒྱ་མི་རིགས་དང་ཁ་འབྲལ་ཐབས་མེད། དེ་བཞིན་གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་འབྲལ་ཐབས་མེད་སྐོར་དང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་སློབ་མའི་ཞབས་ཞུ་དོ་དམ་ཁང་དང་ལས་ཁུངས་ཁག་གིས་ཕྱི་རྒྱལ་དུ་ཡོད་པའི་ཤིན་ཅང་གི་སློབ་མ་དང་མི་མང་ཚོར་འབྲེལ་ལམ་རྒྱ་སྐྱེད་དེ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དགོས་སྐོར་བཀོད་འདུག

ཡང་བཅའ་ཁྲིམས་དེའི་ནང་མི་རིགས་མཐུན་སྒྲིལ་གྱི་ས་བོན་དུ་གྱུར་བའི་གྲངས་ཉུང་མི་རིགས་ཁག་གི་བྱིས་པ་ཚོས་རྩེད་མོར་མཉམ་དུ་རོལ། སློབ་སྦྱོང་མཉམ་དུ་བྱེད། འཚར་ལོངས་མཉམ་དུ་བྱུང་དགོས་པ་དང་། བུད་མེད་མཉམ་འབྲེལ་ཁག་གིས་བུད་མེད་ཚོར་སྤྱི་ཚོགས་དང་ཁྱིམ་ཚང་ནང་གི་དགོས་མཁོ་གཞིར་བཟུང་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བྱ་བའི་ཁྲོད་མཐུན་སྒྲིལ་འཆམ་མཐུན་འཛུགས་སྐྲུན་དང་། ཁྱིམ་མཚེས་མཐུན་པོ། ཁྱིམ་ཚང་མཉམ་འདུས་བཅས་ཀྱི་བྱ་བར་སྣེ་འཁྲིད་ཀྱི་ནུས་པ་འདོན་དགོས་སྐོར་དང་། མི་མང་དང་ཁྲིམས་ལུགས་མི་སྣ། འབྲེལ་ཡོད་ལས་ཁུངས་བཅས་ནས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བྱ་བར་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་ལ་ལྟ་ཞིབ་དང་། སྐྱོན་བརྗོད། ཐེར་འདོན་བཅས་བྱས་ཏེ་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༡༣

Leave a Reply

One thought on “བོད་ནང་མི་རིགས་མཐུན་སྒྲིལ་ཡར་སྐུལ་ཟེར་བའི་བཅའ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་ནང་མི་རིགས་གྲངས་ལྔ་བཅུ་ལས་མང་བ་ཡོད་པ་དེ་དག་ཚང་མ་ལ་འདྲ་མཉམ་གྱི་ཐོབ་ཐང་རག་པའི་ཉིན་མོ་ནས་རྒྱ་ནག་ནང་མི་རིགས་མཐུན་འབྲེལ་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཞིག་འཛམ་གླིང་འདིར་གསར་འཛུགས་ཐུབ་རྒྱུ་ལས་ཁྲིམས་དང་སྒྲིག་གཞི་སོགས་ཇི་་འདྲ་ཞིག་བཟོས་ཀྱང་མི་རིགས་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་མ་རག་བར་མི་རིགས་མཐུན་འབྲེལ་དང་འཆམ་མཐུན་གྱི་སྤྱི་ཚོགས་ནམ་ཡང་བསྐྲུན་མི་ཐུབ་པ་དེ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་མ་རེད་དམ།