ཨ་ཉ་སེང་སྒྲར་ཁྲིམས་བཤེར་ཐེངས་གཉིས་པ་བྱ་རྒྱུ་ཡིན་འདུག

མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཨ་ཉ་སེང་སྒྲ་ལགས་སོགས་ཀྱི་ཁྲིམས་བཤེར་ཐེངས་གཉིས་པའི་གྱོད་ཡིག་ལ་ལྟ་ཞིབ་གནང་རྒྱུ་ཡིན་པ་དང་ཁོང་གི་ཁྲིམས་རྩོས་པས་ཁྲིམས་བཤེར་ཐེངས་གཉིས་པར་ཅུང་དྲང་བདེན་གྱི་མཇུག་འབྲས་ཤིག་འཐོབ་པར་རེ་བ་རྒྱག་བཞིན་ཡོད་སྐོར་བརྗོད་འདུག
དེ་རིང་ཞོགས་པར་ལྐོག་ཟ་རུལ་སུངས་ཐེར་འདོན་པ་དང་འབྲོག་མིའི་ཐོབ་ཐང་རྩོད་ལེན་པ་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ཆི་ལི་ལགས་ཀྱིས་སྒེར་གྱི་སྐད་འཕྲིན་དྲ་གནས་སུ། ཁོང་དང་ཁྲིམས་རྩོད་པ་སྟག་ལྷ་གཉིས་མགོ་ལོག་རྨ་ཆེན་རྫོང་གནམ་ཐང་དུ་འབྱོར་ཡོད་པ་དང་། མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཨ་ཉ་སེང་སྒྲ་ལགས་སོགས་ཀྱི་ཁྲིམས་བཤེར་ཐེངས་གཉིས་པའི་གྱོད་ཡིག་ལ་ལྟ་ཞིབ་གནང་རྒྱུ་ཡིན་པ་དང་། ཁྲིམས་བཤེར་ཐེངས་དང་པོའི་སྐབས་ཁོང་ཚོ་ཉེས་ཅན་རན་རོགས་ཡིན་ལུགས་བརྗོད་པ་ངེས་གཏན་བྱུང་མེད་པ་དང་། བོད་རིགས་ཞུ་གཏུག་པར་རྡུང་རྡེག་གནོད་འཚེ་བཏང་ཡོད་པ་གསལ་པོ་ཡིན་ལ།  གྱོད་དོན་དངོས་དང་བཅའ་ཁྲིམས་བཀོལ་སྤྱོད་ལ་ནོར་འཁྲུལ་བྱུང་ཡོད།  ཁྲིམས་བཤེར་ཐེངས་གཉིས་པར་ཅུང་དྲང་བདེན་གྱི་མཇུག་འབྲས་ཤིག་འཐོབ་པར་རེ་བ་རྒྱག་བཞིན་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་མགོ་ལོག་དགའ་བདེ་རྫོང་འབྲིང་རིམ་ཁྲིམས་ཁང་གིས་ཨ་ཉ་སེང་སྒྲ་ལགས་སུ་ཁྲིམས་བཤེར་བཅད་ཁྲ་བཏང་སྟེ། ཨ་ཉ་སེང་སྒྲ་ལགས་གཙོ་བོར་གྱུར་བའི་མི་ ༨ ལ་ཉིན་གྲངས་གཉིས་རིང་ཁྲིམས་བཤེར་བྱས་པ་བརྒྱུད། སྤྱི་ཚོགས་དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་སྒྲིག་གཞིར་གཏོར་བཤིག་གཏོང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ཨ་ཉ་སེང་སྒྲ་ལགས་སུ་ལོ་ ༧ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཨ་ཉ་སེང་སྒྲ་མཉམ་དུ་ཁྲིམས་བཤེར་བྱས་པའི་མི་བདུན་དེའི་སྐོར་གང་ཡང་གསལ་མེད་པ་དང་། སྐབས་དེར་ཨ་ཉ་སེང་སྒྲ་ལགས་ནས་ཁོང་གིས་ནག་ཉེས་གང་ཡང་བཟོས་མེད་པ་བརྗོད་དེ་ཁྲིམས་ཆད་དྭང་ལེན་གནང་མེད་པ་རེད།

སྔར་ལོའི་ཕྱི་ཟླ་ ༡༡ ནང་ཨ་ཉ་སེང་སྒྲ་ལགས་སུ་ཁྲིམས་གཤེར་འགོ་འཛུགས་མ་གནང་བའི་གོང་གི་ཉིན་གསུམ་སྔོན་ལ་རྒྱ་ནག་གཞུང་གིས་ཁོང་གི་ཁྲིམས་རྩོད་པ་ཆེད་འགུག་གིས་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། ཕྱིས་སུ་ཁྲིམས་རྩོད་པས་སྒེར་གྱི་ཊི་ཝི་ཊར་ཐོག འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ཉིན་གྲངས་ ༣ དང་ཕྱེད་རིང་དགའ་བདེ་རྫོང་ཉེན་རྟོག་ཁང་གིས་ཁྲིམས་བཤེར་གྲ་སྒྲིག་གི་ཚོགས་འདུ་བསྡུས་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་དགའ་བདེ་རྫོང་ཉེན་རྟོག་ཁང་གི་གྱོད་དོན་ལག་བསྟར་བ་རྡོ་རྗེ་ཚེ་རིང་ཟེར་བ་དེས་ཁོང་ལ་ཁ་པར་ཡོང་སྟེ། ཨ་ཉ་སེང་སྒྲའི་གྱོད་དོན་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་ཐོ་འགོད་དགོས་སྐོར་བརྗོད་ཡོད་ཀྱང་ཁོང་གིས་དྭང་ལེན་གནང་མེད་སྐོར་དང་། ཕྱིས་སུ་ཡང་བསྐྱར་མི་དེས་ཁ་པར་ཡོང་སྟེ། དེ་སྔོན་ཨ་ཉ་སེང་སྒྲ་ཡིས་གནས་ཚུལ་རྫུན་བཟོ་བྱས་ཡོད་པའི་དོགས་གཞི་དེ། ཉེས་དོན་ཞིབ་བཤེར་ཁང་གིས་ཁྲིམས་ཁང་ལ་ཡར་ཞུ་བྱས་མེད་སྟབས། གནད་དོན་དེར་རྒྱུས་ལོན་དགོས་སྐོར་བརྗོད་ཡོད་ཀྱང་ཁོང་གིས་དྭང་ལེན་གནང་མེད་སྐོར་དང་། ཁྲིམས་བཤེར་གྲ་སྒྲིག་གི་ཚོགས་འདུའི་ཐོག་ཏུ་མི་བཅུ་ཡོད་ཀྱང་། དེའི་ཁྲོད་ནས་ཁྲིམས་རྩོད་པ་ཁོང་དང་ཨ་ཉ་སེང་སྒྲ་གཅིག་པུས་ཉེས་འཛུགས་དྭང་ལེན་གནང་མེད་ལ། ཁོང་གཉིས་ཀྱི་ངོས་ནས་གནས་ཚུལ་རྫུན་བཟོ་བྱས་པའི་ནག་ཉེས་ཡོད་པ་ཞིག་ལ་གཏན་ནས་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་གྱི་ཕྱི་དྲོར་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་གིས། ཨ་ཉ་སེང་སྒྲ་ལགས་འཛིན་བཟུང་བྱས་ཏེ་ཟི་ལིང་གི་གྲོ་ཚང་བཀག་ཉར་ཁང་དུ་བཅུག་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༡༢ དང་། ཟླ་ ༡༠ ཚེས་ ༢༡ བཅས་སྔ་གཞུག་ཏུ་ཁོང་གི་བཟའ་ཟླ་དང་གཉེན་ཉེ། ཁྲིམས་རྩོད་པ་བཅས་དགའ་བདེ་རྫོང་ཉེན་རྟོག་ཁང་དུ་ཁོང་ལ་ཐུག་པར་ཕྱིན་ཡོད་ཀྱང་།  ཉེན་རྟོག་པས་ཐུག་ཏུ་བཅུག་མེད་པ་དང་།  ཕྱིས་སུ་ཁོང་གི་ཁྲིམས་རྩོད་པས་ཐུག་འཕྲད་བྱེད་སྐབས་ཨ་ཉ་སེང་སྒྲའི་གཟུགས་པོའི་གནང་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༩ པའི་ནང་མགོ་ལོག་རྐྱང་ཆད་ཡུལ་ཚོའི་ས་གནས་མི་མང་རྣམས་ཀྱིས། རྒྱ་ནག་གི་ཁྲིམས་འཛིན་ལས་ཁུངས་དང་དེ་འབྲེལ་གྱི་མགོ་འཁྲིད་རྣམས་ལ་ཨ་ཉ་སེང་སྒྲ་ལགས་ཀྱིས་མི་མང་གིས་ཚབ་བྱས་ཏེ། གཞུང་ནས་སྡོད་ཁང་གི་དངུལ་སྒོར་སོགས་རྩིས་སྤྲོད་བྱེད་དགོས་པ་རེ་ཞུ་བྱས་པ་ཙམ་ཡིན་པས། ཁོང་ལ་མནར་གཅོད་དང་གཅར་རྡུང་སོགས་མེད་པར་མྱུར་ཏུ་ཀློད་གློལ་གཏོང་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་པ་རེད།

མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པའི་ཨ་ཉ་སེང་སྒྲ་ལགས་ལ་རྒྱ་ནག་གཞུང་གིས་ཉེས་འགེལ་གྱིས་འཛིན་བཟུང་བྱས་པ་ཐེངས་གཅིག་ཙམ་མིན་པར། ཕྱི་ལོ་ ༢༠༡༤ ལོར་ཁོང་ས་གནས་སྲིད་གཞུང་གི་མགོ་འཁྲིད་དུ་འོས་འདེམས་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སེང་སྒྲ་ལགས་དེ་སྔ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་ལུགས་སོགས་བཤད་དེ་རྩིས་མེད་བཏང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༡༥

Leave a Reply