ལྕམ་ཚའེ་ཡེན་ཝུན་མཆོག་ལ་འཚམས་འདྲི་མཛད།

ཐའེ་ཝན་གྱི་སྲིད་འཛིན་ལས་ཐོག་ལྕམ་ཚའེ་ཡེན་ཝུན་མཆོག་ལ་བསྐྱར་དུ་ལོ་རྒྱུས་རང་བཞིན་པའི་སྲིད་འཛིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་འཚམས་འདྲི་གནང་འདུག༧གོང་ས་མཆོག་ནས་བསྩལ་བའི་འཚམས་འདྲིའི་གསུང་འཕྲིན་ནང་། ངོས་རང་ཐའེ་ཝན་ལ་ཐེངས་གསུམ་བསྐྱོད་དེ་དེ་གའི་མི་མང་ལ་ཐུག་འཕྲད་དང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་དག་སྤྲོ་སྣང་ཆེན་པོས་ཕྱིར་དྲན་བྱེད་ཀྱི་ཡོད་ལ། ངོས་རང་དེར་སྐྱོད་སྐབས་མི་མང་གིས་སྤྲོ་སེམས་འཁོལ་བའི་ངང་ནས་བསུ་མ་བྱས་པ་དྲན་གྱི་འདུག དེ་བཞིན་ཐའེ་ཝན་གྱི་ནང་པའི་རྗེས་འཇུག་པ་དག་གིས་རང་གི་ཆོས་ལུགས་དད་མོས་བྱེད་སྟངས་དེས་ངོས་ལ་སེམས་འགུལ་ཐེབས་བྱུང་། ངོས་རང་ནང་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་ཁོང་ཚོའི་ཆོས་ཉན་རྒྱུའི་རེ་འདུན་སྐོང་ཐབས་དང་། ཆོས་ལུགས་ཀྱི་དགོས་ངེས་ལམ་སྟོན་རིགས་གང་ནུས་ཅི་ལྕོགས་འབུལ་ཐབས་བྱེད་ཀྱི་ཡོད། ཅེས་དང་། ངོས་རང་གཞི་རྩའི་དམངས་གཙོའི་རིན་ཐང་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ངོས་ཀྱིས་ཐའེ་ཝན་མི་མང་རྣམས་ཀྱིས་དམངས་གཙོའི་རྒྱལ་ཁ་ཆེན་པོ་བླངས་པ་ཙམ་དུ་མ་ཟད། དཔལ་འབྱོར་དང་ཤེས་ཡོན། རང་གི་ཕྱུག་པའི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་ཐད་བྱས་རྗེས་རླབས་ཆེན་བཞག་པ་དེར་བསྔགས་བརྗོད་ཞུ་ཡི་ཡོད། ཐའེ་ཝན་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་དཀའ་རྙོག་ཅན་དང་ཁག་པོ་ཞིག་ཡོད་ཀྱང་། ངོས་རང་གི་བསམ་པར་མི་མང་བར་གྱི་མྱོང་བ་བརྗེ་ལེན་གྱིས་མཚོན་པའི་ཐབས་ལམ་བརྒྱུད་ཕྱོགས་གཉིས་ཀས་འབྲེལ་ལམ་བཟང་པོ་སྐྱོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འཚམས་འདྲི་ཞུས་པའི་ནང་། སྲིད་འཛིན་མཆོག་གི་དབུ་ཁྲིད་འོག  ཐའེ་ཝན་མི་མང་ཁྲོད་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་། དམངས་གཙོའི་ལམ་ལུགས་སྲ་བརྟན་བཅས་ཀྱི་ལས་དོན་ཐོག་འགོ་ཁྲིད་ཀྱི་ནུས་པ་གཟེངས་སུ་ཐོན་པར་ངས་ཡི་རངས་བསྔགས་བརྗོད་ཞུ།  ཐེངས་འདིར་ལྕམ་སྐུ་མཆོག་སླར་ཡང་སྲིད་འཛིན་དུ་བདམས་པ་དེ་ནི་མི་མང་གིས་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་པ་གསལ་འདོན་བྱས་པ་མཚོན་ཐུབ། ཅེས་དང་། ཐའེ་ཝན་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད།  ཅེས་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པའི་ནང་། རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་ཐའེ་ཝན་མི་མང་རྣམས་དམངས་གཙོའི་ལམ་བཟང་ཐོག་འགྲོ་རྒྱུར་གནོན་ཤུགས་སྤྲོད་བཞིན་ཡོད་ནའང་། ད་རེས་རྒྱལ་ཡོངས་འོས་བསྡུའི་སྐབས་ཐའེ་ཝན་དམངས་གཙོ་ཡར་རྒྱས་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ལས་ཐོག་ལྕམ་སྐུ་ཚའེ་ཡེན་ཝུན་མཆོག་ལ་ཐའེ་ཝན་ལོ་རྒྱུས་ཁྲོད་འོས་ཤོག་མང་ཤོས་ཐོབ་སྟེ་སྲིད་འཛིན་ལ་བསྐྱར་དུ་བདམས་ཐོན་བྱུང་བ་དེས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད།ཁྱེད་ལ་རྒྱལ་ཁ་ཐོབ་པ་དེས་ཁྱེད་ཀྱི་ཡང་དག་པའི་འགོ་འཁྲིད་དང་། ཁྱེད་ཀྱིས་ཐའེ་ཝན་ནང་མང་གཙོའི་གཞུང་གི་སྣེ་འཁྲིད་རྒྱུར་དམ་བཅའ་བརྟན་པོ་ཡོད་པ་ར་སྤྲོད་བྱུང་ཡོད། ཐའེ་ཝན་མི་མང་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་ངལ་ཡོད་ཚད་ལ་གདོང་ལེན་གནང་སྟེ། ཐའེ་ཝན་གྱི་མ་འོངས་པའི་ཡར་རྒྱས་ཆེད་རང་དབང་དང་ལྡན་པའི་འཛིན་སྐྱོང་གནང་མཁན་བརྟན་པོ་ཞིག་བདམས་པར་ངས་ཐའེ་ཝན་མི་མང་རྣམས་ལའང་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཐེ་ཝན་མི་མང་རྣམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ཐའེ་ཝན་ནང་ཐེངས་ཁ་ཤས་གདན་འདྲེན་ཞུས་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༦ རྗེས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་༸གོང་ས་མཆོག་ཐའེ་ཝན་དུ་ཕེབས་རྒྱུར་འགོག་རྐྱེན་བཟོས་ཡོད་སྟབས། ངས་༸གོང་ས་མཆོག་ལ་དད་པ་ཆེན་པོ་ཡོད་པའི་ཐའེ་ཝན་མི་མང་གི་ཁེ་ཕན་ཆེད་འགོག་རྐྱེན་དེ་མེད་པ་བཟོ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་མཚུངས་ཐའེ་ཝན་གཞུང་མང་གཉིས་ནི་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་མིར་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། ཁྱེད་ཀྱི་འགོ་འཁྲིད་འོག་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། ང་ཚོས་རྒྱ་ནག་གཞུང་གི་རྩ་ཁྲིམས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད། ཅེས་སོགས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༡༣

Leave a Reply

One thought on “ལྕམ་ཚའེ་ཡེན་ཝུན་མཆོག་ལ་འཚམས་འདྲི་མཛད།