དུས་རབས་ ༢༠ པའི་ནོར་འཁྲུལ་རྣམས་ཉེར་གཅིག་པའི་ནང་བསྐྱར་ཟློས་བྱ་རྒྱུ་མེད།

༧གོང་ས་མཆོག་གིས་འཚེ་བ་མེད་ནི་འབོད་སྒྲ་ཙམ་མ་ཡིན་པར་སེམས་གཏིང་ནས་སྙིང་རྗེ་སྐྱེས་ཏེ་འཚེ་བ་མེད་པ་ལག་ལེན་བྱེད་རྒྱུ་གལ་ཆེན་ཡིན་ལ། སྙིང་རྗེ་ནི་དད་པའི་དབང་དུ་ཕྱིན་ནས་བྱེད་རྒྱུ་ཞིག་མ་ཡིན་པར་དཔྱད་པ་བཏང་ནས་བྱེད་དགོས་ཡོད་ཅེས་གསུངས་འདུགདེ་རིང་ཕྱི་ཚེས་ ༡༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་ཚོང་ལས་དོ་དམ་ཤེས་ཡོན་ལྟེ་གནས་ཁང་(Indian Institute of Management)གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཤེས་ཡོན་ལྟེ་གནས་ཁང་དེའི་དགེ་ལས་སློབ་ཕྲུག་ཡོངས་དང་གསར་འགོད་པ་བཅས་ལ་རྒྱ་གར་གྱི་གནའ་བོའི་བསམ་བློའི་རིན་ཐང་སྐོར་ལ་བཀའ་སློབ་གསུང་བཤད་གནང་སྐབས། ད་ལྟའི་སློབ་གསོའི་ལམ་ལུགས་ནང་འགྲོ་བ་མི་གཅིག་གྱུར་དང་དཔལ་ནཱ་ལནྡྲ་ནས་བརྒྱུད་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་མང་ཙམ་འཇོག་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༧གོང་ས་མཆོག་གིས། ངོས་རང་ལ་རང་ཉིད་ཀྱི་མི་ཚེའི་ཉམས་མྱོང་དང་འབྲེལ་ཁྱེད་ཅག་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་བྱུང་། ཐོག་མར་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་དང་སེམས་ཅན་གཞན་ནང་ལྟར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོས་པ་ཤ་སྟག་ཡིན། འོན་ཀྱང་། འཛམ་གླིང་འདིའི་སྒང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མར་གཙོ་བོ་རང་ཉིད་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། དེ་ནི་སེམས་སྐྱོ་དགོས་པ་ཞིག་རེད། ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་འདོད་ཀྱི་མེད་ནའང་། སེམས་གུ་དོག་པ་དང་མཐོང་རྒྱ་ཞན་པའི་རྐྱེན་གྱིས་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོ་བཞིན་ཡོད། གང་ལྟར་ཡང་། ཚན་རིག་པ་ལྟར་ན་ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པས། སོ་སོའི་སྤྱི་ཚོགས་ཀྱི་དཀའ་ངལ་ལ་དོ་འཁུར་བྱེད་བཞིན་ཡོད་ལ། མི་སྒེར་ཞིག་གི་བདེ་སྐྱིད་ནི་ཁོ་གནས་སྡོད་བྱེད་སའི་སྤྱི་ཚོགས་ཧྲིལ་པོར་རག་ལས་ཀྱི་ཡོད། ད་ལྟ་འཛམ་གླིང་ནང་འཕྲུལ་རིག་དར་སྤེལ་འབྱུང་བཞིན་ཡོད་སྟབས་འཛམ་གླིང་ཧྲིལ་པོ་ཚོགས་སྡེ་གཅིག་ནང་བཞིན་ཆགས་ཡོད། འོན་ཀྱང་། ད་ལྟ་ང་ཚོ་ཚོགས་སྡེ་གཅིག་གི་ཁོངས་གཏོགས་ཡིན་མིན་ལ་མ་ལྟོས་པར་ཁྱོད་དང་ང་ཞེས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། འགྲོ་བ་མིའི་ལོ་རྒྱུས་ནང་སེམས་ཅན་གཞན་གྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་དམག་འཁྲུག་གི་ཁེངས་བསྡད་ཡོད། སེམས་ཅན་གྱི་ལོ་རྒྱུས་ནང་དམག་འཁྲུག་ཞེས་པ་ཞིག་མེད། ད་ལྟ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སྡོད་ཀྱི་ཡོད་པ་རེད་དེ། བསམ་བློ་གཏོང་སྟངས་ཀྱི་ཆ་ནས་མཚོན་ཆ་མང་པོ་བེད་སྤྱད་ཀྱིས་གསོད་རེས་བྱེད་བཞིན་པ་སོགས་ང་ཚོ་ད་དུང་ཡང་དུས་རབས་ཉི་ཤུའི་ནང་བསྡད་ཡོད་པའི་བཟོ་འདྲ་པོ་འདུག་པས། དུས་རབས་ཉེར་གཅིག་པ་འདིའི་ནང་ང་ཚོས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། ཝི་ཏི་ནམ་གྱི་དམག་འཁྲུག་སོགས་དྲག་པོའི་ལམ་དུ་ཕྱིན་པའི་དུས་རབས་ཉི་ཤུའི་ནོར་འཁྲུལ་བསྐྱར་ཟློས་བྱ་རྒྱུ་མེད། སེམས་ཅན་གཞན་མ་ཡིན་པར་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་། ང་ཚོས་དངུལ་མང་པོ་མཚོན་ཆའི་ཐོག་གཏོང་གི་ཡོད་པ་དེ་ནི་སེམས་སྐྱོ་དགོས་པ་ཞིག་རེད། དུས་རབས་ཉི་ཤུའི་ནང་དེ་འདྲ་བྱུང་བ་རེད། འོན་ཀྱང་། དེ་ནི་འདས་ཟིན་པ་ཞིག་རེད། ད་ལྟ་ང་ཚོས་འགྲོ་བ་མིའི་སྤྱི་ཚོགས་ནང་ཞི་བདེ་དང་མཐུན་སྒྲིལ་ཐོག་བསམ་བློ་གཏོང་དགོས་ཡོད། ཅེས་གསུངས།བྱམས་སྙིང་རྗེ་ནི་དཔལ་ནཱ་ལནྡྲའི་མཁས་དབང་ཚོ་དང་སངས་རྒྱས་ཡིན་ཕྱིར་བརྟག་དཔྱད་བཏང་ནས་བྱེད་དགོས་གསུངས་ཡོད་པ་ལས་དད་པའི་དབང་གིས་བྱེད་མི་རུང་བའི་སྐོར་ལ་ཁོང་གིས། རྒྱ་གར་ནང་རླབས་ཆེ་བའི་བསམ་བློ་བ་མང་པོ་སྐྱེད་སྲིང་བྱེད་ཐུབ་ཡོད། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་སྲོལ་རྒྱུན་རིག་གནས་འཚེ་མེད་དང་སྙིང་རྗེ། དཔྱད་སྒོམ་སོགས་ནི་ད་ལྟ་འཛམ་གླིང་འདི་ལ་དགོས་མཁོ་ཤིན་ཏུ་ཆེ་ལ། དེ་ལ་དང་པོ་ཁྱེད་རང་ཚོ་དགེ་རྒན་དང་སློབ་ཕྲུག་རྣམ་པ་དབུས་པའི་རྒྱ་གར་ནང་ལ་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་སྤྱང་བརྩོན་བྱེད་དགོས་ཀྱི་འདུག འཚེ་བ་མེད་ནི་འབོད་སྒྲ་ཙམ་མ་ཡིན་པར་སེམས་གཏིང་ནས་སྙིང་རྗེ་སྐྱེས་ཏེ་འཚེ་བ་མེད་པ་ལག་ལེན་བྱེད་རྒྱུ་གལ་ཆེན་ཡིན། སྙིང་རྗེ་ནི་དད་པའི་དབང་དུ་ཕྱིན་ནས་བྱེད་རྒྱུ་ཞིག་མ་ཡིན་པར་དཔྱད་པ་བཏང་ནས་བྱེད་དགོས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས། ང་ཚོར་ནཱ་ལནྡྲ་དང་ལེགས་སྦྱར་གྱི་རིག་གཞུང་དེ་དག་ཡོད། སངས་རྒྱས་ཀྱིས་ཀྱང་རང་ཉིད་ཀྱི་རྗེས་འབྲང་བ་ཚོར་སངས་རྒྱས་ཀྱི་ཆོས་ལ་དད་པའི་དབང་གིས་མ་ཕྱིན་པར་རིག་པས་བརྡར་ཤ་མཐིལ་ཕྱིན་པ་བཅད་ནས་འགྲོ་རྒྱུ་གལ་ཆེན་ཡིན་གསུངས་ཡོད། ཅེས་གསུངས་འདུགདེའི་རྗེས་དྲི་བ་དྲི་ལན་གནང་སྐབས་ང་ཚོ་ཚང་མ་གཅིག་ལ་གཅིག་རྟེན་ཡིན་ནའང་སེམས་ཅན་གཞན་ཕུད་པའི་འགྲོ་བ་མི་ཚང་མ་གཅིག་ཡིན་པའི་འདུ་ཤེས་གང་འདྲ་ཡོང་དགོས་སྐོར་དྲིས་པར་༧གོང་ས་མཆོག་གིས། གལ་སྲིད་ཁྱེད་ཀྱིས་བྱིས་པ་གཅིག་ལ་སྐད་ཆ་དྲིས་པ་ཡིན་ན། བྱིས་པ་དེས་བྱིས་པ་གཞན་ལ་འཛུམ་མདང་སྟོན་པ་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་གཅིག་མཚུངས་ཆགས་ཀྱི་ཡོད། ཁོ་ཚོས་ཁྱེད་ཀྱི་ཆོས་ལུགས་དང་རྒྱལ་ཁབ་གང་ཡིན་བཅས་ཀྱི་སྐོར་ལ་སྐད་ཆ་མི་འདྲི། འོན་ཀྱང་། ཁོ་ཚོ་རིམ་བཞིན་སློབ་གྲྭར་ཞུགས་པ་དང་རྒྱལ་ཞེན་དང་ཆོས་ལུགས་དབྱེ་འབྱེད་ཀྱི་ཀུན་སློང་ཡོང་གི་ཡོད། གཞི་རྩའི་བྱིས་པའི་རང་བཞིན་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོད། ད་ལྟའི་སློབ་གསོའི་ལམ་ལུགས་ནང་འགྲོ་བ་མི་གཅིག་གྱུར་དང་དཔལ་ནཱ་ལནྡྲ་ནས་བརྒྱུད་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་མང་ཙམ་འཇོག་རྒྱུ་གལ་ཆེན་པོ་རེད། བྱིས་པ་སློབ་གྲྭར་ཞུགས་པ་ནས་རྒྱལ་ཞེན་དང་ཆོས་ལུགས་དབྱེ་འབྱེད་ཀྱི་ལྟ་བའི་འོག ང་ཚོ་དང་ཁོ་ཚོ་ཞེས་པའི་བསམ་བློ་ཤུགས་ཆེན་འཕེལ་གྱི་ཡོད། དེར་བརྟེན། ད་ལྟའི་སློབ་གསོའི་ལམ་ལུགས་ནང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་གྱུར་ཡིན་པའི་སློབ་ཚན་འཇོག་རྒྱུ་གལ་ཆེན་པོ་རེད་ལ། འཛམ་གླིང་གི་ཚོགས་སྡེ་གང་ཞིག་གི་མ་འོངས་པ་དེ་འཛམ་གླིང་གི་མི་ཚང་མའི་མ་འོངས་པ་དང་འབྲེལ་བ་ཡོད། ངོས་ནས་ནམ་རྒྱུན་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་བསམ་བློ་དང་ལུས་པོ། ཚོར་བའི་ཐོག་ནས་གཅིག་ཡིན་པ་རྗོད་བཞིན་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༡༤

Leave a Reply