བྱང་གི་དགོན་ཆེན་དགོན་ལུང་དགོན་ལ་དམ་དྲག་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་དགོན་དུ་ལྟ་བཤེར་བརྙན་མིག་མང་པོ་བཙུགས་ཏེ་དགེ་འདུན་པ་དང་མཆོད་མཇལ་བ་བཅས་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་འདུག ཁ་སང་ཕྱི་ཚེས་ ༡༢ ཉིན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲ་རྒྱ་བྷི་ཊར་ཝིན་ཊར་(Bitter Winter)གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བྱང་གི་དགོན་ཆེན་བཞིའི་ཡ་གྱལ། མཚོ་སྔོན་ཞིང་ཆེན་ཧུ་ཀྲུའུ་ཐུ་རང་སྐྱོང་རྫོང་ཁོངས་སུ་ཡོད་པའི་ཆོས་སྡེ་ཆེན་མོ་དགོན་ལུང་དགོན་བྱམས་པ་གླིང་དུ་ལྟ་བཤེར་བརྙན་མིག་ ༢༠༠ ལྷག་བཙུགས་ཏེ་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་དང་། མཇལ་སྐོར་བ་ཚོར་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད།  དགོན་པའི་དགེ་འདུན་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དང་ཁྲིམས་སྒྲིག་ཁག་ལ་བཙན་གྱིས་སློབ་གཉེར་བྱེད་དུ་འཇུག་བཞིན་ཡོད་འདུག

གནས་ཚུལ་དེའི་ཐད་དགོན་ལུང་དགོན་པའི་དགེ་འདུན་པ་ཞིག་གིས། གཞུང་ཕྱོགས་ནས་དགོན་པ་དང་དགོན་པའི་རིག་གཞུང་སྲུང་སྐྱོབ་ལ་ཁ་གཡར་ནས་བརྙན་མིག་འཛུགས་དགོས་པའི་བཀའ་བཏང་ཡོད་ན་ཡང་། ཕྱོགས་གཞན་ནས་དགེ་འདུན་པ་དང་མཆོད་མཇལ་བ་ཚོའི་འགྲོ་འདུག་ལ་ལྟ་བཤེར་བྱེད་བཞིན་ཡོད་པ་རེད་ལ། དེ་ནི་གཞུང་གིས་ཆོས་ལུགས་ལ་དམ་དྲག་བྱེད་སྟངས་ཤིག་ཡིན་སྐོར་བརྗོད་འདུག

ཡང་དེ་འབྲེལ་གྱི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་དགོན་ལུང་དགོན་ཚང་མ་བརྙན་མིག་གིས་བསྐོར་ནས་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཁོངས་སུ་ཡོད་པའི་ཀྲིན་ཀྲུའུ (Zhenzhu)དགོན་པའི་འདུ་ཁང་དུའང་ལྟ་བཤེར་བརྙན་མིག་གིས་བསྐོར་ཏེ། དགོན་པའི་དགེ་འདུན་པ་ཚོར་ཉིན་རྒྱུན་རྒྱ་ནག་གཞུང་གི་ཆབ་སྲིད་དང་སྒྲིག་ཁྲིམས་ཟེར་བར་སློབ་སྦྱོང་བྱེད་དགོས་པར་སྐུལ་ཏེ། དགེ་འདུན་པ་ཚོས་ཆོས་ཕྱོགས་ཀྱི་སློབ་གཉེར་ཉིན་ ༡༠ རེའི་མཚམས་ནས་ཐེངས་རེ་མ་གཏོགས་བྱེད་དུ་འཇུག་གི་མེད་པ་དང་། དེ་བཞིན་ཀྲིན་ཀྲུའུ་དགོན་པའི་ཁ་གཏད་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་དུའང་ཆེད་གཉེར་འགྲོ་སོང་བཏང་སྟེ། མཚོ་སྔོན་ཆོས་དོན་ལྷན་ཁང་ཟེར་བས་རྒྱ་ནག་གི་ཆབ་སྲིད་སྒྲིག་ཁྲིམས་དང་མཐུན་པའི་བསླབ་གཞི་གཏན་འབེབ་དང་། དགེ་འདུན་པ་ཚོས་ངེས་པར་དུ་དེ་ལ་སློབ་གཉེར་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་སྐོར་བཀོད་འདུག སློབ་གཉེར་ཁང་དེའི་ནང་ལོ་གཉིས་རིང་སློབ་སྦྱོང་བྱེད་མྱོང་མཁན་དགེ་འདུན་པ་རྒན་གྲས་ཤིག་གིས་གསར་འགོད་པར། རྒྱ་ནག་ཆོས་དོན་ལྷན་ཁང་གིས་ཁོང་ཚོར་རྒྱ་ནག་གི་ཁྲིམས་དང་ལོ་རྒྱུས། རྒྱ་ཡིག་མ་གཏོགས་གཞན་གང་ཡང་བསླབ་འཇུག་གི་མེད་པ་དང་། དགེ་འདུན་པ་ཞིག་ལ་མཚོན་ན་ནང་པའི་གཞུང་ལ་སློབ་གཉེར་དང་རང་གི་དད་མོས་གལ་ཆེན་པོ་ཡིན་ན་ཡང་། གཞུང་གིས་དེ་དག་གང་ཡང་བྱེད་འཇུག་གི་མེད་པས་གནས་སྟངས་དེ་ཧ་ཅང་དཀའ་ངལ་ཞིག་ཡིན་སྐོར་བརྗོད་འདུག

གནས་ཚུལ་ནང་བཀོད་པ་ལྟར་ན། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བསླེབས་པ་ནས་ཆོས་ལུགས་རང་དབང་ཐད་དམ་དྲག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། བོད་དང་རྒྱ་ནག་ཡོངས་ནས་ཆོས་ལུགས་ཀྱི་མཚོན་རྟགས་དང་སྐུ་བརྙན་སོགས་མང་པོ་ཞིག་གཏོར་བཤིག་དང་མི་མཐོང་བ་བཟོས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་དགོན་པ་ཁག་གི་ནང་བོད་བརྒྱུད་ནང་བསྟན་གྱི་མཚོན་རྟགས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་འདུ་ཁང་། མཆོད་རྟེན་རིགས་འཛུགས་སྐྲུན་ཐད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་ལྷོ་ནུབ་ཁུལ་དུ་ཡོད་པའི་ཧྲན་ཞི་ཞིང་ཆེན་བྷོ་ཇི(宝鸡市)གྲོང་ཁྱེར་ནང་ཡོད་པའི་གསེར་ཏོག་དགོན་(金顶寺)གྱི་སྒོ་ཆེན་གཡས་གཡོན་དུ་བོད་ལུགས་མཆོད་རྟེན་དཀར་པོ་གཉིས་ཡོད་པ་དེ། སྔར་ལོའི་ཕྱི་ཟླ་ ༣ ནང་གཞུང་ཕྱོགས་ནས་བཀའ་བཏང་སྟེ་མཆོད་རྟེན་གྱི་རྣམ་པ་བསྒྱུར་ནས་མཚོན་མདོག་ཐལ་སྐྱ་བྱུག་བཅུག་ཡོད་འདུགལོ་ངོ་དྲུག་ལྷག་ལ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་བྱས་མྱོང་མཁན་རྒྱ་རིགས་གྲྭ་པ་ཞིག་གིས། རྒྱ་ནག་གཞུང་གིས་མཱན་ཇུ་དང་སོག་པོ་གྲངས་ཉུང་མི་རིགས་སོགས་ཀྱི་རིག་གཞུང་རྩ་མེད་བཏང་ཚར་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་རེད། དམར་ཤོག་ཚོགས་པའི་དམིགས་ཡུལ་གཙོ་བོ་བོད་བརྒྱུད་ནང་བསྟན་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་བཀག་འགོག་དང་རྩ་མེད་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། འདས་པའི་ལོ་ངོ་བཅུ་ཕྲག་སྔོན་ནས་བཟུང་རྒྱ་ནག་གིས་བསྐྱར་དུ་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱས་ཏེ། བོད་ཁུལ་གྱི་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་དང་སྤེལ་བཞིན་ཡོད་པ་མ་ཟད། ཆོས་སྡེ་ཆེན་མོ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཁག་གི་གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་དབང་གིས་ཕྱིར་འཕུད་དང་། རང་ལོ་ ༡༨ མ་སོན་པའི་གྲྭ་རྒྱུན་རྣམས་གཞུང་གི་སློབ་གྲྭར་བཅུག་སྟེ། གྲྭ་ཤག་སྟོང་ཕྲག་མང་པོ་རྩ་མེད་བཏང་ཡོད་པ་མ་ཟད། རྒྱ་ནག་ནང་ལོགས་སུ་ཡོད་པའི་ནང་ཆོས་ཀྱི་རྗེས་འཇུག་པ་དང་དོན་གཉེར་བ་ཁྲི་ཚོ་མང་པོར་བོད་པའི་བླ་སྤྲུལ་ཚོས་ཆོས་གསུང་འདོན་དང་ནང་ཆོས་ངོ་སྤྲོད་སོགས་བྱེད་པར་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་པ་རེད།

ཡང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་དྲ་རྒྱ་བྷི་ཊར་ཝིན་ཊར་(Bitter Winter)གྱིས་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་དུ། རྒྱ་ནག་གཞུང་གི་བཀོད་ཁྱབ་ལྟར་མཚོ་ཞིང་ཆེན་སྲིད་གཞུང་གིས་རྗེས་འཇུག་ཚོགས་པ་ཞེས་པའི་ཚོགས་པ་ཞིག་ལ་ལོག་ཆོས་སྤེལ་མཁན་ཞེས་ཉེས་མིང་བཙུགས་ཏེ། འདས་ལོའི་ཕྱི་ཟླ་ ༡༠ ནང་དད་ལྡན་རྗེས་འཇུག་པ་ ༣༢༩ ལྷག་འཛིན་བཟུང་བཙོན་འཇུག་དང་། ཆོས་ཚོགས་དེའི་ཚོགས་མི་དང་འདུ་ཁང་ཚང་མ་རྩ་གཏོར་བཏང་ཡོད་འདུགསྔར་ལོའི་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་བྷི་ཊར་ཝིན་ཊར་དྲ་བའི་གནས་ཚུལ་སྤེལ་ཏེ། རྒྱ་ནག་གཞུང་གིས་འདས་པའི་ལོ་དུ་མའི་རིང་ནས་རྒྱ་ནག་ཁྱོན་ཡོངས་ནང་ཡོད་པའི་ཆོས་ལུགས་ཀྱི་སྐུ་བརྙན་རིགས་གཏོར་བཤིག་གཏོང་བའི་བྱ་འགུལ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་དང། ཐ་ན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་ཡོད་པའི་ནང་པའི་སྐུ་བརྙན་རིགས་ཀྱང་མེད་པར་བཟོ་བཞིན་ཡོད་པ་ལྟར། རྒྱ་ནག་གི་ཤར་བྱང་ཁུལ་དུ་ཡོད་པའི་ལོ་ལིན་ཞིང་ཆེན་(Liaoning)སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་ཏེ། ལོ་ལིན་ཀྲོང་ཧི་(Zhunghe) རྫོང་ཁོངས་སུ་ཡོད་པའི་ལོ་ངོ་ ༡༠༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་སྐུ་བརྙན་མང་པོ་གཏོར་བ་དང་། ཏ་ལིན་དུ་ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་ཞིག་གྱང་གིས་བསྐོར་ཏེ་མཇལ་རྒྱུ་མེད་པ་བཟོས་པ། དེ་བཞིན་ཧུའུ་པའེ་ཞིང་ཆེན་(Hubei)གྱི་ཀང་ཧེ་(Guangshui) གྲོང་འཁྱེར་གྱི་ཙུ་ཧྲི་(Zushi) དགོན་པའི་སྐུ་བརྙན་རྣམས་རྩ་གཏོར་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།དམ་དྲག་འོག་ཡོད་པའི་བྱང་གི་དགོན་ཆེན་དགོན་ལུང་དགོན་ནི་རྒྱལ་སྲས་སྐུ་ཕྲེང་བདུན་པ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་མཆོག་གིས་ཤིང་འབྲུག་ ༡༦༠༤ ལོར་ཕྱག་བཏབ་ཡོད་པ་དང་། དགོན་པ་འདིར་ཐོག་མའི་དུས་སུ་མཚན་ཉིད་གྲྭ་ཚང་གཅིག་པུ་ལས་མེད་ཀྱང་ཕྱིས་སུ་རྒྱུད་པ་གྲྭ་ཚང་བཙུགས་ཏེ། བཤད་སྒྲུབ་ཟུང་འབྲེལ་གྱི་ཆོས་སྡེར་གྱུར་ཐོག་གྲྭ་གྲངས་བདུན་སྟོང་བརྒལ་བ་བྱུང་བའི་ལོ་རྒྱུས་ཡོད་འདུག དགོན་པ་དེར་ལྷ་མོ་ཕོ་བྲང་དང་། རྒྱུད་ཁང་། ལི་མ་ཁང་། ལྕང་སྐྱའི་བླ་བྲང་། ཐུའུ་བཀྭན་བླ་བྲང་། སུམ་པ་བླ་བྲང་བཅས་ཡོད་པ་མ་ཟད། ནང་རྟེན་རྗེ་སྐུ་ང་འདྲ་མ་དང་། དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་ཐང་། ཐུབ་པ་མེ་ཐུབ་བཅས་སྐུ་རྟེན་དང་། བཀའ་འགྱུར་འཛམ་གླིང་གཡས་བཞག་ཅེས་པ་གསེར་ཞུན་མས་བྲིས་པ། དེའི་དཀར་ཆག་ལྕང་སྐྱ་རིན་པོ་ཆེས་མཛད་པ། རྒྱལ་བ་དགེ་འདུན་གྲུབ་ཀྱི་ཕྱག་བྲིས་མར་གྲགས་པའི་འགྲེལ་བ་སྒྲོན་མ་གསལ་བ་བཅས་གསུང་རྟེན་དང་། ཐུའུ་བཀྭན་ངག་དབང་མཆོག་ལྡན་གྱི་དངུལ་གདུང་མཆོད་རྟེན་གཙོ་བྱས་པའི་རྟེན་རྙིང་རྩ་ཆེན་མང་པོ་ཡོད་འདུག དགོན་རྙིང་དེར་བོད་ཀྱི་རིག་གནས་གོང་སྤེལ་ཐད་ལ་མཛད་རྗེས་ཆེ་བའི་མཁས་དབང་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་མཁས་པའི་དབང་པོ་མང་པོས་ཞབས་ཀྱིས་བཅགས་མྱོང་བའི་ལོ་ངོ་ ༤༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་ཡོད་སྟབས། བོད་བྱང་ཕྱོགས་ཀྱི་དགོན་ཆེན་བཞི་སྟེ་དགོན་ལུང་དགོན་དང་བྱ་ཁྱུང་དགོན། ཆུ་བཟང་དགོན། གསེར་ཁོག་དགོན་བཅས་སུ་གྲགས།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༡༣

Leave a Reply