ཨ་རྒྱའི་ཚོང་དམག་གྲོས་ཆོད་རིམ་པ་དང་པོར་མཚན་རྟཊ་རྒྱག་འཆར་འདུག

ཉེ་སྔོན་ཨ་རྒྱའི་ཚོང་དོན་སྐུ་ཚབ་བར་གྲོས་མོལ་བྱས་ཏེ་རྒྱ་ནག་གིས་ཨ་རིའི་ས་ནས་ཨ་སྒོར་ཐེར་འབུམ་ ༢༠༠ ལྷག་གི་ཚོང་ཟོག་ཉོ་རྒྱུ་ཁས་ལེན་བྱས་པ་དེ་རྒྱ་གཞུང་གིས་སྦེད་གསང་བྱེད་ཀྱི་ཡོད་འདུགདེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་འདིའི་ནང་ཚུད་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཁེ་གཉིས་ཀྱིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་། ཟླ་སྔོན་མའི་ཕྱི་ཚེས་ ༡༣ ཉིན་གྲོས་འཆམ་བྱུང་བའི་ཨ་རྒྱའི་ཚོང་དམག་གྲོས་ཆོད་རིམ་པ་དང་པོ་དེར་མོས་མཐུན་མཚན་རྟགས་བརྒྱབ་རྒྱུ་ཡིན་འདུག་པ་དང་། གྲོས་ཆོད་གཞིར་བཟུང་རྒྱ་ནག་གིས་ཨ་རི་ནས་ཨ་སྒོར་ཐེར་འབུམ་ ༢༠༠ ལྷག་གི་ཚོང་ཟོག་ཉོ་རྒྱུ་ཁས་ལེན་བྱས་ཡོད་འདུག

ཁ་སང་ཨ་རིའི་ཚོང་འབྲེལ་སྐུ་ཚབ་རོ་བྷར་ཊི་ལི་ཐི་ཛར་གྱིས་ཨ་རིའི་ཕོག་སི་ཚོང་དོན་གསར་ཁང་ལ། ད་ལན་གྱི་ཚོང་དོན་གྲོས་ཆོད་དེ་ནི་ཨ་རྒྱའི་ཚོང་འབྲེལ་ལ་མཚོན་ན་གོམ་པ་ཆེན་པོ་ཞིག་ཡིན་པ་མ་ཟད། ཨ་རིར་མཚོན་ན་ཁེ་བཟང་ཆེན་པོ་ཞིག་ཡིན་སྐོར་དང་། ཨ་རིའི་ངོས་ནས་རྒྱ་ནག་གིས་གྲོས་ཆོད་ནང་ཁས་ལེན་བྱས་པ་གཞིར་བཟུང་བསྐྱོད་རྒྱུར་རེ་འདོད་བྱེད་ཀྱི་ཡོད་པ་དང་། གལ་ཏེ་རྒྱ་ནག་གིས་དེ་ལྟར་མ་བྱས་ཚེ་ཨ་རིའི་ངོས་ནས་དེར་བསྟུན་གྱི་རྒོལ་ལན་སློག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཡིན་ན་ཡང་། རྒྱ་ནག་གཞུང་འབྲེལ་ཚོང་དོན་ཉིན་རེའི་ཚགས་པར་གྱི་སྤྱི་ཚོགས་དྲ་གནས་ཐོ་རན་ཞེས་པའི་ནང་། ང་ཚོས་ཚོང་དམག་ད་དུང་ཐག་ཆོད་མེད་པ་སེམས་ལ་ངེས་དགོས། ཨ་རིས་ད་དུང་ཡང་རྒྱ་ནག་ཐོག་བཀལ་བའི་རྒྱལ་ཁྲལ་ཆ་ཚང་གུ་ཡང་བཏང་མེད་ལ། རྒྱ་ནག་ངོས་ནས་ཀྱང་ཕར་རྒོལ་སྲིད་བྱུས་ལག་བསྟར་བྱེད་མུས་རེད། འབྱུང་འགྱུར་གང་འདྲ་ཆགས་མིན་ད་དུང་ངེས་གཏན་མེད་པ་རེད། ཅེས་བཀོད་འདུག

ཨ་རྒྱའི་ཚོང་དོན་གྲོས་མོལ་ནང་ཞུགས་པའི་འབྲེལ་ཡོད་གཞུང་འབྲེལ་མི་སྣས་ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་དང་རུ་ཊར་གསར་ཁང་ལ་བརྗོད་གསལ་ལྟར་ན། ཨ་རྒྱ་གཉིས་ཀྱིས་མོས་མཐུན་མཚན་རྟགས་བརྒྱབ་ལ་ཉེ་བའི་ཚོང་དོན་གྲོས་ཆོད་དེ་གཞིར་བཟུང་། རྒྱ་ནག་གིས་འབྱུང་འགྱུར་ལོ་གཉིས་ནང་ཨ་རིའི་ས་ནས་ཨ་སྒོར་ཐེར་འབུམ་ ༧༥ ཡི་བཟོ་སྐྲུན་ཚོང་ཟོག་དང་། ཨ་སྒོར་ཐེར་འབུམ་ ༥༠ ཡི་གློག་ནུས། དེ་བཞིན་ཨ་སྒོར་ཐེར་འབུམ་ ༤༠ ཙམ་གྱི་ཞིང་ལས་ཐོན་རྫས་དང་། ཨ་སྒོར་ཐེར་འབུམ་ ༣༥ ནས་ ༤༠ བར་གྱི་ཞབས་ཞུའི་ཐོན་རིགས་ཉོ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། གྲོས་ཆོད་དེས་རྒྱ་ནག་གིས་ཨ་རིའི་བཟོ་སྐྲུན་ཤེས་བྱ་རྐུ་འཁྱེར་སོགས་དྲང་བདེན་མ་ཡིན་པའི་ཚོང་འབྲེལ་རིགས་བཀག་འགོག་བྱས་ཏེ། ཨ་རིའི་ཚོང་དོན་ཁེ་ཕན་རིགས་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོང་གི་ཡོད་འདུག

ཨ་རྒྱའི་ཚོང་དམག་ཛ་དྲག་ཏུ་འགྲོ་བཞིན་པ་དང་བསྟུན། འདས་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རིའི་གཞུང་ནས་རྒྱ་ནག་གིས་ཨ་རིའི་ཚོང་ཟོག་གི་རིན་འབབ་ཁེ་པོ་བཟོ་ཆེད་རྒྱ་སྒོར་གྱི་འཛའ་ཐང་མར་གཅག་སྟེ། ཕྱིའི་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ཚོང་ཟོག་ཉོ་རྒྱུར་སྐུལ་མ་བྱེད་པ་དང་། རྒྱ་སྒོར་སྤྱད་དེ་ཨ་སྒོར་ཚུད་པའི་ཕྱིའི་རྒྱལ་ཁབ་ཀྱི་དངུལ་སྒོར་ཉོ་ཡི་ཡོད་སྐོར་བརྗོད་དེ། རྒྱ་ནག་དེ་རྒྱལ་སྤྱིའི་དངུལ་ཐང་ལ་གཡོ་སྒྱུ་འཁྲབ་མཁན་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཅུག་པར་བརྟེན། ཨ་རྒྱའི་ཚོང་དམག་གི་གནས་སྟངས་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད་ཀྱང་། ཉེ་ལམ་ཞིག་ནས་རྒྱ་ནག་གིས་ཨ་རིའི་འདོད་དོན་ལྟར་ཨ་རིའི་ས་ནས་ཞིང་ལས་ཐོན་སྐྱེད་སོགས་ནང་འདྲེན་བྱ་རྒྱུར་མོས་མཐུན་ཡོད་པའི་རྣམ་པ་བསྟན་པ་མ་ཟད། ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྔར་བས་ཅུང་བཟང་དུ་འགྲོ་བཞིན་པ་དང་བསྟུན། ཁ་སང་ཨ་རིས་རྒྱ་ནག་རྒྱལ་སྤྱིའི་དངུལ་ཐང་ལ་གཡོ་སྒྱུ་འཁྲབ་མཁན་གྱི་རྒྱལ་ཁབ་ཀྱི་མིང་ཐོ་ནས་མར་བཏོན་ཡོད་འདུག

གཞན་ཡང་། ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་དེང་སྐབས་རྒྱ་ནག་གིས་རྒྱ་ནག་ནང་ལོག་ཏུ་ཨ་རྒྱའི་ཚོང་དམག་སྐོར་གྱི་གནས་ཚུལ་རིགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་སྤེལ་བའི་ནང་། ཟླ་སྔོན་མའི་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གི་ཚོང་འབྲེལ་སྐུ་ཚབ་རྣམས་ཀྱིས་ཚོང་དོན་གྲོས་ཆོད་རིམ་པ་དང་པོ་དེར་གྲོས་འཆམ་བྱུང་བའི་གསར་འགོད་གསལ་བསྒྲགས་སྤེལ་རྗེས། རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་དེའི་སྐོར་གསལ་བཤད་གང་ཡང་བྱས་མེད་པ་མ་ཟད། ད་ལན་གྱི་གྲོས་ཆོད་ནང་རྒྱ་ནག་གིས་ཨ་རིའི་ས་ནས་རིན་འབབ་ཅི་ཙམ་གྱི་དངོས་ཟོག་ཉོ་རྒྱུའི་སྐོར་ལའང་གང་ཡང་བཤད་མེད་འདུག

གཞན་ཡང་དུས་རྒྱུན་གླེང་སློང་ཤུགས་ཆེན་བྱེད་མཁན་གྱི་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དང་། མི་མང་ཉིན་རེའི་ཚགས་པར། རྒྱ་ནག་དབུས་བརྙན་འཕྲིན་ཁང་བཅས་ཀྱིས་ཀྱང་ད་ལན་གྱི་གྲོས་ཆོད་སྐོར་གྱི་གནས་ཚུལ་གང་ཡང་བཀོད་མེད་འདུག དེ་བཞིན་ཉེ་ཆར་རྒྱ་ནག་གི་གོ་ལའི་དུས་བབ་(Global times) ཀྱི་དབྱིན་ཡིག་ཚན་པས་ཨ་རྒྱའི་ཚོང་དོན་གྲོས་ཆོད་དང་པོ་ལེགས་གྲུབ་བྱུང་ཡོད་སྐོར་བཀོད་པ་ཙམ་ལས། རྒྱ་ཡིག་གི་ཚན་པའི་ནང་གང་ཡང་བཀོད་མེད་སྐོར་དང་། རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ཊི་ཝི་ཊར་ནང་སྤེལ་བའི་ཨ་རྒྱའི་ཚོང་དམག་སྐོར་ཚུད་པའི་གཞུང་གི་ཆོག་མཆན་མེད་པའི་ཚོང་དམག་སྐོར་གྱི་གནས་ཚུལ་རིགས་བཀག་སྡོམ་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༡༤

Leave a Reply

2 thoughts on “ཨ་རྒྱའི་ཚོང་དམག་གྲོས་ཆོད་རིམ་པ་དང་པོར་མཚན་རྟཊ་རྒྱག་འཆར་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རྒྱའི་ཚོང་དམག་ཆབ་སྲིད་ཟློས་གར་ལ།
    རྒྱང་བལྟའི་འོག་ཏུ་འཛམ་གླིང་མི་མང་འཐོམ།
    ཨ་རྒྱ་གཉིས་ཕན་ཚོང་དམག་དུས་རབས་ནང།
    འཛམ་གླིང་མི་མང་འཐོམ་ཞ་གྱོན་ནས་ཞུགས།
    ཧཧཧཧཧཨ་རྒྱ་བདེ་བའི་སྨོན་ལམ་ཡོད།

  2. བསོད་ནམས་རྒྱལ་མཚན།

    ཨ་མེ་རི་ཀ 😂 😂 😂 ཨ་རིའི་ ཚོང་ཟོག་ ཨ་སྒོར་ཐེར་འབུམ་ ༢༠༠ ལམ་ལྷོང་བྱུང་ན་་་ ཨོ་ཧོ་ བོད། ཡུ་གུར། ཧོང་ཀོང་། ཨོཾ་མ་ཎི་པདྨེ་ཧཱུཾ།